འདི་གའི་གསར་ཁང་གིས་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་དང་གཞུང་ཞབས་ཟུར་པ་སོགས་རྒན་རབས་ཁག་ཅིག་ལ་ད་ལྟ་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱི་འགྲོ་བཞིན་པའི་བཀའ་ཁྲིའི་འོས་གཞིའི་ཐད་རང་ཉིད་ཀྱི་དགོངས་ཚུལ་དང་། མ་འོངས་པའི་བཀའ་ཁྲིའི་ལས་འགན་གཙོ་བོ་ཅི་ཡིན་བཅས་ཀྱི་ཐད་དགོངས་ཚུལ་བསྡུ་ལེན་བྱས་པར།
བཀའ་ཟུར་ཨ་ལགས་འཇིགས་མེད་ལགས་ཀྱིས། ད་ཆར་དང་བླངས་པ་དང་ཚོགས་པ་སྐྱིད་སྡུག་ཁག་གིས་བཏོན་པའི་བཀའ་ཁྲིའི་འོས་གཞི་ཁག་ཅིག་ཡོང་གི་ཡོད་ཚོད་རེད། འོས་གཞི་ཚང་མ་ཤེས་མ་སོང་ཡང་། གོ་གསལ་ལྟར་ན་མང་པོ་ཞིག་དང་བླངས་ཐོག་ཐོན་གྱི་ཡོད་ཚུལ་འདུག སྤྱིའི་ཆ་ནས་ཡག་པོ་རེད། སྔོན་མར་བཀའ་སྤྱི་གཉིས་ལ་མི་སུ་འདྲ་ཞིག་བསྐོས་ཀྱང་དགོངས་པ་ཞུས་པ་དེ་འདྲ་ཡོད་པ་རེེད། དེང་སང་དེ་ལྟར་མིན་པར་ངས་འཇོན་ངས་ཐུབ་ཟེར་ནས་ལངས་ཡོད་པ་དེ་ཡར་རྒྱས་ཀྱི་ངོ་བོ་ཞིག་དང་མང་གཙོའི་འགྲོ་ལུགས་ཤིག་རེད། སྤྱིར་བཀའ་བློན་གཞུང་གིས་གདམ་རྒྱུའི་ལམ་སྲོལ་ཞིག་དང་བར་ལམ་ནས་སྤྱི་འཐུས་གྲོས་ཚོགས་ཀྱིས་བསྐོ་བཞག་བྱ་རྒྱུའི་ལམ་སྲོལ་ཞིག་ཀྱང་ཡོད་པ་རེད། བཀའ་ཁྲི་དེ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། དེར་ངེས་པར་དུ་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པ་རེད་མ་གཏོགས་གཅིག་གཉིས་ཙམ་གྱིས་འགྲིག་གི་མེད། ང་རང་གི་བསམ་ན་ཆོས་དང་སྲིད་ཀྱི་ལས་ཀ་གང་བྱས་ཀྱང་ལྷག་བསམ་རྩ་བར་བཟུང་བའི་ཐོག་ཤེས་ཡོན་དང་ཉམས་མྱོང་། འཇོན་ཐང། དྲང་ཚུགས་བརྟན་པོ། སྙིང་སྟོབས་བཅས་དགོས་པ་རེད། སྙིང་སྟོབས་མེད་ཚེ་བློ་ཁོག་གི་མ་འདང་བར་སྐྱོན་ཆེན་པོ་འབྱུང་བའི་ཉེན་ཁ་ཡོད་ཅེས་གསུངས་བྱུང་ལ།
ཡང་ཁོང་གིས། བཙན་བྱོལ་གཞུང་གི་ཆོས་དང་ཆབ་སྲིད། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན། གཞིས་ཆགས་སྲ་བརྟན་སོགས་གཞུང་ལ་བརྟེན་པའི་ལས་ཀ་གང་ཡོད་པ་དེ་བཀའ་ཁྲིའི་ལས་འགན་ཆགས་ཡོད། ལྷག་པར་དུ་གཞིས་བྱེས་གཉིས་ཀྱི་འབྲེལ་བ་དང་བོད་མི་ས་ཡ་དྲུག་གི་སེམས་ཤུགས་དང་སྙིང་སྟོབས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། ༧གོང་ས་མཆོག་གིས་དོན་གྱི་བདག་པོ་གཞིས་ལུས་མི་མང་རེད་ཅེས་གསུངས་ཡོད་པ་ལྟར། གཞིས་ལུས་མི་མང་ལ་འབྲེལ་བ་བྱ་ཐུབ་མཁན་དང་གཞིས་བྱེས་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་ཐུབ་མཁན་ཞིག་དགོས་པ་རེད། དེ་བཞིན་གསར་འབྱོར་ལོ་ཆུང་རྣམས་བོད་ཁྱིམ་དང་མཱ་སུ་རི་སློབ་གྲྭ་སོགས་ལ་འགྲོ་ཆོག་ཆོག་ཅིག་དང་། རྒན་པ་ཚོ་གསོག་སྒར་ལ་འགྲོ་ཆོག་ཀྱང་རྒྱུན་རིང་པོར་སྡོད་ས་མེད། ཅུང་རྒན་པའི་རིགས་ལ་སྡོད་གནས་དང་ཟ་འཐུང་སོགས་ཀྱི་དཀའ་ངལ་འོག་གནས་དགོས་བྱུང་ཡོད་དུས། རྒན་གཞོན་སུ་ཡོང་ནའང་ལམ་སྟོན་བྱ་ཐུབ་པ་ཞིག་དགོས། དེ་འདྲ་མ་བྱུང་ཡང་གཞིས་ཆགས་ཁག་ལ་གཏོང་ས་ཡོད་པ་ཞིག་བཟོ་དགོས་པ་རེད་བསམ་གྱི་འདུག ང་ཚོའི་གཞུང་འདི་མང་གཙོའི་གཞུང་ཞིག་ཆགས་ཡོད་ལ། མང་གཙོའི་ལམ་སྲོལ་འདི་སྲ་ཇེ་བརྟན་དང་ཇེ་ཡག་ཏུ་གཏོང་བར་བཙན་བྱོལ་སྒྲིག་འཛུགས་ལ་འགྱུར་བ་ཅི་ཞིག་གཏོང་དགོས་པ་དུས་དང་བསྟུན་ནས་འགྱུར་བ་མ་བཏང་བར་ལོ་མང་ལྷག་བསྡད་པ་ཡིན་ན་ཡག་པོ་མེད། དེར་བརྟེན། འགྱུར་བ་གཏོང་དགོས་སར་གཏོང་ཐུབ་མཁན་ཞིག་དགོས་པ་རེད། བཀའ་ཁྲི་ཡག་པོ་ཡོང་མིན་གཙོ་བོ་གཅིག་སྤྱི་འཐུས་གྲོས་ཚོགས་ལ་རག་ལས་ཡོད་དུས་སྤྱི་འཐུས་གལ་ཆེན་པོ་རེད། ཕྱོགས་གང་ཅིའི་ཐད་ནས་སྟངས་འཛིན་བྱ་མཁན་དེ་སྤྱི་འཐུས་ཆགས་ཡོད་སྟབས། སྤྱི་འཐུས་ཀྱིས་གཞུང་གི་འཛིན་སྐྱོང་དང་ལམ་ལུགས་གང་ཅིའི་ཐད་ལ་སྟངས་འཛིན་ཡག་པོ་བྱ་ཐུབ་ཚེ། དགེ་རྒན་ཞིག་ལ་དགེ་ཕྲུག་ཡག་པོ་ཡོད་པའི་རྣམ་པ་དེ་སྟོན་ཐུབ་ཀྱི་ཡོད། མི་མང་ལ་མཚོན་ནའང་འོས་འདེམས་ཀྱི་སྐབས་སུ་མི་དྲག་ཤོས་དེ་འདེམས་དགོས་པ་ལས། འདི་ངའི་ངོ་ཤེས་དང་འདི་ངའི་ཕ་ཡུལ་གཅིག་པ་ཡིན། འདི་ངའི་ཆོས་ལུགས་གཅིག་པ་ཡིན་ཞེས་ལབ་ན་ཡག་པོ་ཁྱོན་ནས་ཡོད་མ་རེད་ཅེས་གསུངས་བྱུང་།
བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ད་ལྟའི་ཆར་ཚོགས་པ་ཁག་དང་སྒེ་ངོས། དང་བླངས་པ་བཅས་སུ་འདྲ་ཞིག་གིས་མིང་འདོན་བྱས་ནའང་འདྲ། གང་ལྟར། བཀའ་ཁྲིའི་འོས་གཞི་མང་པོ་ཞིག་སླེབས་འདུག དེ་ཡག་པོ་རེད། ང་ཚོའི་མང་ཚོགས་ལ་ནམ་རྒྱུན་དོ་སྣང་མེད་ཀྱང་། མང་གཙོའི་ལུང་པ་གཞན་དུ་སོ་སོའི་མགོ་ཁྲིད་འདེམས་པའི་ཐད་ཧ་ལས་པའི་དོ་སྣང་ཡོད་པར་མ་ཟད། སོ་སོ་རང་ཉིད་དང་རྒྱལ་ཁབ་བཅས་ཀྱི་ཁེ་ཕན་ལ་བལྟས་ཏེ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་སྟབས་གཞུང་གི་མགོ་ཁྲིད་གསར་པ་ཞིག་སླེབས་ཀྱང་ཐོབ་ཐང་ཆེན་པོ་རེག་རྒྱུ་དེ་འདྲ་མེད། འོས་གཞིའི་ནང་མང་པོ་ཐོན་ཡོང་བ་དང་བཏོན་ཟིན་པ་དེ་ཚོ་ཡག་པོ་རེད་བསམ་གྱི་ཡོད། ཡིན་ནའང་། བརྒྱ་ཆ་བརྒྱ་ཐམ་པ་ཡག་པོ་རེད་ཅེས་ངས་རྩ་བ་ནས་ལབ་ཐུབ་ཀྱི་མེད། ཁོང་ཚོས་འགན་འཁུར་གྱི་ཡིན་དང་ལས་ཀྱི་ཡིན་ཞེས་བརྗོད་ཀྱི་འདུག་ལ་དེའི་ཁྲོད་སྤྱི་ཚོགས་ནང་དཀའ་ལས་བརྒྱབ་བསྡད་པ་དེ་འདྲ་ཁག་ཅིག་ཡང་སླེབས་འདུག དེར་བརྟེན། མི་མང་གི་ངོས་ནས་འོས་འདེམས་སྐབས་གཟབ་གཟབ་བྱ་རྒྱུ་ལས་ཧ་བེ་ཧོབ་བེ་བྱས་ཏེ་བདམས་པ་ཡིན་ན། ལོ་ལྔའི་འཐུས་ཤོར་འཐུས་ཤོར་ཆེན་པོ་རེད། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཤུགས་བརྒྱབ་ན་ནུས་པ་ཐོན་རྒྱུར་ཕན་ཐོགས་ཀྱི་རེད་ཅེས་གསུངས་བྱུང་།
ཡང་ཁོང་གིས། ད་ལྟ་འགན་དབང་ཆ་ཚང་བཀའ་ཁྲིའི་འཁུར་ཡོད་དུས་བཀའ་ཁྲི་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ལ་མཚོན་ན་ཆབ་སྲིད་དང་སྤྱི་ཚོགས། ཤེས་ཡོན། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་དཀའ་ངལ་ཆེ་རུ་འགྲོ་གི་ཡོད་པ་རེད། ༧གོང་ས་མཆོག་གིས་ཀྱང་སྔོན་མ་ནས་ང་མེད་པ་ནང་བཞིན་གྱི་ལས་ཀ་བྱེད་དགོས་ཀྱི་འདུག ངོས་རང་ཕྱེད་རྒན་ཡོལ་དུ་བཞུགས་ཡོད་ཅེས་གསུངས་ཡོད་སྟབས། བཀའ་ཁྲིའི་ལས་འགན་གལ་ཆེ་ཤོས་དེ་བོད་ཀྱི་རྩ་དོན་རེད། དེ་ཡང་༧གོང་ས་མཆོག་གི་མཛད་འཕྲིན་དང་བསྟུན་ནས་འགྲོ་དགོས་པ་ལས་མང་པོ་ཞིག་བསྒྲུབ་རྒྱུ་ཁག་པོ་རེད་ལ། རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་གནས་སྟངས། བོད་མིའི་བསམ་ཚུལ་སོགས་ལ་བལྟས་ནའང་ནུས་པ་ཐོན་རྒྱུ་དཀའ་ལས་ཁག་པོ་རེད། དེར་བརྟེན། ༧གོང་ས་མཆོག་གི་མཛད་འཕྲིན་དང་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར། ཁོང་གི་དགོངས་གཞིའི་ཐོག་སྲིད་གཞུང་དང་གྲོས་ཚོགས་ཀྱི་ནུས་པ་སོགས་ལ་དོ་སྣང་བྱ་དགོས་པ་རེད། བཙན་བྱོལ་ནང་འཕྲལ་སེལ་གྱི་གནས་ཚང་ཙམ་ལས་སྲ་བརྟན་ཕུགས་འཕེར་གྱི་གནས་སྟངས་ཤིག་མེད། སྤྱི་ཚོགས་ནང་ལ་རང་མགོ་ཐོན་བསྡད་མཁན་གང་འཚམ་ཞིག་ཡོད་ཀྱང་། ཞིབ་ཚགས་ཀྱིས་བལྟས་ན་ངྷ་སའི་གཡས་གཡོན་དུ་འགྲོ་སྟངས་མི་ཤེས་མཁན་དང་ཉིན་རེའི་འཚོ་བ་བསྐྱལ་བསྡད་མཁན། འཚོ་བའི་གནས་སྟངས་ཀྱི་རྐྱེན་པས་ཕུགས་ཀྱི་དམིགས་ཡུལ་ལ་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། དེ་བཞིན་གཞིས་ཆགས་ཁུལ་དུའང་སྔོན་མ་ང་རང་ཕྱིན་སྐབས་ཁྱིམ་ཚང་རེ་ཟུང་དུ་ཧིན་སྒོར་ ༥༠༠ ལོན་པའི་སྣོད་ཅ་ལག་མེད་པའི་གནས་སྟངས་སྐྱོ་བོ་དེ་འདྲ་འདུག དེ་དག་ལ་གཟིགས་ཏེ་མ་འོངས་བཀའ་ཁྲིས་གསར་འབྱོར་ཉི་མ་འཁྱོལ་ཐབས་བྱེད་པའི་རིགས་ལ་གཞིས་ཆགས་མེད་པ་དང་གཏན་འཁེལ་གྱི་ཚོང་ལས་མེད་པ་སོགས་དང་གཞིས་ཆགས་ཁུལ་གྱི་གནས་སྟངས་དམིགས་ཏེ་ལས་དོན་བསྒྲུབ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
