ཉིན་བཅུའི་རིང་འཚོགས་པའི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བཅུ་བ་དེ་རིང་མཇུག་སྒྲིལ་ཡོད་ལ། ཚོགས་གཙོས་མཇུག་སྡོམ་གསུང་བཤད་སྐབས་གྲོས་ཚོགས་འཐུས་མི་ཚོར་ད་རེབ་ཀྱི་གྲོས་ཚོགས་ནང་འགན་ཆེན་པོ་ཁུར་བ་ལྟར་སྐབས་རྗེས་མའི་གྲོས་ཚོགས་མ་འཚོགས་བར་གྱི་ཟླ་དྲུག་རིང་། སྤྱི་པའི་དོན་དུ་མུ་མཐུད་དེ་ཕྱག་ལས་གནང་གི་རེད་བསམ་པའི་ཡིད་ཆེས་ཡོད་ལ། དེ་ལྟར་གནང་བའི་རེ་སྐུལ་ཡང་ཞུ་གི་ཡོད་ཅེས་གསུངས།
ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་འཚོགས་པའི་གྲོས་ཚོགས་ཚོགས་དུས་བཅུ་བའི་ཐོག་བཙན་བྱོལ་བོད་གཞུང་ལས་ཁུངས་ཁག་གིས་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་ལ། བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ནང་། ཡོང་འབབ་བསྡུ་རུབ་ཀྱི་ལས་དོན་སྐོར་གསལ་དོན། ༢༠༠༩ དང་ ༢༠༡༠ ལོའི་བསྐྱར་བཅོས་སྔོན་རྩིས་སུ་དཔལ་འབྱོར་ལས་ཁུངས་བརྒྱུད་ཡོང་འཆར་ཚོད་དཔག་སྒོར་ས་ཡ་ ༢༥༩་༩༡ གཏན་འབེབས་གནང་བར་དངོས་བྱུང་སྒོར་ས་ཡ་ ༢༢༩་༩༥ བྱུང་ཡོད་པ་ཚོད་དཔག་ལས་སྒོར་ས་ཡ་ ༢༩་༩༦ ཉུང་བ་བྱུང་ཡོད་ཅེས་དང་། ཡང་དང་བླངས་དཔྱ་དངུལ་ལག་དེབ་བཟོ་འགྲེམས་ཀྱི་ལས་དོན་སྐོར་གསལ་དོན། ༢༠༠༩ ལོའི་ཟླ་ ༣ ཚེས་ ༣༡ བར་ལག་དེབ་གསར་བ་ ༡༢༩༨༨༠ བཟོ་འགྲེམས་ཟིན་ཐོག ལོ་འདིར་ལག་དེབ་ ༣༣༤༠ གསར་བཟོ་ཟིན་པ་བཅས་ ༢༠༡༠ ལོའི་ཟླ་ ༣ ཚེས་ ༣༡ ཉིན་ཁྱོན་ལག་དེབ་ ༡༣༣༢༣༨ བཟོ་འགྲེམས་ཟིན་པ་དང་། ད་དུང་བཟོ་བཞིན་པ་ ༡༣༤༠ ཡོད། དེ་བཞིན་ལག་དེབ་ལོ་རྒྱུས་ལ་ནོར་བཅོས་འགེངས་ཤོག་ ༣༡༡༩ འབྱོར་ཁོངས་ནས་ ༢༤༤༥ ནོར་བཅོས་ཟིན་པ་དང་འགེངས་ཤོག་ ༤༧༤ ཡིག་ཆ་འཐུས་ཚང་མེད་པ་དང་ལོ་རྒྱུས་མ་མཐུན་པས་ནོར་བཅོས་བྱུང་མེད། འཕྲོས་ལོ་མཇུག་ཏུ་ཞིབ་འཇུག་གིས་ནོར་བཅོས་བྱེད་ཀྱིན་པ་ ༢༠༠ ཆགས་ཡོད་ཅེས་གསལ་ཡོད།
ཚོགས་དུས་མཇུག་སྡོམ་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཐེངས་འདིའི་ཚོགས་དུས་སྐབས་གྲོས་ཚོགས་ནང་ལས་རིམ་གང་བང་བསྒྲིགས་པ་རྣམས་ཆ་ཚང་གྲུབ་ཟིན་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ནང་རེ་ཟུང་གིས་དྲི་བ་གཅིག་ཀྱང་བསླེབས་མ་སོང་བསམ་སྲིད་ནའང་། དེ་ནི་ཚོགས་དུས་མགོ་འཛུགས་ཀྱི་གཏམ་བཤད་ནང་ཐེངས་འདིའི་ཚོགས་དུས་འདི་ནི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྲུབ་པའི་རྗེས་ཀྱི་ཚོགས་དུས་ཡིན་པ་དང་། བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་ལོ་འཁོར་ལས་བསྡོམས་ཆ་ཚང་ཐོག་བགྲོ་གླེང་དང་དོགས་འདྲི། བསམ་ཚུལ་བཤད་པའི་གོ་སྐབས་ཡོད་སྟབས་དྲི་བ་མ་བསླེབས་པ་ཞིག་ཏུ་མཐོང་གི་ཡོད། དེ་མིན་ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆར་དང་གཙོ་ཆེ་ཤོས་ལས་བསྡོམས་སྟེང་དུ་སྤྱི་འཐུས་རྣམ་པ་སུས་ཕྱག་བསྐྱངས་ནའང་། ཚང་མར་གོ་སྐབས་ཕུལ་ཡོད་ལ་སྤྱི་འཐུས་རྣམ་པས་ཀྱང་དྲི་བ་མང་དག་ཅིག་འཛིན་སྐྱོང་བཀའ་ཤག་ལ་ཕུལ་བ་དང་། སོ་སོའི་རྣམ་དཔྱོད་ལ་དཔག་པའི་ལེགས་བཅོས་བྱེད་པའི་བསམ་ཚུལ་མང་བོ་གྲོས་ཚོགས་ནང་སྤུངས་ཐུབ་པའི་གནས་སྟངས་ཆགས་ཡོད།
འཛིན་སྐྱོང་བཀའ་ཤག་གིས་ཀྱང་ད་ལྟ་བར་དུ་གྲོས་ཚོགས་ལ་རྩིས་རྒྱག་དགོས་པ་དང་ལན་རྒྱག་དགོས་པ། འགན་ཁྱེར་དགོས་པ་སོགས་གཙོ་བོར་བཟུང་ཐོག བཀའ་བློན་ཁྲི་པ་གཙོས་བཀའ་བློན་རེ་རེ་བཞིན་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གནང་བ་མ་ཟད། གྲོས་ཚོགས་འདི་བརྒྱུད་མང་ཚོགས་ནང་དོགས་པ་ཡོད་པ་མང་བོ་ཞིག་སེལ་ཐུབ་པ་དང་། མང་ཚོགས་ཀྱིས་ཀྱང་གྲོས་ཚོགས་ལ་དོ་སྣང་གནང་སྟེ་དོགས་པ་རྣམ་རྟོག་ཡོད་རིགས་གསལ་བོ་ཆགས་ཡོད་པར་ཚོགས་གཙོས་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་ད་རེབ་གྲོས་ཚོགས་ནང་ལས་རིམ་ཐོག་དུས་ཚོད་མང་བོ་བཏང་བ་ལྟར་དོན་དག་འགྲུབ་སོང་བསམ་བསམ་བྱུང་། དེ་བཞིན་ལོ་སྔོན་མར་སྤྱི་འཐུས་རྒྱུན་ལས་ཀྱི་བཅའ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་བཙུགས་པ་དང་། གྲོས་ཚོགས་ཚོགས་དུས་དགུ་བའི་སྐབས་ཛ་དྲག་གིས་ཁྱེར་དགོས་པའི་བཅའ་ཁྲིམས་བསྐྱར་བཅོས་དང་འོས་བསྡུའི་ལས་རིམ་དང་འབྲེལ་བ་ཡོད་པ། འོས་བསྡུའི་སྒྲིག་གཞི་དག་ལ་བསྒྱུར་བཅོས་གཏོང་དགོས་པ་ཁག་ཅིག་ཁྱེར་ཡོང་ཡོད་ལ། དེའི་འཕྲོས་ད་རེབ་ཀྱི་གྲོས་ཚོགས་ནང་ཁྱེར་ཡོང་སྟེ་ཆ་ཚང་གྲུབ་པ་རེད་ཅེས་གསུངས།
