བཙན་བྱོལ་བོད་གཞུང་གི་མ་འོངས་པའི་ཉེན་ཁ་བདུན།
ཨ་འཇམ།
དང་པོ། ༸གོང་ས་མཆོག་གི་སྐུ་ཚེ་དང་འབྲེལ་བ།
ད་ལྟ་བོད་ཅེས་པ་འཛམ་གླིང་དུ་གྲགས་པར་གྱུར་བ་ཡང་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ཏུ་གཏོགས་པ་ཡང་ང་ཚོས་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གཏོགས་ལ། ད་ལྟའི་ཉག་ཕྲ་བའི་གནས་བབ་ཀྱི་ཆ་ནས་བརྗོད་ན་བོད་གནས་མིན་ཡང་གོང་ས་མཆོག་བཞུགས་མིན་དང་འབྲེལ་བ་ཤིན་ཏུ་དམ་པོ་ཡོད། དེ་ཡང་བོད་ནས་ཡོང་མཁན་གྱི་བརྒྱ་ཆའི་མང་ཤོས་ཀྱིས་གོང་ས་མཆོག་དང་གནས་མཇལ་དུ་འགྲོ་བ་ཙམ་ལས། གངས་ཅན་སྐྱིད་གཤོངས་མིག་གིས་མ་མཐོང་བའི་གྲངས་འབོར་བརྒྱ་ཆའི་མང་ཤོས་ཟིན་གྱི་ཡོད། གནས་ཚུལ་འདི་ལ་གཞིགས་ཚེ་གོང་ས་མཆོག་ནི་བོད་ཕྱི་ནང་གཉིས་ཀྱི་སྦྲེལ་ཐག་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། ཁོང་བཞུགས་པར་ཡང་ང་ཚོས་བརྟན་བཞུགས་ཁྲི་སྟོང་མང་བོ་ཕུལ་བས་ཡོང་བ་ཞིག་མིན་པར། ཁོང་གི་གསུང་དང་ཁོང་གི་དགོངས་གཞི་མང་བོ་ཞིག་ང་ཚོས་དང་ལེན་བྱེད་མིན་ལ་རག་ལས་ཡོད་པར་སེམས། ཡང་གཞོན་སྐྱེས་མང་བོ་ཞིག་གི་སེམས་སུ་གསལ་ལེར་དྲན་ཡོང་བ་ནི། འཛམ་གླིང་གི་མི་སྣ་རླབས་ཆེན་གང་ཞིག་ཡིན་ཡང་དུས་ཀྱི་ཚད་ཅིག་ཡོད་པར་སེམས་པའི་ཆོས་ཉིད་ཀྱི་སྡོམ་ཚིག་ཅིག་ལ་ཁག་འཇོག་སྲིད་ནའང། ང་ཚོའི་ད་ལྟའི་གནས་བབ་ནི་དེ་ལྟ་བུའི་སྐད་ཆ་སྟབས་བདེ་ཞིག་གི་འོག་ནས་ཐག་གཅོད་ཐུབ་པ་ཞིག་མིན་ཏེ། འུ་ཅག་གི་ཆོལ་ཁའི་བར་གྱི་འབྲེལ་བ། ཆོས་བརྒྱུད་བར་གྱི་འབྲེལ་བ། ཆབ་སྲིད་ལངས་ཕྱོགས་བར་གྱི་འབྲེལ་བ། བོད་ཕྱི་ནང་བར་གྱི་འབྲེལ་བ། གསར་འབྱོར་དང་གཞིས་ཆགས་བར་གྱི་འབྲེལ་བ་སོགས་རྙོག་དྲ་སྐྱ་འཐབ་པ་ལྟ་བུའི་སྣང་ཚུལ་མང་བོ་ཞི་བར་བྱེད་ཐུབ་པ་ཞིག་དང། ཀུན་གྱིས་ཁས་ལེན་པ་ཞིག་ཁོང་ལས་གཞན་ཞིག་འཚོལ་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཚུལ་ཞིག་སྟེ། འདི་ཡང་ད་ལྟ་ནས་བསམ་གཞིགས་བགྱིད་མ་ཐུབ་ཚེ་ཤིན་ཏུ་ཛ་དྲག་པའི་དུས་ཚོད་ཤར་ཚེ་ལྡོག་ཏུ་མེད་པའི་གནས་སྟངས་ཡ་ང་བ་ཞིག་ཏུ་འགྱུར་བར་ངེས་སོ།།