འོས་བསྡུའི་འགན་འཛིན་ཟུར་བ་རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་སྒེར་ངོས་ནས་བཀའ་ཁྲིའི་འོས་གཞིར་ལངས་པ་དང། ཚོགས་པ་སྐྱིད་སྡུག་ཁག་དང་མི་ཁ་ཤས་མཉམ་རུབ་བྱས་ཏེ་འོས་གཞི་བཏོན་པ་དེ་ཡག་པོ་རེད། དང་བླངས་བ་དང་འོས་འདོན་མཁན་མང་པོ་ཞིག་ཡོད་པ་དེ། མང་གཙོའི་འཕེལ་རིམ་ཁྲོད་ཀྱི་ཡར་རྒྱས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཁོངས་སོ་སོ་ནས་ལས་འགུལ་སྤེལ་ཏེ་གཏམ་བཤད་དང་མ་འོངས་པའི་དགོངས་ཚུལ་དང་། མ་འོངས་པའི་འཆར་གཞི་སོགས་ཁྱབ་བསྒྲགས་བྱེད་ཀྱིན་པ་དེ་ལེགས་པའི་ཆ་མ་གཏོགས་ཉེས་པའི་ཆ་གང་ཡང་མཐོང་གི་མེད། ཡིན་ནའང་། རྒྱལ་ཁབ་ཡོད་མེད་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད། ང་ཚོར་རྒྱལ་ཁབ་མེད་སྟབས་བཀའ་བློན་ཁྲི་པས་ཁས་ལེན་མང་པོ་བྱས་ཀྱང་། བསྒྲུབ་ཐུབ་མིན་གཉིས་ལས་མི་ཐུབ་པའི་ལམ་ཁ་དེར་ཐག་ཉེ་བ་ཡོད་པ་རེད་ལ། བསྒྲུབ་རྒྱུར་ཡང་ཚོད་དཔག་བྱས་ནས་འགྲོ་རྒྱུ་ལས་གདེང་ཚོད་ཆེན་པོ་གང་ཡང་མེད། དེ་བཞིན་གཞིས་ལུས་བོད་མི་ཚོར་མཚོན་ན་ཡང་འོས་བསྡུ་དང་འདེམས་སྒྲུག་གི་སྐབས་མེད་སྟབས། རང་དབང་གི་ལུང་པར་ཡོད་པའི་ཁྲོད་མ་ནོར་བར་འདེམས་སྒྲུག་གཟེངས་སུ་བསྟོད་རྒྱུ་ལས། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་རེག་རྒྱུ་ཁག་པོ་རེད། བཀའ་ཁྲིར་དངོས་སུ་སླེབས་པའི་མི་ལ་མཚོན་ནའང་། ཁོང་ལ་འགན་ཞིག་ཡོད་པ་དེ་བོད་རྒྱ་ཆེའི་མི་མང་གིས་ཡིད་ཆེས་བློ་འགེལ་དང་། ༧གོང་ས་མཆོག་ལ་དཔུང་འདེགས་རྒྱབ་སྐྱོར་ཞུ་རྒྱུར་ཡིད་ཆེས་བྱས་པའི་ཐོག་འོས་བླུགས་ཡོད་སྟབས། མི་མང་གི་མངོན་འདོད་ཐད་འབད་བརྩོན་མ་བྱས་ན་འགྲིག་གི་མ་རེད། སྤྱིར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་གཞུང་འདི་རུ་ལས་སྨོན་རྟེན་འབྲེལ་གྱི་རྒྱུ་རྐྱེན་མ་ཚང་བར་ཚེ་འོས་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། མི་མང་གིས་མི་སུ་འདྲ་ཞིག་ལ་འོས་བླུགས་ཀྱང་དོ་བདག་དེས་མི་མང་གི་མངོན་འདོད་བརྒྱ་ཆའི་བརྒྱ་མི་འགྲུབ་ཀྱང་། གང་ཡོང་ཅི་ཡོང་ཞིག་བྱེད་ཀྱི་རེད་བསམ་པ་ཞིག་དྲན་གྱི་ཡོད་ལ། མི་མང་གི་ངོས་ནས་ཀྱང་འོས་བསྡུ་སྐབས་ལྷོད་ཡངས་དང་གཞན་གྱི་ཟེར་རྗེས་འབྲང་རྒྱུ་མ་ཡིན་པར་འགན་ཞིག་འཁྱེར་བའི་ཐོག་མ་ནོར་བ་ཞིག་འདེམས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
ཡང་ཁོང་གིས། ༧གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་ལ་སྲིད་བྱུས་གཏན་འབེབས་གནང་ཡོད་པ་རེད། ཉམས་མྱོང་ཅན་མང་པོ་ཞིག་གིས་ད་ལྟའི་གནད་འགག་གི་ལས་ཀ་དེའི་དགེ་སྐྱོན་དང་ཕན་གནོད་སོགས་ལ་བལྟས་ཏེ། མ་འོངས་པའི་བཀའ་བློན་ཁྲི་པའི་འོས་གཞི་རང་ཉིད་མ་རྨོངས་པའི་ཐོག་ཐག་གཅོད་བྱ་རྒྱུ་ལས་གང་འདོད་བྱ་རྒྱུ་མ་རེད་ལ། བྱེད་སའང་ཡོད་པ་མ་རེད་བསམ་གྱི་ཡོད། ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་གནས་དུས་དང་འཚམས་པའི་ལས་ཀ་ཞིག་བསྒྲུབ་དགོས་སྟབས། བཀའ་སྤྱིའི་འོས་བསྡུའི་སྐབས་མཚམས་སུ་སླེབས་སྐབས་གཞི་ནས་དོ་སྣང་སྤྲོད་རྒྱུ་མ་ཡིན་པར་སྔོན་ཚུད་ནས་བརྒྱུད་ལམ་དང་ཚགས་ཤོག་ཁག་ལ་བལྟས་ཏེ། བསམ་བློ་ཡག་པོ་བཏང་སྟེ་གདམ་ནོར་མ་ཐེབས་པ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
