རྡོ་རྗེ་རིན་ཆེན།
འདས་པའི་ལོ་བཅུ་གོང་ནས་རྒྱ་གཞུང་གིས་བོད་ཀྱི་མཁས་པ་དང་ཕུལ་བྱུང་མི་སྣ། བོད་ཀྱི་རིག་གཞུང་དང་ མི་རིགས་སྙིང་སྟོབས་བཅས་ལ་སེམས་ངན་ཞེ་བཅངས་ཀྱིས་རྩ་མེད་གཏོང་བའི་རྣམ་འགྱུར་ཞིག་གསལ་བོར་མངོན་བཞིན་ཡོད། དེའི་ཁྲོད་ནས་སྐུ་ཞབས་ཞོགས་དུང་ཡང་གཅིག་རེད། ད་རེས་ང་ཚོས་ཕྱོགས་ཡོངས་ནས་ཞོགས་དུང་བཀག་ཉར་གྱི་རང་བཞིན་ལ་བློས་མི་བཟོད་པའི་ངང་འགན་འཁུར་དགོས། ཞོགས་དུང་གི་མི་གཞི་ཇི་ལྟར་ཡིན་མིན་དེ་གཙོ་བོ་མ་རེད། ཡང་གཅིག་བཤད་ན། བསམ་པ་བཟང་པོས་མཆིལ་ལྷམ་ཞིག ། གཅིག་གིས་སྟོན་པའི་དབུ་ལ་བཞག ། གཅིག་གིས་དེ་ཉིད་བསལ་བྱས་པས། ། གཉིས་ཀ་རྒྱལ་སྲིད་ཐོབ་པར་གྱུར། ། ཅེས་པ་ལྟར། ཆར་ཞོད་ཁྲོད་ཀྱི་འཇིམ་སྐུ་ཞིག་ལ་ཆར་བས་གནོད་པར་དོགས་ནས། མི་ཞིག་གིས་མཆིལ་ལྷམ་རལ་བ་ཞིག་ སྟོན་པའི་དབུ་ལ་གཡོགས་པ་དང༌། ཡང་མི་ཞིག་གིས་སྟོན་པའི་དབུ་ལ་མཆིལ་ལྷམ་གཡོགས་པ་མཐོང་ནས་དེ་བསལ་བས་གཉིས་ཀ་དགེ་སེམས་དེའི་མཐུས་རྒྱལ་སྲིད་ཐོབ་པའི་ལོ་རྒྱུས་ཡོད། སྟོན་པའི་དབུ་ལ་མཆིལ་ལྷམ་གཡོགས་པ་དེ་ཡང་དག་མིན་ཇི་ལྟར་ཡང༌། དེ་ལྟར་གཡོགས་པ་ནི་མི་དེས་སྟོན་པའི་འཇིམ་སྐུ་དེ་ཉིད་ཆར་བས་བངས་མ་འདོད་པས་རེད། དཔེ་དེ་བཞིན་ཞོགས་དུང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་གླེང་གཞི་བཟོས་པ་ཉིད་ཡང་དག་མིན་ཇི་ལྟར་ཡང༌། དེ་ལྟར་བྱས་པ་ནི་བོད་མི་རིགས་འདི་འགྱེལ་ས་ནས་བཞེངས་ཐུབ་ན་བསམ་པ་རེད།
ད་ལྟ་ཁོང་བཙོན་ཁང་དུ་བཀག་སྐྱིལ་བྱས་པ་ཡང་བོད་མི་རིགས་ཀྱི་ལས་དབང་ཞིག་རྒྱབ་ཏུ་འཁུར་ནས་བྱུང་བ་དང༌། འདི་འདྲའི་རླབས་ཆེ་བའི་མི་བུ་འདིའི་རུས་ཞེན་དང་སྙིང་སྟོབས། ཤེས་ཡོན་བཅས་ལ་མི་བརྩི་ནའང༌། མ་མཐའ་ཡང་ཁོང་བོད་མི་ཞིག་ཡིན་པ་དང༌། དེ་ལས་དམའ་རུ་བཤད་ན་འགྲོ་བ་མི་ཞིག་ཡིན་སྟབས། མི་ཞིག་ལ་དྲང་བཞག་མིན་པའི་གནད་དོན་དང་གདོང་ཐུག་ཚེ། ང་ཐེག་ཆེན་པ་དང༌། ང་སེམས་སྐྱེད་ཀྱི་སྡོམ་ལྡན་པ་ཡིན་པར་ཁས་འཆེ་བ་ཚོ་ཤོད་ཅི་ལ་དགོས། མི་ཆོས་རིང་ལུགས་ཀྱི་ཆ་ནས་བཤད་ནའང་འགྲོ་བ་མིའི་སྐྱོབ་གསོ་དགོས་པ་རེད།
ཞོགས་དུང་བཀག་སྐྱིལ་གྱི་གནད་དོན་འདི་ཁོང་གི་བུ་མོས་བཤད་པ་ལྟར། བརྡ་སྦྱོར་ཡི་གེའི་ནང་རྒྱལ་ཁབ་ཁ་བྲལ་བྱེད་པའི་ཀུན་སློང་འདུག་ཅེས་པ་དེ་ཐོག་ནས་ང་ཚོས་ཤེས་ཐུབ་པ་ནི། མི་རིགས་ཤིག་གི་འཚོ་གནས་གླེང་མཁན་དང༌། བྱེད་ཐབས་འདྲ་མིན་སྤྱད་ནས་ཕུགས་དོན་ཁོང་ཚོ་རང་འདྲར་བསྒྱུར་བའི་རྒྱ་རིགས་ཆེན་པོའི་དབང་སྒྱུར་འོག་བརྒྱ་ལ་བཤད་ཀྱང༌། རྒྱ་མིའི་ཁ་དཔེ་ལྟར། བདག་དང་བསྟུན་ན་དར། བདག་དང་འགལ་ན་རྩ་མེད་གཏོང་ཅེས་པའི་འགྲན་རྒོལ་ཞིག་ལས་ཡོད་སྲིད་དམ། དེ་གཉིས་མིན་པའི་ལམ་དབུ་མ་ཞིག་ཡོད་ན་ནི་ང་ཚོ་གནམ་གྱིས་སྐྱབས་པ་རེད།
དྲང་མོར་བཤད་ན་ཞོགས་དུང་གི་བུ་མོས་ཀྱང་རང་ཉིད་ཀྱི་ཨ་ཕས་དཔེ་ཆ་ཞིག་བྲིས་ཏེ་རང་གི་བསམ་ཚུལ་བཤད་པ་ཙམ་གྱིས་འདི་ལྟར་འཛིན་དགོས་པའི་ཚད་ལ་ཐོན་མི་འདུག་ཚུལ་གྱི་རེ་བ་ཞིག་བཟུང་བའི་གཞི་འཛིན་ས་ཡང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང༌། རྒྱ་ནག་གི་སྤྱི་འབངས་བཅའ་ཁྲིམས། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་བསྟན་དོན་ཁག་ཅིག་ལ་ཡིད་ཆེས་བྱས་ཡོད་པ་འདྲ་ཡང༌། རིག་གནས་གསར་བརྗེ་ཆེན་པོའི་མཇུག་ཙམ་ནས་བཅའ་ཁྲིམས་དེ་དག་ཕྱི་ཚུལ་དང་ཡིག་ཐོག་ཙམ་ལས། ལག་ལེན་དངོས་ཀྱི་ཐོག་ཁྲིམས་ཞིབ་ལྷན་ཚོགས་ཀྱི་དབང་ཆ་དེ་ཏང་གི་སྲིད་ཇུས་སློབ་ སྟོན་བརྒྱུད་ཐག་གཅོད་དགོས་པ་དང༌། ཁྲིམས་དཔོན་ཚོས་དྲང་སྤྱོད་ཐོག་བཅའ་ཁྲིམས་དང་རྩ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་བྱེད་རྒྱུ་དེ་གོང་རིམ་གྱི་བཀོད་སྒྲིག་ལ་བརྟེན་དགོས་སྟབས། རྒྱ་ནག་ནང་ཁུལ་གྱི་དྲང་བདེན་ལ་དགའ་བའི་ཁྲིམས་དཔོན་གང་མང་ཞིག་བྲོས་བྱོལ་ལ་སླེབས་དགོས་པའི་གནད་དོན་ཡང་དེར་ཐུག་ཡོད།
ཡང་གཅིག་བཤད་ན་རྒྱ་ནག་ལ་ཁྲིམས་དཔོན་འབུམ་གཉིས་ལྷག་ཙམ་ཡོད་ཀྱང་མང་ཆེ་བ་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བསྐོ་བཞག་བྱས་པ་ལས་ཁྲིམས་མཐུན་གྱི་སྦྱོར་བརྡར་དང་ཤེས་ཚད་མེད་པ་དང༌། བོད་ཁུལ་གྱི་ཁྲིམས་དཔོན་རྣམས་ནི་དེ་བས་ཀྱང་ཁྲིམས་ལུགས་ཀྱི་སྦྱོང་བརྡར་མེད་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་ཡིན།
འདི་ལྟར་བལྟས་ཚེ་བདེན་པ་ལ་ཁ་གཏད་པའི་སྲིད་དབང་སྒེར་གཅོད་པའི་མདུན་དུ་ཞོགས་དུང་གི་གནས་བབ་འདི་ཡང༌། ཁ་ཧྥུ་ཁ་ཡིས་བཤད་པ་ལྟར་ཁྲིམས་འཛུགས་མཁན་དང༌། ཁྲིམས་དཔོན། ཤན་པ་མི་གཅིག་ཡིན། ཁྲིམས་རྩོད་པ་མེད། ཉེས་ཅན་གྱིས་རང་ཉིད་ལ་དངོས་ནས་ནག་ཉེས་ག་རེ་ཞིག་བྱུང་ཡོད་པ་རྩ་ནས་ཤེས་མེད་ཅེས་པ་བཞིན་ཁྲིམས་ཀྱི་བཀོལ་སྤྱོད་ཡོད་ཚད་ལག་པ་གཅིག་ནས་བྱུང་བ་ལྟར་མི་འགྱུར་བའི་ངེས་པ་ཡང་ཅི་ལ་ཡོད།
ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དང་རེ་བ་ཡག་ས་རྒྱག་དགོས་ཞེས་པ་ལྟར། ཁྲིམས་ལུགས་ཀྱི་གནས་བབ་འོག་ཞོགས་དུང་ཐར་ཐབས་ཤིག་ཡོད་ན་ལྷ་རབ་དང༌། གལ་སྲིད་ཐར་ཐབས་མ་བྱུང་ཚེ་ང་ཚོས་རེ་བ་གང་ཞིག་ལ་བཅོལ་རྒྱུ་ཡིན་ནམ། ངས་འདི་ལྟར་ཞོགས་དུང་གི་གནས་བབ་ཁྲིམས་ལུགས་ལ་བརྟེན་ནས་གླེང་སློང་དགོས་དོན་ཡང་དེར་ཐུག་ཡོད། ཞོར་ནས་གསལ་འདེབས་ཞུ་ དགོས་པ་ཞིག་ལ་ད་དུང་ང་ཚོས་སྐྱོབ་དགོས་པའི་རྒྱལ་ཞེན་པ་གང་མང་བཙོན་དུ་ལྷག་ཡོད། ཡིན་ནའང་ཉེ་བའི་ཐད་ཀྱི་གནས་ཚུལ་གསར་ཤོས་དང་འབྲེལ་ནས་ང་ཚོས་ཞོགས་དུང་གཙོ་བོར་ གླེང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པར་འདོད།
ཞོགས་དུང་ཁྲིམས་ཀྱིས་དག་ཐེར་བྱེད་ཐུབ་བམ།
It is just a daydream.
རྒྱུ་མཚན་ཞེ་དྲག་མིན་འདུག དགོངས་དག
རྒྱང་རིང་གི་ཨ་མའི་བུ།
དེ་རིང་བདག་ཁོམ་སྐབས་དང་བསྟུན་ནས་ཉིད་ཀྱི་དྲ་ངོས་སུ་སླེབས་ཡོད།
ངོ་མ་ཁྱོད་ཀྱིས་ཁྲིམས་ལུགས་ཀྱི་རལ་གྲི་བཏེགས་ནས་མི་བུ་རིགས་ཞེན་གྱི་
བརྒལ་ཚིགས་ནས་ཁྱུང་སྐྱུགས་ཀྱི་དཔྱོད་ཤེས་བྱས་འདུག
འདི་ལྟ་བུ་ལ་བདག་གིས་བློན་འདེབས་ཀྱིས་སྒུལ་སློང་མེད།
མནོ་བསམ་སྐྱུག་སྟེ་འབྱུང་འགྱུར་བསྒུལ་པ་དང།
སྙན་ངག་བྲིས་ནས་སྟོབས་ཤུགས་འཚོལ་བ་ལ།
བདག་ནམ་ཡང་ཡི་རངས་ཡོད།
ལག་བརྡ་དང་བཅས་བདེ་བར་སྨོན།
རྗེས་སུ་མཇལ་བར་བདག་གིས་སྨོན།
དངོས་ནས་ཡག་པོ་བྲིས་འདུག ཁོང་གི་བུ་མོའི་རེ་བའང་ཨ་ཕའི་ཚེ་སྲོག་ལ་གནོད་པ་མི་འབྱུང་བ་དེ་རེད།
ཞོགས་དུང་ལགས་ཀྱིས་རང་ཉིད་མུན་བརྩོན་དུ་འགྲོ་རྒྱུ་ཡིན་པ་ཤེས་བཞིན་དུ་མི་རིགས་ཀྱི་བདེན་དོན་ཐད་ཀར་གླེང་བ་ནི། དངོས་ནས་ང་ཚོས་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། འོན་ཀྱང་ང་ཚོའི་མིག་སྔར་ལྷག་པའི་ལས་འགན་ངོ་མ་ནི་ཞོགས་དུང་ལགས་ཀྱི་གནས་ཚུལ་རྒྱལ་སྤྱིའི་ཐོག་གསལ་བོ་བཟོས་ནས། ཁོང་གི་སྐུ་སྲོག་ལ་སྲུང་སྐྱོབས་བྱེད་རྒྱུ་དེ་རེད་སྙམ།
འདི་ལྟར་འབྲི་དགོས། དོན་དངོས་གང་ཞིག་གླེང་བཞིན་པ་དེ་མགོ་ཚོད་དགོས་པ་འདུག ཉིད་ཀྱིས་བདེན་ཐུབ་ཀྱི་བསམ་བརྗོད་ཞིག་བྲིས་འདུག
བསམ་ཚུལ་འདི་ཧ་ལས་པའི་གནད་ལ་སྨིན་པོ་ཞིག་བྱུང་སོང་། ཐུགས་རྗེ་ཆེ།