གཉིས་པ། བཙན་བྱོལ་གྱི་སློབ་གསོ་དང་འབྲེལ་བ།
སློབ་གསོའི་ལོག་ལམ་ནི་མི་རབས་དང་མི་རིགས་དེའི་མདུན་ལམ་གྱི་གྱོང་གུད་ཚབས་ཆེན་བསུབ་ཐབས་བྲལ་བ་ཞིག་ཏུ་འགྱུར་ངེས་ལ། ད་ལྟ་འུ་ཅག་བཙན་བྱོལ་བའི་སློབ་གསོ་ཡང་དུས་རབས་གཅིག་གི་ཕྱེད་ཙམ་ཕྱིན་རྗེས་གཞི་ནས་མི་རིགས་རང་ལུགས་ཀྱི་སྐད་ཡིག་སློབ་གསོའི་སྟེང་གི་ཉམས་ཉེས་ཤིག་ཚོར་ཡོད་ཀྱང། འདི་ལྟར་དུ་མི་རབས་གསུམ་འདས་ཟིན་པའི་ལོ་རྒྱུས་རང་བཞིན་གྱི་ཕྱིར་མིག་འདིས་བརྗོད་མི་ཤེས་པའི་ཤེས་ཡོན་སྲིད་ཇུས་སྟེང་གི་ཉེན་ཁ་ཞིག་མཐོང་ཐུབ་ཀྱི་འདུག་ལ། ད་ལྟ་ཡང་མུ་མཐུད་དུ་དེ་ལྟ་བུའི་ལམ་གར་ཤར་བསྐྱོད་བྱེད་ཚེ། ང་ཚོའི་མ་འོངས་པའི་མི་རབས་ཀྱང་གཡང་དུ་བརྡབ་མི་སྲིད་པའི་ངེས་པ་མེད་པས། ད་ལྟ་བཙན་བྱོལ་གྱི་སློབ་གསོའི་ཕྱོགས་ནས་བརྗོད་ཚེ་ཆེས་ཉེན་ཁ་མང་བོ་ཞིག་འབྲེལ་ཏེ་ཡོད་པ་ནི། ཉིས་སྟོང་བརྒྱད་ནས་བཟུང་བོད་ནས་ན་གཞོན་སླེབས་ཚད་ཀྱི་གྲངས་འབོར་བརྒྱ་ཆའི་དྲུག་ཅུ་བདུན་ཅུ་མར་ཆག་ཟིན་པས། ད་ལྟ་ང་ཚོའི་སློབ་གྲྭ་ཁ་ཤས་སྒོ་རྒྱག་དགོས་ཐུག་པའི་གནས་སྟངས་ཤིག་འབྱུང་བཞིན་ཡོད། ཡང་གཞན་ཞིག་ནས་བཙན་བྱོལ་གྱི་གཞོན་སྐྱེས་མང་བོ་ཞིག་ཐབས་ལམ་འདྲ་མིན་གྱི་བཙན་བྱོལ་དུ་གནས་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང། ད་ལྟ་ཉིན་རེ་ལས་ཉིན་རེར་ཐབས་ཤེས་འདྲ་མིན་གྱི་སྒོ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཤར་གྱི་ཡོད། དེ་ལྟར་ནུབ་ཕྱོགས་ཀྱི་བོད་མིའི་གྲངས་འབོར་འཕར་ཚད་ནི་ལོ་རེ་ནས་ལོ་རེར་ཆེས་མགྱོགས་པ་འདིས། ང་ཚོས་བཙན་བྱོལ་གཞུང་སྲ་བརྟན་གྱི་རྩ་ཚིག་ཅིག་གི་ཕྱིར་དུ་སློབ་གསོའི་ཟུར་སྣེ་མང་བོ་ཞིག་བློས་གཏོང་བྱེད་པ་ཡང་དུས་དང