བཀའ་ཟུར་ཕུན་རབ་བློ་བཟང་དར་རྒྱས་ལགས་ཀྱིས། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དང་བླངས་ཐོག་བཀའ་ཁྲིའི་འོས་གཞི་ལངས་ཀྱིན་པ་དེ་ཡག་པོ་རེད་བསམ་གྱི་ཡོད། གང་ཡིན་ཞེ་ན། ༸གོང་ས་མཆོག་གིས་ང་ཚོ་མང་གཙོའི་ལམ་དུ་འགྲོ་ཆེད་དང་མི་མང་མང་གཙོའི་ལམ་དུ་འཁྲིད་ཆེད་སྐུ་ངལ་གང་མང་ཞིག་བསྐྱོན་ཡོད་པ་རེད། ཁོང་གིས་སྐུ་ངལ་བསྐྱོན་པ་ཇི་བཞིན་ང་ཚོའི་མི་མང་ཡང་བཙན་བྱོལ་ལ་དཔག་པའི་གནས་ཚད་མཐོན་པོ་ཞིག་ལ་སླེབས་ཡོད་པ་རེད་བསམ་གྱི་ཡོད། དེ་འདྲའི་ཚད་མཐོ་བོོ་ཞིག་ལ་སླེབས་པ་དང་ལམ་ཁ་དེར་འགྲོ་བཞིན་པའི་སྐབས་འདིར་མི་མང་གིས་དབུ་ཁྲིད་པའི་བཀའ་ཁྲིར་དང་བླངས་ཐོག་ལངས་ཀྱིན་པ་དེ་མང་གཙོའི་འགྲོ་ལུགས་ཐོག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་དབུ་མའི་ལམ་དང་རང་བཙན་གང་ཡིན་ཡང་གཞིས་སྡོད་བོད་མིའི་མངོན་འདོད་བསྒྲུབ་རྒྱུ་ལས་འགན་གཙོ་བོ་རེད། དེ་ལ་ཡང་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་དང་རྒྱལ་ཁབ་གཞན་དང་འབྲེལ་ལམ་སོགས་བོད་དོན་བདེན་མཐའ་སེལ་ཐབས་ལ་བསམ་བློ་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བོད་ནང་གི་བོད་མིས་བོད་དོན་བདེན་མཐའ་སེལ་བར་རེ་བ་རྒྱག་ས་གཙོ་བོ་བོད་གཞུང་ཆགས་ཡོད་སྟབས། ཇི་སྲིད་ང་ཚོའི་བདེན་མཐའ་མ་སེལ་དེ་སྲིད་དུ་སྐྱབས་བཅོལ་གཞུང་ཡུན་གནས་དང་སྒྲིག་འཛུགས་སྲ་བརྟན་དུ་གནས་ཐུབ་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེེད་ཅེས་གསུངས་བྱུང་།
ཡང་ཁོང་གིས། མ་འོངས་པའི་བཀའ་ཁྲིའི་ངོས་ནས་ད་ལྟའི་གཞུང་གི་སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐད་འགྱུར་བ་བཏང་ཚེ་ཡག་པོ་ཡོང་གི་རེད་བསམ་ལ། གནས་ཚུལ་ཁག་ཅིག་མུ་མཐུད་གནས་དགོས་ཐུག་གི་རེད་བསམ་གྱི་ཡོད། གང་ལྟར་འགྱུར་བ་གཏོང་དགོས་མིན་གཉིས་འབྱུང་གི་རེད་བསམ། ཡིན་ནའང་། བཀའ་ཁྲི་གལ་ཆེན་པོ་ཡིན་པ་གང་ཞིག་ལ་གཞུང་གི་འཛིན་སྐྱོང་ཐད་སྤྱི་འཐུས་དེ་ཡང་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད། བཀའ་བློན་ཁྲི་པ་འཇོན་པོ་དང་ཡག་པོ་གང་འདྲ་ཞིག་ཡིན་ཡང་སྐྱོན་དང་ནོར་འཁྲུལ་འབྱུང་ངེས་སྟབས། བཀའ་ཁྲིའི་སྐྱོན་དང་ནོར་འཁྲུལ་ཐེར་འདོན་བྱ་མཁན་དང་ཐད་ཀར་བཀའ་ཁྲིའི་ལས་གཞིའི་སྒང་ལ་ལག་པ་འཆང་ཐུབ་མཁན་དེ་སྤྱི་འཐུས་ལས་ཡོད་པ་མ་རེད། དེར་བརྟེན་མི་མང་གི་ངོས་ནས་རང་ཉིད་ཀྱི་སྐུ་ཚབ་མཚོན་ཐུབ་པའི་སྤྱི་འཐུས་ཡག་པོ་ཞིག་འདེམས་དགོས་ལ། སྤྱི་འཐུས་རྣམ་པས་ཀྱང་རང་ངོས་ནས་འགན་འཁུར་ཐུབ་པར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་དག་འདེམས་པ་ལ་ང་ཚོས་གནས་ཡུལ་རྒྱ་གར་ལྟར་དབང་ཐང་ཆེ་ཆུང་དང་རྒྱུ་འབྱོར་བ་ཡོད་མེད། ཚོགས་པ་ཁག་གི་དབང་ཤུགས་ཀྱིས་མི་མང་ཁྲིད་འགྲོ་བཞིན་པ་དེ་དག་མིག་དཔེར་མི་བལྟ་བར་རང་ངོས་ནས་བཀའ་ཁྲི་དང་སྤྱི་འཐུས་ཐག་གཅོད་བྱ་དགོས། སྔ་ས་ནས་ཚགས་ཤོག་དང་རླུང་འཕྲིན་སོགས་བརྒྱུད་ལམ་འདྲ་མིན་ཁག་ནས་ཐོན་པའི་གནས་ཚུལ་ལ་དོ་སྣང་དང་རྒྱུས་ལོན་གྱིས་འོས་གཞི་གྲ་སྒྲིག་བྱས་ཏེ། སྒྲུབ་ཐུབ་པ་དེ་བསྒྲུབ་རྒྱུ་གལ་ཆེན་པོ་རེད། བཙན་བྱོལ་བོད་མི་མང་ཆེ་བར་སེམས་ཤུགས་དང་ལྷག་བསམ་ཡོད་ཀྱང་། སྐབས་རེར་དོ་སྣང་ཆུང་དྲགས་པ་དང་གནས་ཚུལ་དངོས་མ་ཤེས་པ་སོགས་ཀྱི་དཀའ་ངལ་གང་མང་ཞིག་འབྱུང་གི་ཡོད་སྟབས། དེའི་རིགས་ལ་རང་ངོས་ནས་དོ་སྣང་དང་གལ་ཆེན་དུ་གཟིགས་ཏེ་རང་ལ་ཡོད་པའི་འགན་འཁྲི་དང་ཁེ་དབང་བེད་སྤྱོད་བཏང་སྟེ། བཀའ་སྤྱིའི་འོས་མི་ཡག་པོ་ཞིག་འདེམས་དགོས་ཞེས་གསུངས།