ཡང་ཁོང་གིས་ཨ་རི་དང་ཁ་ན་ཌ་ཕུད་པའི་ས་ཁུལ་གཞན་དུ་སྤྱི་འཐུས་གཅིག་བསྐོ་བཞག་བྱེད་ཆེད། གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་བསྐྱར་དུ་ཁྱེར་ཡོང་ཡོད་ལ། དེ་ལ་འདས་པའི་ཟླ་དྲུག་རིང་དགོངས་པ་བཞེས་པའི་གོ་སྐབས་བྱུང་ཡོད་ཀྱང་། སྐབས་དེར་གྲོས་ཚོགས་ནང་ཚོགས་གཙོ་གཞོན་བརྩིས་པའི་སྤྱི་འཐུས་ ༣༣ ལས་མེད་པ་དང་། དེའི་ནང་ནས་སྤྱི་འཐུས་གཅིག་གིས་དགག་བྱ་བསྐྱོན་པ། སྤྱི་འཐུས་ ༢༤ ཙམ་གྱིས་མ་གཏོགས་རྒྱབ་སྐྱོར་བྱུང་མེད།
ཡིན་ནའང་། སྐབས་དེར་སྤྱི་འཐུས་ ༣༣ ཡོད་པ་ལས་སྤྱི་འཐུས་ ༢༤ ཙམ་མང་མོས་བྱུང་སྟབས་མང་མོས་ཤུགས་ཆེན་པོ་བྱུང་བས། ཨ་རི་དང་ཁ་ན་ཌ་ཕུད་པའི་ས་ཁུལ་གཞན་དུའང་སྤྱི་འཐུས་གཅིག་ལ་ས་མིག་བསྐྲུན་པའི་འདོད་པ་ཤུགས་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་མོད། དེ་ལྟར་བསྐྱར་བཅོས་མ་ཐུབ་པར་བློ་ཕམ་གྱི་རྒྱུ་རེད་ཅེས་གསུངས།
ཡང་ཁོང་གིས། ཕྱི་ལོགས་ཀྱི་མང་ཚོགས་དང་གསར་འགོད་པ་སོགས་ལ་བསམ་ཚུལ་ཞིག་ཡོང་གིན་པ་ནི། བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་བ་དེ་གང་ལྟར་ཅིག་མ་འགྲིག་པའི་གནས་སྟངས་ཤིག་ཆགས་བསྡད་པ་མཐོང་གི་ཡོད་པ་དེ་ཡིན། དེ་ལྟ་བུའི་མཐོང་སྣང་ཡོང་དགོས་པའི་རྒྱུ་རྐྱེན་གྲོས་ཚོགས་ཚོགས་ཁང་ནང་ཡོད་པའི་ང་ཚོ་རང་གིས་བཟོ་བཞིན་ཡོད། ཅེས་དང་། ཡིན་ནའང་། མི་མང་གིས་ཀྱང་གནས་ཚུལ་ཆ་ཚང་བ་མ་རྟོགས་པར་གནས་ཚུལ་ཐག་གཅོད་བྱེད་པ་དེ་ཡང་ཏག་ཏག་བསྡད་མེད། ཁྲིམས་བཟོའི་ལས་དོན་ནང་དུ་ཟགས་ཡ་རེ་ཟུང་ཟགས་ཡོད་མོད། ཡར་བསླེབས་པ་མང་བོ་བྱུང་ཡོད་ཅེས་གསུངས།
མཇུག་མཐར་ཁོང་གིས་སྤྱི་འཐུས་ཚོར་རེ་སྐུལ་གནང་དོན། གྲོས་ཚོགས་ར་བའི་ནང་དུ་སྐད་མགོ་མཐོ་དམན་ཙམ་མ་གཏོགས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་བསམ་ཚུལ་འདོན་རྒྱུ་ཙམ་མིན་པར། གྲོས་ཚོགས་ར་བའི་ཕྱི་ལོགས་སུ་སྤྱི་པའི་འཐུས་མི་ཞིག་གི་མིང་ཁྱེར་བའི་ཐོག་ལས་འགན་བསྒྲུབ་དགོས་པ་མང་བོ་ཡོད། དེ་ཚོ་སོ་སོ་རང་ཉིད་ལ་དྲི་བ་བཀོད་དེ་རང་གི་བསྒྲུབ་ཐུབ་གི་ཡོད་མེད་ལ་དཔྱད་པ་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་ཡོད།