་འཚམ་པའི་བསམ་བློ་གཏོང་སྟངས་ཤིག་ཏུ་སྙམ་དཀའ་སྟེ། དེ་བས་ད་ལྟ་ནས་ནུབ་ཕྱོགས་སུ་བཙན་བྱོལ་གཞུང་གི་སློབ་གྲྭ་མང་བོ་འཛུགས་དགོས་པར་འདོད་དེ། མ་འོངས་པར་ཡང་དུས་རབས་ཕྱེད་ཀའི་ཁྲོད་ནས་ཡང་བསྐྱར་འགྱོད་གདུང་ཞིག་གམ་ངོས་ཟིན་ཞིག་ཐོབ་དུས་ཤིན་ཏུ་འཕྱིས་དྲགས་པ་ཡིན། དེ་དུས་དེ་བས་ཀྱང་ཉེན་ཁའི་གནས་སྟངས་མང་བོའི་འགལ་རྐྱེན་གཞི་གཅིག་ཏུ་འཛོམས་ཡོད་པས། ཉེན་ཁ་ཧ་ཅང་མང་བོ་ཞིག་དུས་གཅིག་ཏུ་དང་ལེན་བྱེད་དགོས་པའི་གནས་ཚུལ་ཡང་འབྱུང་མི་སྲིད་པ་ཞིག་མིན་པའི་གནས་བབ་དེ་ད་ལྟ་ནས་གསལ་བོར་ཤེས་དགོས་པར་འདོད་དོ།
གསུམ་པ། བཙན་བྱོལ་གྲོས་ཚོགས་དང་འབྲེལ་བ།
ཉེ་སྔོན་འུ་ཅག་གི་གྲོས་ཚོགས་ནང་གི་གླེང་ཉོག་དེ་ནི་མཐོ་རིམ་ནས་དམའ་རིམ་དུ་མཆེད་པ་ནི་ཁྲག་རྩའི་སྦུབས་སུ་ཁྲག་བརྒྱུད་པའི་སྣང་ཚུལ་ལྟར་བྱུང་ཡོད་ལ། དེ་དང་བསྟུན་ནས་སྤྱི་ཚོགས་སུ་ལུང་ཚན་རིས་གཅོད་ཀྱི་ནད་གཞི་བསྐྱར་ལངས་བྱེད་པའི་དུས་ཚིགས་གསར་བ་ཞིག་ཀྱང་རེད་ལ། དེ་ནི་དམའ་རིམ་མི་སྣས་ཡིད་ཆེས་ཀྱིས་བདམས་པའི་གོང་རིམ་མི་སྣའི་ཁྲོད་དུ་སྐྱོ་སྣང་དང་ཡི་ཆད། ཕངས་སེམས་མང་བོ་བྱུང་སྟེ། ད་ལྟ་བར་དུ་གསལ་ལ་མི་སྣང་བའི་མཐོང་ཐོས་ཀྱི་བཤད་ཡམས་མང་བོ་ར་འཕྲོད་པར་གྱུར་བ་དང། མི་མང་གིས་གྲོས་ཚོགས་ལ་ལྟ་སྟངས་གསར་བ་སླེབས་པའི་དཀྱོགས་མཚམས་ཤིག་ཀྱང་རེད། ཁོ་ཚོས་དུས་འདི་ནས་བཟུང་སྔར་གྱི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཐེབས་ཏེ་ཕྱི་རྒྱལ་དུ་འགྲོ་བའི་འདུན་པ་ཇེ་དྲག་ཏུ་ཕྱིན་ཡོད། བོད་དུ་རང་སྲོག་བློས་གཏོང་བྱེད་བཞིན་འཚོ་བའི་རྒྱལ་གཅེས་པ་མང་བོ་ཞིག་གི་སེམས་ཤུགས་ཀྱང་འདི་དང་རྐྱེན་བྱས་ཏེ་ཉམས་པར་བྱས་པས། ཁོ་ཚོས་ཀྱང་ཨམ་གཙིགས་བསྡམས་ཏེ་སྡོད་མ་བཟོད་པར་འཕྲིན་ལམ་བརྒྱུད་ནས་གནས་ཚུལ་དེར་ཕངས་སེམས་སྟོན་པ་ནི་ཤིན་ཏུ་མང་བས། རང་ཉིད་བཙན་བྱོལ་བ་དཀྱུས་མ་ཞིག་གི་ངོ་གདོང་ཡང་ཚ་བེར་བེར་བྱས་སོང་། དེ་དང་བསྟུན་ནས་ད་ལྟ་ཡང་བཀའ་ཁྲི་དང་སྤྱི་འཐུས་འཚང་ཁ་རྒྱག་བཞིན་པའི་སྣང་ཚུལ་མཐོང་མ་ཐག