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲེས་ནང་རྣམ་རྒྱལ་ཚེ་རིང་ལགས་ཀྱིས། ༸གོང་ས་མཆོག་དགུང་ན་བགྲེས་པོར་ཕེབས་ཀྱིན་པ་དང་། རྒྱ་ནག་གི་མཁྲེགས་བཟུང་སྐུ་ངལ་ཆེ་བའི་གཉེན་འཕྲང་གི་སྐབས་སུ་གཞིས་བྱེས་བོད་མི་ཡིན་ནོ་ཅོག་གིས་༸གོང་ས་མཆོག་གི་བཀའ་སློབ་སྙིང་བཅངས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་དང་ཆབས་ཅིག་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་ལ་སྨན་པའི་འབད་བརྩོན་ཤུགས་བསྐྱེད། མང་གཙོའི་ཀ་བ་གསུམ་སྤྱི་དང་དེའི་ཡ་གྱལ་འཛིན་སྐྱོང་ཚན་པའི་གནང་སྒོ་འཛིན་སྐྱོང་། ལྷག་པར་ཆབ་སྲིད་དང་འབྲེལ་བའི་མཛད་དོན་རྣམས་གལ་ཆེན་ཡིན་པ་ངོས་འཛིན་གྱིས་འཛིན་སྐྱོང་ཚན་པའི་སྤྱི་ཁྱབ་བཀའ་ཁྲི་ཡག་པོ་ཞིག་མང་གཙོའི་འགྲོ་ལུགས་དང་མཐུན་པར་འོས་བསྡུའི་ལམ་ནས་དྲག་འདེམས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་སང་མི་མང་གི་ཁྲོད་ནས་ངས་འཇོན་གྱི་ཡོད་ངས་ཐུབ་ཀྱི་ཡོད་ཅེས་དང་བླངས་ཀྱིས་བཀའ་ཁྲིའི་འོས་གཞིར་ཕེབས་འདོད་པ་ཇི་སྙེད་ཅིག་ཡོང་གི་ཡོད་འདུག་པ་ཧ་ཅང་ཡག་པོ་རེད། དངོས་སུ་མཛད་འགན་བཞེས་པའི་སྐབས་སུ་རེ་བ་སྟོང་ཟད་དང་བློ་ཕམ་མི་འབྱུང་བ་ཞིག་ངེས་པར་དུ་དགོས་པ་རེད་དྲན་གྱི་འདུག བཀའ་བློན་ཁྲི་པ་དེ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་བཅས་ཀྱི་ནང་གསལ་བའི་ཆ་རྐྱེན་རྣམས་ལྡན་ཞིང་། ༸གོང་ས་མཆོག་གི་ཐུགས་རེ་དང་མི་མང་གི་མངོན་འདོད་བཞིན་དོན་དམ་གྱི་ཕྱག་ལས་གནང་ཐུབ་མཁན། འཇོན་ཐང་གིས་མཚོན་ཁྱད་པར་བའི་ཡོན་ཏན་གྱིས་ཕྱུག་པ་ཞིག་བྱུང་བ་ཡིན་ན། སྐྱ་སེར་དང་ཕོ་མོ་དགུང་ན་བགྲེས་གཞོན་གྱི་ཁྱད་པར་ཡོད་པ་མ་རེད་ཅེས་གསུངས་བྱུང་།
ཡང་ཁོང་གིས། བཀའ་ཁྲིའི་སྒྲུབ་དགོས་པའི་མཛད་འགན་གཙོ་བོ་གང་ཡིན་འགྲེལ་བཤད་རྒྱག་མི་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་འབེབ་ཡོད་པ་ཆ་ཚང་བསྒྲུབ་དགོས་པ་རེད་ལ། དེའི་ཐོག་ཁྲིམས་དང་སྒྲིག་གཞིར་མ་འགལ་བར་ཕྱག་ལས་འཐོལ་བ་གནང་མི་ཆོག་པ་མ་རེད། ༸གོང་ས་མཆོག་དགུང་ན་བགྲེས་པོར་ཕེབས་ཀྱི་ཡོད་སྟབས་བཀའ་བློན་ཁྲི་པས་དམིགས་བསལ་གྱི་ཐུགས་འགན་བཞེས་དགོས་སྐོར་མི་མང་ཁྲོད་གླེང་གིན་པ་དེའི་ཐད་མི་མང་གི་ངོས་ནས་ཁོང་གི་དགོང་གཞི་གཞིར་བཟུང་བཀའ་དགོངས་ཅི་སྒྲུབ་ཞུས་པ་ཡིན་ན། ཁོང་གིས་སྐུ་ཚེ་རིང་པོར་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད། གལ་སྲིད། མ་འོངས་པར་ཁོང་ཞལ་མ་བཞུགས་པའི་དུས་ངན་ཞིག་འཆར་ཚེ་དཀའ་སྡུག་མང་པོ་འཕྲད་ངེས་སྨོས་མི་དགོས་སྟབས། དེ་འདྲའི་དུས་སྐབས་སུ་ཐུགས་འགན་བཞེས་མཁན་སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་པ་འདེམས་བསྐོ་དགོས་པའི་ཆ་རྐྱེན་བཅའ་ཁྲིམས་དོན་ཚན་ ༣༡ ནས་ ༣༥ ནང་འཁོད་པ་ལྟར་ཕྱག་བཞེས་བསྟར་རྒྱུ་རེད། མི་མང་གིས་ཁྲིམས་སྒྲིིག་ལ་ཐུགས་སྣང་དང་དེའི་དོན་མཁྱེན་ཐུབ་པ་གནང་དགོས་རྒྱུ་གལ་ཆེན་རེད། དེ་བཞིན་བཀའ་བློན་ཁྲི་པ་གལ་ཆེན་ཡིན་པ་ཚང་མས་གླེང་བཞིན་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་གཞིར་བཟུང་ཐོག་བཀའ་ཁྲི་གནང་ཐུབ་མཁན། འཇོན་ཐང་ཆེ་ཞིང་དྲང་ཚུགས་ལྡན་པའི་མི་ཡག་པོ་ཞིག་ཡོང་ཐབས་སུ་ཚང་མས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་འཐེན་འཁྱེར་མེད་པར་མང་གཙོའི་ཁེ་དབང་ལ་ཚུལ་བཞིན་ཅིས་ཀྱང་སྤྱོད་ཐུབ་པ་གནང་དགོས་ཞེས་གསུངས།
བདེ་སྲུང་དྲུང་ཆེ་ཟུར་པ་སྐལ་བཟང་དགྲ་འདུལ་ལགས་ཀྱིས། ད་ལྟ་སྤྱི་ཚོགས་ནང་མི་སྣ་མང་པོ་ཞིག་མི་མང་གི་གདོང་ལ་བུད་དེ་ངས་བསྒྲུབ་རྒྱུ་ཡིན་དང་ལས་རྒྱུ་ཡིན་ཟེར་བ་དེ། ང་ཚོའི་སྤྱི་ཚོགས་འདི་ཡར་རྒྱས་འགྲོ་བཞིན་པ་ཞིག་དང་མི་མང་ལ་བསམ་བློ་གསར་བ་ཞིག་སླེབས་ཀྱིན་པའི་རྣམ་པ་མཐོང་གི་འདུག མ་འོངས་པའི་ལག་ལེན་དངོས་ཀྱི་ཐོག་ཁོང་ཚོས་གང་འདྲ་ཞིག་འཇོན་མིན་བཤད་དཀའ་ཡང་། ཁོང་ཚོ་དང་བླངས་ཐོག་ལངས་པ་དེ་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ཆོད་སེམས་དང་སྤོབས་པ། སེམས་ཤུགས་བཅས་ཀྱི་ཐོག་ནས་ལངས་པ་རེད་བསམ་གྱི་ཡོད། སྤྱིར་བཀའ་བློན་ཁྲི་པ་དེ་བཙན་བྱོལ་བོད་གཞུང་གི་རྐུབ་སྟེགས་མཐོ་ཤོས་དང་དབང་ཚད་ཆེ་ཤོས་དེ་རེད། གལ་སྲིད། ༸གོང་ས་མཆོག་བཞུགས་མ་བཞུགས་པའི་གནས་ཚུལ་བྱུང་ཚེ་ལམ་སེང་ང་ཚོའི་མི་མང་ལ་དབུ་འཁྲིད་མཁན་ཞིག་ངེས་པར་དུ་དགོས་པ་རེད། ད་ལྟའི་དུས་འདིར་ཡང་བོད་གཞུང་གི་ལས་ཀ་མང་ཆེ་བ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྒྲུབ་ཀྱིན་ཡོད་པ་ལས། ༸གོང་ས་མཆོག་རང་ཉིད་ཀྱིས་བསྒྲུབ་ཀྱི་མེད་ཅེས་གསུངས་ཡོད་པ་རེད། དེ་ལྟར་ཕྱོགས་ཡོངས་ནས་བསམ་བློ་བཏང་ན་ང་ཚོར་བཀའ་ཁྲི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་དགོས་པར་མ་ཟད། མི་དྲང་པོ་ཞིག་དགོས་ཀྱི་ཡོད་པ་རེད་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་སླེབས་ཐུབ་ན་རབ་རེད་ཅེས་གསུངས་བྱུང།
ཡང་ཁོང་གིས། འདས་པའི་བཀའ་ཁྲིར་མཚོན་ན་ཕྱོགས་འདི་ནས་ཡར་རྒྱས་ཕྱིན་ཡོད་ཅེས་བཤད་དཀའ་ཡང་། གང་ཡོང་ཅི་ཡོང་གནང་སོང་བསམ་པ་ཞིག་དྲན་བསྡད་ཡོད། སྐབས་གསུམ་པའི་བཀའ་བློན་ཁྲི་པ་གསར་རྙིང་དང་རྒན་གཞོན་གང་འདྲ་ཞིག་སླེབས་ཀྱང་། ཕྱོགས་འདི་ནས་འགྱུར་བ་འགྲོ་གི་རེད་ཅེས་བཤད་དཀའ་བ་ཞིག་རེད། ཡིན་ཡང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆོས་སྲིད་གཉིས་ཀྱི་ཐད་ལ་རླབས་ཆེན་གྱི་ཕྱག་ལས་གནང་བ་ལྟར། མ་འོངས་པར་ཡང་ཆོས་སྲིད་གཉིས་ཀའི་ཐོག་ནས་ཡར་རྒྱས་གཏོང་དགོས་པ་རེད་དྲན་གྱི་འདུག ད་ལྟའི་དང་བླངས་བཀའ་ཁྲིའི་འོས་གཞིའི་ཁྲོས་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སྔོན་མར་བཀའ་ཁྲིའི་ཕྱག་ལས་གནང་མྱོང་མཁན་དང་ཕྱག་ལས་མང་པོ་གནང་མཁན་ཞིག་ཡིན་པའི་ཆ་ནས་ཡག་པོ་མེད་འགྲོ་བསམ་གྱི་འདུག གཞན་རྣམས་ལ་འདི་དང་འདིའི་ཕྱོགས་ནས་ཡག་པོ་རེད་ཅེས་ང་ལ་བཤད་རྒྱུ་མེད། གང་ལྟར། བཀའ་ཁྲི་གསར་བ་ཞིག་སླེབས་ཚེ་གཞུང་གི་ལས་ཀ་གང་མང་ཞིག་ལ་འགྱུར་བ་ཞིག་ཏན་ཏན་འགྲོ་རྒྱུ་རེད་བསམ་ལ། འགྱུར་བ་འགྲོ་དགོས་པ་ཞིག་རེད་བསམ། གཙོ་བོ་འཛམ་གླིང་གི་འགྱུར་འགྲོས་དང་ང་ཚོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་འགྱུར་བ་འགྲོ་དགོས་པ་རེད། ཕྱག་ལས་ཀྱི་ཕྱོགས་ནས་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་ཡར་རྒྱས་དང་མི་མང་གི་འཚོ་བའི་དཀའ་ངལ་ལ་དམིགས་ཏེ་བསྒྲུབ་དགོས་པའི་ལས་ཀ་ཆ་ཚང་བསྒྲུབ་དགོས་པ་རེད། ལས་ཀ་མང་པོ་དེའི་ནང་ནས་ཀྱང་གལ་ཆེ་བ་དེ་བོད་རྒྱ་འབྲེལ་མོལ་རེད་ཅེས་གསུངས་བྱུང་བར་མ་ཟད། མ་འོངས་སླེབས་ལ་ཉེ་བའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་མི་མང་གི་ངོས་ནས་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་གྱི་དབང་དུ་མ་སོང་བར། ཚང་མས་བོད་སྤྱི་བའི་ལས་དོན་ལ་བསམ་བློ་བཏང་སྟེ་དྲང་པོ་དྲང་བཞག་དང་བོད་ཆོལ་གསུམ་ཆིག་བསྒྲིལ་བྱ་ཐུབ་མཁན་གྱི་མི་སྣ་ཞིག་འདེམས་དགོས་ཞེས་གསུངས།