སྤྱི་འཐུས་ཚོགས་དྲུང་གིས་གསལ་བསྒྲགས་བསྐྱངས་པ་ལྟར་ན། ཐེངས་འདིའི་ཚོགས་རྒྱུན་ཧྲིལ་བོར་ཚོགས་བཅར་མ་ཐུབ་པར་དགོངས་པ་ཞུས་ཡོད་པའི་སྤྱི་འཐུས་ ༣ བྱུང་ཡོད་པ་དང་། དེ་དག་ནི་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན། སྤྱི་འཐུས་སྒྲོལ་མ་མཚོ་མོ། སྤྱི་འཐུས་རྒྱལ་ནོར་ཚེ་དབང་གསུམ་ཡིན་འདུག་ལ། སྤྱི་འཐུས་བདེ་བ་ཚང་རྡོ་རྗེ་དབང་འདུས་དང་བསོད་ནམས་སྟོབས་རྒྱལ། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་བཅས་ཀྱིས་ཕྱི་ཚེས་ ༡༣ ཉིན་ནས་ ༡༧ བར་དགོངས་པ་ཞུས་ཡོད་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
གྲོགས་པོ་ལྷོ་མཐའི་ཉི་ཟེར་ལག་ཁྱེད་གཞན་དབང་དུ་ཕྱིན་འདུག་གང་ལག་ཞེས་ན་སྐད་ཆ་དེ་རྣམས་ཕྱོགས་བཤད་ཀྱང་རེད་སྐད་ཆ་དེ་རྣམས་དྲང་པོ་མ་རེད་ཞིམ་མོར་སྤྱད་པ་མཛོད་
ཀརྨ་ཞེས་པའི་ཟིན་བྲིས་པ་ཞིག་གི་མཆན་ལས་དྲངས་པ་ཡིན༼༼ད་ནི་ང་ཚོའི་བློ་བཟང་སེང་གེ་ངེས་པར་དུ་བཀའ་ཁྲིར་འདེམས་དགོས་འདུག ང་ཚོར་ལོ་ཆུང་ཆུང་ཞིག་དགོས་པར་བརྟེན་ཁོང་ཆུང་ཆུང་དང།་མཁས་པ་ཡང་རེད།
ཁོང་གི་ལས་རོགས་བདེ་སྲུང་བཀའ་བློན་ལ་སྤྱི་འཐུས་ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་ལགས་དགོས་ངེས་རེད།
ཚོགས་ཟུར་མཆོག་ལ་བློ་ཁོག་ཡོད་པར་བརྟེན་རང་བཙན་གཙང་མ་བླང་ཡོང་གི་རེད།
དཔལ་འབྱོར་བཀའ་བློན་ལ་སྤྱི་འཐུས་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་བཞག་ན་ཁོང་ཐེ་ཝན་བོད་སོག་ལས་ཁུངས་དང། རྒྱ་ནག་གཞུང་སོགས་ལ་འབྲེལ་བ་ཆེ་བས་ང་ཚོའི་དཔལ་འབྱོར་ཡར་རྒྱས་གཏང་ངེས་རེད།
ནང་སྲིད་བཀའ་བློན་ལ་ཀླུ་མཁར་བྱམས་དགོས་ཀྱི་འདུག ཁོང་གིས་ཟམ་གདོང་གིས་མ་འགྲིགས་རབས་གང་མང་སྐྱོན་བརྗོད་བྱས་པས་ཁོང་གིས་བཀའ་ཁྲིས་གང་ཞིག་བྱེད་དགོས་མིན་དངོས་གནས་གསལ་པོ་ཤེས་ཡོད་པ་རེད།
སྤྱི་འཐུས་བསྟན་འཛིན་མགོན་པོས་གྲོས་ཚོགས་ཀྱི་ཚོགས་འདུ་གཡུག་ནས་གསུང་ཆོས་ལ་འགྲོ་བཞིན་པའི་ཆོས་དད་ཅན་ཞིག་ཡིན་པས་ཁོང་ཆོས་དོན་བཀའ་བློན་ལ་བཞག་ན་ཁོང་གིས་དད་པས་སྟོབས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་མཐོར་འདེགས་ཐུབ་ངེས་རེད།
བོད་ཀྱི་བང་ཆེན་ཚགས་པར་གྱི་རྩོམ་སྒྲིག་པ་སྤྱི་འཐུས་ཁམས་པ་དག་མ་གསེར་རྟ་ཚུལ་ཁྲིམས་ལགས་དྲིལ་བསྒྲགས་བཀའ་བློན་ལ་བཞག་ན་ཁོང་བོད་དབྱིན་རྒྱ་གསུམ་ལ་མཁས་པ་དང། ཁོང་ཡུན་རིང་པོར་བློ་སེང་གི་སློབ་སྟོན་འོག་བོད་ཀྱི་བང་ཆེན་ནང་ལས་ཀ་བྱ་པས་བློ་སེང་ལ་རྒྱས་མངའ་ཧ་ཅང་ཆེ་བས་བློ་སེང་གིས་འདོད་པ་ལྟར་ཁོང་གིས་བོད་དོན་དྲིལ་བསྒྲགས་ཡག་པོ་གནང་གི་རེད།