ཁོ་བོའི་གྲོགས་པོ་མང་བོ་ཞིག་ཡིད་མུག་པའི་སྣང་ཚུལ་ཞིག་འབྱུང་བཞིན་འདུག་སྟེ། རང་ཉིད་ཁོ་ན་བསམ་ནས་འདུར་རྒྱུག་ལ་བྲེལ་བཞིན་པ་མང་བོ་ཞིག་ད་ལྟ་རྩིག་ལྡེབས་ཀྱི་པར་རིས་སུ་གྱུར་ནས་སང་ཉིན་གྱི་སྤྱི་འཐུས་སུ་འགྱུར་བཞིན་འདུག་ཅེས་བརྗོད་ལ། ཁ་ཤས་ཀྱིས་ད་ནི་སེམས་སྐྱིད་པོ་མི་འདུག་ཅེས་ཨ་རག་འཐུང་བཞིན་པ་དང་། ཡང་འགའ་རེས་ངར་ཁོ་ཚོའི་ཕྱོགས་ཀྱི་སྐད་ཆ་གོ་འདོད་མི་འདུག སྒོ་གཏན་ཡོད་ཟེར་མཁན། ཡང་འགའ་རེས། ཨེ། མུ་མཐུད་འདི་ལྟར་སྔོན་འགྲོའི་འོས་གཞི་དུས་ཡུན་རིང་དུ་བཏང་ཚེ་བོད་པ་ཚང་མ་སྤྱི་འཐུས་སུ་འཚང་བར་ངེས་ཞེས་སྐད་ཆ་མང་བོ་འདིའི་འཕྲོ་ནས་བརྙེད་ཐུབ་པ་ནི་ང་ཚོའི་དམངས་གཙོའི་ཁྱད་ཆོས་རེད་སྙམ་ནས་དགའ་བ་དེ་མ་ཡིན་པར། ང་ཚོའི་སྤྱི་འཐུས་ཀྱི་སྤུས་ཚད་དེ་མུ་མཐུད་དུ་དེ་ལྟར་ཉེན་ཁའི་ངོ་བོར་གནས་སྲིད་པའི་སེམས་ཁྲལ་དེའོ།།
བཞི་བ། བཙན་བྱོལ་གྱི་ཤེས་ཡོན་པ་དང་འབྲེལ་བ།
ལོ་ཁ་ཤས་ཀྱི་སྔོན་དུ་ཆབ་སྲིད་བཙོན་མ་ཕྱི་རྒྱལ་དུ་གཏོང་བའི་འོས་བདམས་ཀྱི་སྐབས་སུ་ཡང་། བཙན་བྱོལ་གྱི་མཁས་པ་དང་རྩོམ་པ་པོ་དང་རྩོམ་སྒྲིག་པ། ཉམས་ཞིབ་སོགས་མང་བོ་ཞིག་འཚང་ག་ཤིག་ཤིག་གིས་ཕྱི་རྒྱལ་དུ་འགྲོ་བར་ཐོ་འགོད་བྱེད་བཞིན་འདུག་ཟེར། དེ་བཞིན་དུ་ཕྱི་རྒྱལ་དུ་རྩོམ་རིག་གི་འདུ་འཛོམས་དང་བོད་རིག་པའི་དཔྱད་གླེང་གང་ཞིག་འཚོགས་ན་ཡང་དེ་ལས་རྩོམ་པ་པོ་མང་བོ་ཞིག་བོར་བརླགས་སུ་འགྲོ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། འདི་ལྟར་གྱུར་བས་གོང་གི་མཁས་པ་དེ་དག་ལ་གྱོང་ཡོད་དམ་ཞེ་ན་མེད་པའི་ཚོད་དུ་སྣང་ཡང་། ཁོ་ཚོའི་ཤེས་ཡོན་གྱི་ལས་ཀ་མང་བོ་ཞིག་ད་ལྟའི་བརྡ་འཕྲིན་སོགས་བརྒྱུད་ནས་ནུས་པ་འདོན་ཐུབ་པ་དང། ཡང་བཙན་བྱོལ་གཞུང་ལ་མཚོན་ན་གྱོང་གུད་ཚབས་ཆེན་ཞིག་ཏུ་འདོད་དེ། ད་ལྟ་གཞུང་གི་ཤེས་ཡོན་གྱི་ལྟེ་གནས་མང་བོ་རྒྱ་གར་ནང་ཡོད་པས། ཁོ་ཚོ་ཕེབས་ཟིན་པས་དགེ་རྒན་གྱི་སྤུས་ཚད་ཉམས་པ་དང་། རྩོམ་སྒྲིག་ཁང་སྒོ་རྒྱག་པ། དུས་དེབ་དང་ཚགས་པར་གྱི་ཁ་གྲངས་ཉུང་དུ་ཕྱིན་པ། ཚད་ལྡན་བརྩམས་ཆོས་འབྱུང་དཀའ་བ། ཕྱོགས་ཡོངས་ནས་ཤེས་ཡོན་གྱི་ཁོར་ཡུག་གཉོམ་དུ་འགྲོ་བཞིན་པའི་ཐན་ལྟས་ཀྱི་སྣང་ཚུལ་མང་བོ་ཞིག་འབྱུང་བཞིན་པ་ནི་དངོས་ཡོད་གནས་ཚུལ་ཞིག་རེད། འདི་ཡང་གཞུང་ངོས་ནས་བསམ་ན་ཤེས་ཡོན་པའི་དཔུང་སྡེ་ཞིག་ཁ་འཐོར་དུ་ཕྱིན་པའི་འགོ་ཚུགས་པ་ཞིག་ཡིན་པས། ཆེས་གྱོང་གུད་ཚབས་ཆེན་ཞིག་ཏུ་འདོད་དོ།།
ལྔ་པ། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་བ།
ད་ལྟ་དངོས་ཡོད་གནས་ཚུལ་གྱི་སྟེང་ནས་གཞིགས་ཚེ་རྒྱ་གར་གཙོ་བྱས་ཏེ་བལ་འབྲུག་ས་ཁུལ་གྱི་མི་གྲངས་ཀྱང་མར་འགྲིབ་བཞིན་མཆིས་ལ། དེ་ཡང་རྒྱུ་རྐྱེན་མང་བོ་ཞིག་ཡོད་དེ། གཅིག་ནི་ཆབ་སྲིད་ཀྱི་གནོན་ཤུགས་གང་ཡང་མེད་པར་མི་མང་རང་གིས་བུ་ཕྲུག་ཚོད་འཛིན་གྱིས་སྐྱེས་རྒྱུན་འགོག་བཞིན་པའི་སྣང་ཚུལ་ལས་བྱུང་བ་ཞིག་ཡིན་ལ། ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ཏུ་ཡང་ལོ་ངོ་དྲུག་གི་རིང་ལ་བྱིས་པ་བཅུ་ཙམ་ལས་མ་བྱུང་བའི་གནས་ཚུལ་ཡང་མཆིས་པ་དང། གཉིས་པ་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་འགྲོ་བཞིན་པའི་བོད་རིགས་ཀྱི་གྲངས་འབོར་གྱི་འཕར་ཚད་ཤིན་ཏུ་མྱུར་བ་དེ་ཡིན། དེ་ལྟར་བོད་པ་ཚོས་ཕྱི་རྒྱལ་ལ་ཐར་ཕྱིར་སྲིང་མོ་གཉེན་སྒྲིག་གི་ཚུལ་གྱིས་འགྲོ་བ་དང་། མི་སྐྱ་ཚོས་གཟན་ཤམ་གྱོན་ནས་འགྲོ་བ། ཧིན་སྒོར་འབུམ་ཕྲག་མང་བོ་སྤྲད་ནས་ཐབས་ལམ་འདྲ་མིན་གྱིས་ལོ་དང་ཟླ་མཐུད་ནས་འགྲོ་བཞིན་ཡོད་པས། བཙན་བྱོལ་ལྟེ་གནས་ཀྱི་མི་གྲངས་མར་འགྲིབ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་མཆིས། གསུམ་པ་ནི་རྒྱ་ནག་གི་སྲིད་བྱུས་ཀྱི་ཐབས་ལམ་གསར་བ་ཞིག་བརྒྱུད་ནས་རྒྱ་ནག་གཞུང་ཚབ་ཁང་དུ་བོད་དུ་ལོག་པའི་ཐོ་འགོད་ཀྱི་འཚང་ཁ་རྒྱུན་ཆད་མེད་པའི་གནས་ཚུལ་ཞིག་དང། འཚང་ཁ་འདིའི་ཁྲོད་དུ་བླ་ཆེན་མི་ཆེན་ཚོ་དང་བཙན་བྱོལ་མི་སྣ་གལ་ཆེན་ཚོའི་ནང་མི་སོགས་ཀྱང་ཐེ་བ་ཡིན། དེ་ལྟར་ཁོ་ཚོ་རྒྱ་མིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཉལ་ཏེ་རེ་སྒུག་བྱེད་བཞིན་པ་ཡང་མང་དུ་འགྲོ་བཞིན་ཡོད། བཞི་བ་ནི་ཧི་མ་ལ་ཡའི་སྐྱབས་བཅོལ་ལམ་བུ་མཐའ་སྲུང་དམག་གིས་ཡོངས་སུ་བསྐོར་ཏེ་བཀག་སྡོམ་གྱི་ནུས་ཤུགས་རྒྱ་བསྐྱེད་བྱས་པས་བཙན་བྱོལ་དུ་ཐར་དཀའ་བ་སོགས་ཀྱིས་རྐྱེན་བྱས་ཏེ། རྒྱུན་ལྡན་དུ་ལོ་གཅིག་ལ་ཉིས་སྟོང་ནས་སུམ་སྟོང་ཙམ་བཙན་བྱོལ་དུ་འོང་བཞིན་པ་གློ་བུར་དུ་བརྒྱ་ཕྲག་ཁ་ཤས་ལས་མེད་པར་གྱུར་ཡོད། ལྔ་བ། ད་ལྟ་བཙན་བྱོལ་ཁྲོད་དུ་ཨེ་ཙི་སོགས་ཛ་དྲག་གི་ནད་རིགས་འབྱུང་བཞིན་པ་ཡང་མི་གྲངས་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པས། ད་ལྟ་རྒྱ་གར་གཙོ་བྱས་པའི་བཙན་བྱོལ་གྱི་གནས་སྟངས་འདི་ཡང་མི་གྲངས་ཀྱི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་ཧ་ཅང་ཉེན་ཁའི་ཚད་ཅིག་ཏུ་སླེབས་ཡོད་དེ། སྔོན་ཆད་སྦེང་ལོར་དང་ཁ་ཐག་ཉེ་བའི་ས་གནས་འདི་གར་བོད་པ་གཞིས་ཆགས་ཆུང་ཆུང་ཞིག་ཡོད་ཀྱང་། ད་ལྟ་ཁང་བ་ཙམ་ཡོངས་སུ་སྟོང་སོང་བ་དང། དེ་བཞིན་སྦེལ་ཀོབ་སོགས་གཞིས་ཆགས་ཆེ་ཁག་དག་ཏུ་ཡང་ཁང་སྟོང་དུ་འགྱུར་བཞིན་པའི་གཞིས་གྲོང་མང་བོ་ཞིག་འབྱུང་བཞིན་ཡོད་ལ། དེ་ཙམ་དུ་མ་ཟད། ད་ལྟ་དགོན་པ་ཆུང་ཆུང་མང་བོ་ཞིག་ཏུ་བོད་རིགས་སྟོང་བར་གྱུར་ཏེ་གཞན་རིགས་ལ་ནང་ཆོས་སྤེལ་བཞིན་པའི་གནས་ཚུལ་གསར་བ་མང་བོ་ཞིག་འབྱུང་བཞིན་ཡོད་ལ། འདི་དག་ནི་ནང་ཆོས་སྤེལ་ཡུལ་གྱི་ཁྱབ་ཁོངས་ནོར་བ་ཞིག་ཏུ་ངོས་འཛིན་བཞིན་མེད་དེ། སྐྱབས་བཅོལ་བོད་ཀྱི་མ་འོངས་པའི་སྲ་བརྟན་དང་རྒྱུན་འཁྱོངས་ཀྱི