གསར་འགོད་པ། དོན་གོ་དང་དཔལ་ལྡན།
ངས་བདེ་སྲུང་ལས་ཁུངས་སུ་བརྩད་གཅོད་བྱས་པས་སྐལ་བཟང་དགྲ་འདུག་ལགས་ ༡༩༧༥ ནས་ ༡༩༧༦ ལོ་གཅིག་རིང་བདེ་སྲུང་དྲུང་ཚབ་གནང་འདུག་ཀྱང་དྲུང་ཆེ་གནང་མི་འདུག་ལགས།
གངས་ཆབ་ལ་ཞུ་དོན།
རྒྱ་རི་སྒྲོལ་མ་དང་བླངས་འོས་མི་ལངས་པ་རེད་བརྗོད་དོན་གང་ཡིན་ནམ།
རྒྱ་རི་སྒྲོལ་མ་ཚོགས་པ་མིན་འདྲ་བ་གསུམ་ནས་གཏོན་པའི་བཀའ་ཁྲིའི་འོས་མི་ཞིག་རེད
་ཁྱོད་རང་གིས་བསམ་གཞིག་མ་བྱས་པའི་ཕྱོགས་ཞེན་གྱིས་དྲངས་པའི་གཏམ་འཆལ་ཞིག་ཐལ་འདུག་གོ
བཀུར་འོས་ཀློག་པ་པོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། གསར་འགྱུར་འདིའི་སྟེང་གི་རྒན་རབས་པ་སྐལ་བཟང་དགྲ་འདུལ་ཁོང་བདེ་སྲུང་དྲུང་ཆེ་ཟུར་པ་ཡིན་མིན་ང་རང་ཉིད་ལའང་གསལ་ཁ་མེད། ཡིན་ནའང། ཁོང་དྲུང་ཆེ་ཟུར་པ་ཡིན་མིན་དོ་བདག་ཁོང་གིས་གསར་འགོད་པ་འབྲེལ་བརྗོད་བྱས་མཐར་འདིར་ཁོང་གིས་བཤད་པ་ལྟར་བཀོད་པ་ཡིན། གལ་སྲིད། ཁྱེད་ལ་དོགས་པ་འདྲ་ཡོད་ན། གསལ་བཤད་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
གསར་འགོད་པ་ལགས། སྐལ་བཟང་དགྲ་འདུལ་ལགས་བདེ་སྲུང་དྲུང་ཆེ་ག་དུས་གནང་བ་རེད་འདུག ཁོང་གྲ་བཞིའི་བརྒྱ་དཔོན་དང་། དེ་རྗེས་སྤྱི་འཐུས་ཚོགས་གཞོན། གཞིས་ཆགས་ཁག་མང་པོའི་གཞིས་འགོ་གནང་མྱོང་བ་སོགས་ཤེས་ཀྱི་ཡོད་ཀྱང་བདེ་སྲུང་དྲུང་ཆེ་ག་དུས་གནང་མིན་ཤེས་མ་སོང་བས་གསལ་བཤད་ཡོང་བ་ཞུ།
མང་གཙོའི་རྒྱལ་ཁབ་ཁག་ནང་ཆབ་སྲིད་པ་ཚོས་དངུལ་དང་། དབང་ཆ་འཐབ་རྩོད་ཀྱི་ཆེད་དུ་རང་རྒྱལ་གཞན་ཕམ་གྱི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་ཀྱི་ཡོད་པ་ལྟར་འབུར་དུ་ཐོན་པའི་བཀའ་ཁྲིའི་འོས་གཞི་ཚང་མར་གཞི་མེད་ངན་སྨྲས་སྣ་ཚོགས་་བྱེད་སྟངས་འདི་ནི་ང་ཚོ་བོད་མིའི་སྤུས་ཚད་འདི་འདྲ་ཞིག་ཡིན་ཟེར་མཁན་ལྟ་བུ་དངོས་གནས་ངོ་ཚ་དགོས་པ་དང་། དགྲ་དགའ་གཉེན་སྐྱོའི་གནས་ཚུལ་ཞིག་རེད། གལ་སྲིད་ལས་འགན་ཞིག་འཁྱེརཏེ་བྱེད་ཀྱི་ཡོད་ན་གནས་ཚུལ་ལོགས་སུ་རེད། དེ་མིན་མ་རིག་རྨོངས་པའི་དབང་གིས་བྱེད་ཀྱི་ཡོད་ན་གཟབ་དགོས་པ་འདུག།
དོན་དུ་ཡང་སྙིང་བཀའ་བློན་དང་། སྤྱི་འཐུས་ཕུན་སུམ་ཚོགས་པ་ཞིག་སླེབས་ན་ང་ཚོ་ས་ཡ་དྲུག་ཐོབ་པ་རེད། དེ་ལས་ལྡོག་ན་ང་ཚོ་ས་ཡ་དྲུག་ཤོར་པ་རེད་མ་གཏོགས་གང་ཟག་སྒེར་ལ་ཐོབ་ཤོར་གྱི་གནད་དོན་དེ་ཙམ་ཆེན་པོ་མཐོང་གི་མེད། བྱས་ཙང་ང་ཚོ་སྤུན་གྲོགས་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་གྱི་དབང་དུ་མ་སོང་བར་ང་ཚོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་མགྱོགས་ནས་མྱུར་དུ་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་སུ་༧རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་འོག་ཏུ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་སྒྲུབ་རྒྱུར་རེ་བལྟོས་ཆོག་པའི་བཀའ་བློན་དང་། སྤྱི་འཐུས་ཤེས་འཇོན་ཡོད་པ་སླེབས་རྒྱུར་དོ་སྣང་དང་། འབད་རྩོལ་བྱེད་རྒྱུ་ནི་སྐབས་སུ་བབས་པའི་ལས་འགན་གལ་ཆེ་ཞིག་རེད་སྙམ་མོ།།
འོད་ཡུག་པའི་འཁྱམས་པོ་ཁྱེད་ཉིད་ནས་བློ་བཟང་སེང་གེ་མཆོག་ལ་སྨ་འབེབས་སམ་ཡང་ན་ཚང་གྲུ་བ་སོགས་གང་བྱེད་འདོད་ཡོད་། སྐོར་བ་མ་སྐོར་བར་ཁར་ཐུག་བཤད་ན་ཕོ་རབས་ཞིག་ཡིན།