ཕྱི་འབྲེལ་བཀའ་བློན་ལ་སྤྱི་འཐུས་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་བཞག་ན་ཁོང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་མིང་ཐོག་ནས་ད་ལྟ་ཕྱི་རྒྱལ་དུ་བཞུགས་པས་ཕྱི་རྒྱལ་ཡུལ་ཁག་ཏུ་ཁོང་ལ་མཚན་སྙན་ཧ་ཅང་ཆེ་བས་ཁོང་གིས་ཕྱི་འབྲེལ་ཡག་པོ་ཡོང་ངེས་རེད།
འཕྲོད་བསྟེན་བཀའ་བློན་ལ་བླ་མ་ཤིང་ཟ་རིན་པོ་ཆེ་བཞག་ན་ཁོང་འཕྲོད་བསྟེན་ཡག་པོ་རྩེ་དྲ་འདུག་པས་མང་ཚོགས་ཀྱང་དེ་འདྲ་ཞིག་བཟོས་ཐུབ་ངེས་རེད།
ད་ནི་ང་ཚོར་ཤེས་རིག་བཀའ་བློན་ཡག་པོ་ཞིག་དགོས་ཀྱི་འདུག དེ་ཡང་ང་ཚོའི་སློབ་གྲྭ་ཁག་གི་སློབ་སྦྱོང་ཡར་རྒྱས་གཏང་ཐུབ་མཁན་ཞིག་དགོས་པར་བརྟེན་སློབ་གྲྭ་ཁག་གི་སློབ་སྤྱིའི་གཙོས་དགེ་ལས་ཡོངས་རྫོགས་ཞེད་སྣང་སྐྱེ་ས་ཞིག་དགོས་པ་རེད། དེ་འདྲ་ཞིག་ལ་ད་ལྟ་ཐེ་ཝན་ན་ཡོད་པའི་སྨྲ་ཁམས་ཆོས་འཕེལ་ལས་ལྷག་ཅིག་ཡོད་པ་མ་རེད། ཁོང་གིས་དེ་སྔོན་སྦིར་སུ་ཇ་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བསྟན་འཛིན་ལ་ཟེར་བའི་བླ་རྒན་བགྲེས་སོང་ཞིག་གི་མགོ་ལ་རྡོས་གཞུས་མ་ཐག་བོད་སོག་ལས་ཁུངས་བརྒྱུད་ཐེ་ཝན་ལ་བྲོས་ཕྱིན་པར་བརྟེན་སློབ་སྤྱིས་གཙོས་དགེ་ལས་ཚང་མ་ཞེད་ས་ཞིག་ཏུ་ཁོང་ལས་ལྷག་སུ་གང་མེད་ངེས་རེད།
ཁོང་ད་ལྟ་ཐེ་ཝན་རང་ལ་ཡོད་པར་མ་ཟད་ཉེ་སྔོན་རྡི་ལིའི་ཆུ་སྒང་གིས་མདོ་སྟོད་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དེ་རེད།
ད་དེ་འདྲ་ཞིག་གིས་ང་ཚོར་ཕལ་ཆེར་འགྲིགས་འགྲོ་ས་རེད། ༽༽
ཚོགས་ཁང་ཆེན་པོ་འདིའི་ནང་དུ་འཐུས་མི་ཁ་ཤས་ཤིག་གཅིག་གི་བར་ན་གཅིག་ཆད་ནས་འཚོགས་འདུག་པ་འདི་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་འོས།
༄༅། །༢༠༠༩།༩།༡༦ ཉིན་གྱི་ཕྱི་དྲོ་ཚོུད་ ༡།༣༠ ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་གྲོས་ཚོགས་སུ་རྩ་འབོར་གྱི་སུམ་ཆ་གཉིས་ཏེ་སྤྱི་འཐུས་ ༢༨ དགོས་ངེས་ཀྱི་གྲུབ་ཆ་མ་ལོངས་ནས་ཚོུད་ ༣།༡༥ བར་ཚོགས་གསེང་གནང་དགོས་ཆགས་སྐབས་གྲོས་ཚོགས་སུ་ཕེབས་གནང་མེད་པའི་སྤྱི་འཐུས་རྣམས་ཀྱི་མིང་གཞུང་མཁྱེན་འདོད་ཡོད་མཁན་མང་པོ་ཞིག་ཡོད་ཚོད་འདུག་པ་ལྟར་སྐབས་དེར་གྲོས་ཚོགས་སུ་སྤྱི་འཐུས་ ༢༧ ཕེབས་ཡོད་པ་དང་། མ་ཕེབས་མཁན་ ༡༦ ནི་གཤམ་གསལ་ལྟར་རེད།
༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༨ བསོད་ནམས་སྟོབས་རྒྱལ། ༩ བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༠ དབུ་དཀར་གཡུ་སྒྲོན། ༡༡ སྒྲོལ་མ་མཚོ་མོ། ༡༢ བསྟན་འཛིན་མཁས་གྲུབ། ༡༣ ཆབ་བྲག་ལྷ་མོ་སྐྱབས། ༡༤ ཡེ་ཤེས་སྒྲོལ་མ། ༡༥ བསོད་ནམས་ཚེ་རིང་ཕར་སི། ༡༦ བསྟན་འཛིན་ཆོས་ལྡན་བཅས་རེད། ཁག་ཅིག་སྔ་དྲོ་གྲོས་ཚོགས་སུ་ཡོད་ཀྱང་གུང་ཚིགས་བར་གསེང་སྐབས་དུས་ཐོག་མ་འབྱོར་བ་ལས་རྗེས་སུ་ཚོུད་ ༣།༡༥ ཐོག་འབྱོར་མཁན་ཡང་བྱུང་ཡོད་པ་རེད།
གཞན་ ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ བསོད་ནམས་སྟོབས་རྒྱལ། ༨ བདེ་བ་ཚང་རྡོ་རྗེ་དབང་འདུས། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་སྤྱི་སྒེར་གྱི་ལས་དོན་གང་གི་རྐྱེན་པས་ཕེབས་ཐུབ་ཡོད་མེད་མི་ཤེས་ཀྱང་ཕྱི་ཚེས་ ༡༦ ཞོགས་པ་ནས་གྲོགས་ཚོགས་སུ་ཕེབས་མི་འདུག་པ་བཅས་མཁྱེན་འདོད་མཁན་རྣམས་ལ་ཕན་ཕྱིར་བཀོད་པའོ།།
དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་བང་ཆེན་ཟིན་བྲིས་སུ་བཀོད་པ་ལས་དྲངས་པ་ཡིན།
ཡང་ཁྱི་འཐུས་ཁྱོད་ཚོས་ཟླ་བ་དྲུག་རིང་༸གོང་ས་མཆོག་དང་གཞིས་བྱེས་མི་མང་གི་རྒྱལ་གཅེས་ཀྱི་སེམས་ལ་ཆུ་གྲང་མོ་མི་ཤོ་རོགས་གནང་ཞེས་ཕྲན་གྱིས་ཐལ་མོ་སྙིང་གར་སྦྱར་ནས་འབོད་སྐུལ་ཞུ་རྒྱུ་ཡིན།
ཁྱོད་ཚོས་ལས་ཀར་༸གོང་ས་མཆོག་གིས་༼བར་སྐབས་ཞབས་འདྲེན་ཆེན་པོ་ཞུས་སོང་། དེ་རྒྱ་ནག་གིས་བེད་སྤྱོད་ག་ཚོད་བཏང་སོང་། གཟབ་གཟབ་མ་བྱས་ན་དགྲ་དགའ་གཉེན་སྡུག་ཟེར་བ་དེ་ཡོང་གི་རེད།༽ ཅེས་འཇུག་བསྡོམས་འདི་སྐྱོན་ཡོད།
སྐབས་བཅུ་བཞི་པའི་སྤྱི་མཐུས་རྣམ་པས་ཟླ་བ་དྲུག་གི་རིང་ཞབས་འདྲེན་མ་ཞུ་རོགས་མི་མང་ནས་ཁྱེད་རྣམ་པར་ཐུགས་རྗེ་ལེགས་འབུལ་དང་འབྲེལ་གཏན་དུ་དགོངས་པ་སྤྲོད་ངེས།
ཁྱེད་རྣམས་ཀྱི་འབད་པ་ཆེན་པོས་དགྲ་དགའ་གཉེན་སྡུག་གི་ཕྱག་ལས་འབུར་དུ་ཐོན་པ་མང་པོ་གནང་བྱུང་ང་ཚོའི་སྤྱི་ཚོགས་དང་མི་མང་ཚང་མ་ལ་སེམས་ཀྱི་རྨ་ཁ་ཏིང་ཟབ་མང་པོ་སྦྱིན་བྱུང།