་ཁོར་ཡུག་ཅིག་ལ་བསམ་ན་ཆེས་ཛ་དྲག་གི་ངོ་བོར་འཕེལ་བཞིན་པ་མཚོན་ཐུབ་དང་། ག་ལེར་གཞིས་གྲོང་དུ་ཁང་སྟོང་མང་དུ་འགྲོ་བ་དང་དགོན་པ་རུ་གྲྭ་རྒྱུན་ཉུང་བར་འགྱུར་བ། སློབ་གྲྭ་རུ་སློབ་ཕྲུག་གི་གྲངས་ཚད་ཀྱང་གློ་བུར་དུ་ཆག་སྲིད་པས། འདི་ལྟ་བུའི་གནས་ཚུལ་ནི་ཤིན་ཏུ་ཉེན་ཁ་ཞིག་ཏུ་སྣང་བས། ད་ལྟའི་བཀའ་ཁྲི་གསར་བ་དང་སྤྱི་འཐུས་གསར་བའི་ཚོགས་ཀྱིས་གནས་ཚུལ་དང་གནད་དོན་འདི་དག་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་ཅིག་ངེས་པར་དགོས་པར་སྙམ། དེ་མིན་སྔར་བཞིན་དུ་སྤྱི་ཚོགས་ནི་འགྱུར་འགྲོས་ཀྱི་རང་བཞིན་ཞིག་ཏུ་སྙམ་སྟེ་བསྡད་ཚེ། རང་ཉིད་ཀྱི་དུས་ཐོག་དེ་ལྟར་དུ་འཁྱོལ་སྲིད་ཀྱང་མ་འོངས་པའི་གནས་སྟངས་ཤིན་ཏུ་ཉེན་ཁ་ཕྱོགས་སུ་བསྐྱོད་པ་ལས་དེ་ལྟར་དུ་འཁྱོལ་ཐབས་ནམ་ཡང་མི་སྲིད་དོ།།
དྲུག་པ། བོད་གཞིས་བྱེས་དང་འབྲེལ་བ།
སྔོན་ཆད་བོད་ནང་གི་གནས་སྟངས་མང་བོ་ཞིག་བཙན་བྱོལ་ནས་ཁྱབ་བསྒྲགས་དང་རམ་འདེགས་ཀྱི་མགྲིན་ཚབ་ལྟ་བུ་བྱེད་ཀྱི་ཡོད་ལ། ད་ལྟ་དེ་ལས་ལྡོག་སྟེ་བོད་ནང་གི་རྒྱལ་ཞེན་པ་དང་མི་མང་གི་འདོད་བློ་བཙན་བྱོལ་བས་སྐོང་མ་ཐུབ་པའི་གནས་སྟངས་ཧ་ཅང་གསལ་བོར་འབྱུང་བཞིན་ཡོད་དེ། གཞིས་ལུས་བོད་པའི་ཞི་རྒོལ་ཆེན་མོ་དང་ས་ཡོམ་དོན་རྐྱེན། སྟག་གཟིག་སྲམ་ལྤགས་སྲེག་སྦྱོར་གྱི་ལས་འགུལ་སོགས་རྒྱ་ནག་གི་གནོན་ཤུགས་གང་ལ་ཡང་མ་བརྟེན་པར་ཤུགས་ཆེར་སྤེལ་ཏེ། བོད་ནང་གི་གནས་ཚུལ་མང་བོ་ཞིག་ཕྱི་རོལ་གྱི་ཁྱབ་བསྒྲགས་ཙམ་མིན་པར། ཐད་ཀར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་གནད་དོན་ཞིག་ཏུ་འགྱུར་བཞིན་ཡོད་པས། བོད་ནང་གི་མི་མང་ཚོས་བཙན་བྱོལ་གྱི་རླུང་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁྲོད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ཆོལ་ཁའི་འཐེན་འཁྱེར་རྩོད་པ་སོགས་ཐོས་པས། ཁོ་ཚོས་ཡང་