ལྷན་རྒྱས་ཚོས་གཤམ་གསལ་གནས་ཚུལ་དེ་གོ་ཐོས་འདྲ་བྱུང་སོང་ངམ།
ཉེ་ལམ་བློ་བཟང་སེང་གེ་ཟེར་བའི་བཀའ་ཁྲིར་འདོད་པས། ༼གལ་ཏེ་ང་བཀའ་ཁྲིའི་འོས་བསྡུ་ལས་འཕམ་ཚེ་གངས་ཅན་སྐྱིད་གཤོངས་སུ་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་༽ཟེར་བ་དང་། བཙན་བྱོལ་ལས་ཁུངས་ཁག་ལ་རྒྱུས་མངའ་ཡོད་པའི་རྒྱུ་མཚན་ཡང་༼སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཚོགས་ཟུར་རྒྱ་རི་སྒྲོལ་མ་གཉིས་ཀྱི་མདུན་ནས་གུང་སེང་དང་བསྟུན་སློབ་ཁྲིད་ཞུས་༽ཟེར་བ། །
མདོར་བསྡུས་ན། བཀའ་བློན་ཁྲི་བ་ཡག་པོ་ཞིག་འདེམས་རྒྱུ་གལ་ཆེན་པོ་རེད་ལབ་འདུག
ཧ་ཆང་བཟང་པོ་འདུག་པའི་ད་བཅར་དྲི་གཉིས་པ་དེ་ནི་ཆོས་ལུགས་རེས་མེད་ཐོག་བླ་ཆེན་རྣམས་ལ་དྲི་བ་རེ་ཕུལ་དགོས་པ་ཡིན། དེ་ནི་ཆོས་སྲིད་ཟུང་འབྲེལ་ཡིན་པའི་མཚོན་བྱེད་ཡག་ཤོས་ཞིག་ཡིན།
རྒན་རབས་པ་ཁག་ཅིག་གི་དགོངས་ཚུལ་རྗེས་སུ་ཡི་རུང་ཡོད།འགའ་ཞི་གི་གསུང་སྟེང་དེ་འདྲ་ཡག་པོ་ཞིག་མིན་ཡང་མང་བའི་ཆ་ནས་ཤུན་ཏུ་ལགས་པས་ཐུགས་རྗེ་ཆེ་ཞུ།ཁོང་ཚོའི་གསུང་བ་ལྟར་མི་མང་གི་འོས་འདེམས་སྐབས་ངེས་པར་ཆ་ཤེས་ལེན་རྒྱུ་དེ་གལ་ཆེན་པོར་རེད་ལ་དེ་ལེན་ཡང་དགོས་།མི་མང་ནས་ཆ་ཤེས་་ལེན་ཆེད་གཞུང་ཕྱོགས་ནས་བསམ་བློ་བཏང་སྟེ་རང་བཙུན་ལག་དེབ་ཐོག་དཀའ་ངལ་མེད་པ་ཞིག་བཟོ་རྒྱུ་དང་།རང་བཙུན་ལག་དེབ་གསར་བཟོ་དང་དུས་ཚོད་རྫོགས་ཟིན་པ་དག་ལ་མི་མང་ལ་དཀའ་ངལ་མེད་པ་ཞིག་བྱེད་ཐུབ་ན་ཕན་ཐོག་ཆེན་པོ་མཐོང་།དེ་སྒྲུབ་མ་ཐུབ་ན་མི་མང་ནས་ཆ་ཤེས་ལེན་ཁག་པོ་ཡིན་པས་དགོངས་པ་བཞེས་རོགས་ཞུ་།རང་བཙུན་ལག་དེབ་མ་བཟོའི་ན་ཆད་པ་དང་ཉེས་པ་གང་ཡང་ལག་ལེན་མེད་པས་མ་བཟོའི་ཡང་གནོད་ཤུགས་མེད་པས་དེ་ལས་བཟོ་མཁན་བྱུང་ན་མྱུར་ཏུ་བཟོ་རྒྱུ་རེ་བ་ཆེན་པོ་ཡོད།ཕྱི་ཕྱོགས་ལ་འགྲོ་མཁན་འགའ་ཞིག་ལ་གནོད་ཤུགས་ཆེད་མི་མང་ལ་དཀའ་ངལ་སྤྲད་པ་དེ་ཚོ་དགོས་པ་ཆེར་མ་མཐོང་།
གོང་གསལ་དེ་དག་ལ་ངས་གཟབ་ནན་བྱས་ནས་ལྟ་ཁོམས་མ་བྱུང་བས་རྗེས་སུ་ངས་ལྟ་ངེས་ཡིན་ཁྱེད་རྣམས་འོ་རྒྱལ་ཆེ་སོང་།
བདེ་སྲུང་དྲུང་ཆེ་ཟུར་པ་བཀའ་བཟང་དགྲ་འདུལ་ལགས་ཀྱིས་གསུངས་སྟངས་ལ་ལྟོས་་དང་ལྟོས་དང།བཀྲས་མཐོང་ལ་དང་བླངས་བཀའ་ཁྲིའི་འོས་གཞི་བརྗོད་དགོས་དོན་གང་ཡིན་ནམ།བཀྲས་མཐོང་ནི་དང་བླངས་ཐོག་ལངས་མཁན་གྱི་བཀའ་ཁྲི་དེ་མ་ཡིན།དང་བླངས་ཐོག་ལངས་མཁན་ནི།སྒྲོལ་མ་དང་ཚོགས་གཙོ་སྤེན་པ།དེ་ག་ནང་བཞིན་ཕུར་བུ་རྡོ་རྗེ་དང་ཚེ་བརྟེན་ནོར་བུ་སོགས་རེད།ཁོང་གི་དངོས་གནས་དོ་སྣང་དང་ཞིབ་འཇུག་གཏན་ནས་གནང་མི་འདུག
ད་དུང་བཀྲས་མཐོང་ལ་ཉམས་མྱོང་ཡོད་རབས་དང་ཡག་པོ་མེད་འགྲོ་ཟེར་ནས་མཚན་ཡང་སྨོན་འདུག་ཧ་ཧ་ཧ།རྙིང་ཞེན་ད་དུ་ཡང་བསྡད་འདུག
བདེ་སྲུང་དྲུང་ཆེ་ཟུར་པ་བཀའ་བཟང་དགྲ་འདུལ་ལགས་ཀྱིས་གསུངས་སྟངས་ལ་ལྟོས་་དང་ལྟོས་དང།བཀྲས་མཐོང་ལ་དང་བླངས་བཀའ་ཁྲིའི་འོས་གཞི་བརྗོད་དགོས་དོན་གང་ཡིན་ནམ།བཀྲས་མཐོང་ནི་དང་བླངས་ཐོག་ལངས་མཁན་གྱི་བཀའ་ཁྲི་དེ་མ་ཡིན།དང་བླངས་ཐོག་ལངས་མཁན་ནི།སྒྲོལ་མ་དང་ཚོགས་གཙོ་སྤེན་པ།དེ་ག་ནང་བཞིན་ཕུར་བུ་རྡོ་རྗེ་དང་ཚེ་བརྟེན་ནོར་བུ་སོགས་རེད།ཁོང་གི་དངོས་གནས་དོ་སྣང་དང་ཞིབ་འཇུག་གཏན་ནས་གནང་མི་འདུག
ད་དུང་བཀྲས་མཐོང་ལ་ཉམས་མྱོང་ཡོད་རབས་དང་ཡག་པོ་མེད་འགྲོ་ཟེར་ནས་མཚན་ཡང་སྨོན་འདུག་ཧ་ཧ་ཧ།རྙིང་ཞེན་ད་དུ་ཡང་བསྡད་འདུག
འདི་ཚོ་ལས་དོན་རླབས་ཆེན་རེད། དངོས་གནས་ཡག་པོ་འདུག
གསར་འགོད་པ་ཟུང་ལ་བཀའ་དྲིན་ཆེ་ཞུ།