དང་ཡང་དུ་བཙན་བྱོལ་དུ་རྗོད་བཞིན་པ་ནི། ང་ཚོས་བོད་ནང་དུ་རང་སྲོག་བློས་གཏོང་གིས་ཕྱི་རྒྱལ་གྱི་རླུང་འཕྲིན་སོགས་ལ་ཉན་གྱི་ཡོད། ཁྱོད་ཚོས་མི་སྒེར་བའི་བསམ་ཚུལ་ཕྱོགས་རིས་པ་རྐྱང་རྐྱང་གཏོང་གིན་འདུག་ཅེས་ཆེས་ཡིད་མུག་པའི་བསམ་ཚུལ་སླེབས་ཀྱི་ཡོད་པ་འདིས་གཞིས་བྱེས་གཉིས་ཀྱི་འབྲེལ་བ་དེ་གཉོམ་དུ་འགྲོ་བའི་རྟགས་མཚན་ཞིག་ཡིན་ལ། འདི་ལྟར་བརྙན་འཕྲིན་སོགས་སུ་ཐད་ཀར་དགག་པ་རྒྱག་མཁན་བྱུང་མྱོང་བ་དེ་ལྟར་རེད། ཡང་རྒྱལ་གཅེས་པ་འགའ་རེས་ད་བར་དུ་ཕྱི་ལོགས་སུ་རེ་བ་བརྒྱབ་པ་ཡིན་མོད། ལོ་ངོ་འདི་འདྲ་རིང་བོ་ཞིག་ལ་གྲག་འགུལ་ཅི་ཡང་མ་བྱུང་བས་ང་ཚོ་ཡང་འུ་ཐུག་སྟེ་རང་ཉིད་ཀྱི་ནུས་པ་གཅིག་པུར་རེ་སྟེ་ཚེ་སྲོག་འབེན་ལ་བཞག་ནས་མི་རིགས་ཀྱི་འཐབ་རྩོད་བྱེད་དགོས་བྱུང་ཞེས་ཟེར་བཞིན་པར་མ་ཟད། ཁྱོད་ཚོ་ཕྱི་ཕྱོགས་སུ་ཡོད་པས་སྐབས་རེར་ང་ཚོའི་གནས་སྟངས་ལ་བསམ་གཞིགས་མི་བྱེད་པར་གནས་ཚུལ་ཡོད་ཚད་ཁྱབ་བསྒྲགས་བྱེད་རྐྱང་བྱས་པས། ང་ཚོའི་ཕུགས་རྒྱང་རིང་བའི་དམིགས་འདུན་མང་བོ་ཞིག་འཕྲོ་བརླག་ཏུ་གཏོང་བཞིན་པར་མ་ཟད། ཡང་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པར་སྙམ་ནས་གཅར་རྡུང་དང་བཙོན་འཇུག་གི་གནས་ཚུལ་བསམ་ཡུལ་ལས་འགོངས་པ་འབྱུང་བཞིན་འདུག་ཅེས་འཆད་མཁན་ཡང་མཆིས། ད་ལྟ་བོད་ནས་ལས་འགུལ་སྤེལ་བ་དག་ཅུང་ཞིབ་ཚགས་པ་དང་ཁྱབ་ཆེ་བའི་དྲིལ་བསྒྲགས་ཀྱི་རང་བཞིན་པར་ལྡན་འགྱུར་བཞིན་ཡོད་པས། ང་ཚོས་ནམ་ཡང་ཁོར་ཡུག་ཆུང་ཆུང་ཞིག་ནས་གཞིས་ལུས་མི་མང་གི་ཚབ་བྱེད་པར་དཀའ་ངལ་ཞིག་འཕྲད་མི་སྲིད་པའི་ངེས་པ་མ་མཆིས་སོ།།
ད་དུང་ང་ཚོའི་བཙན་བྱོལ་གྱི་ཚིག་སྦྱོར་སྤེལ་སྟངས་དང་བརྡ་ཆད་སོགས་ཀྱི་བར་དུ་ཡང་གཞིས་ལུས་པའི་བར་དུ་ཧེ་བག་མང་བོ་ཞིག་འཆོར་བཞིན་འདུག་པས། དུས་ཀྱིས་བར་ཐག་རིང་དུ་ཕྱིན་པ་དང་བསྟུན་ནས་འདི་ཡང་ཕྱི་ནང་གཉིས་སྐད་ཡིག་ཁྲོད་དུ་བར་ཆད་ཆེན་པོ་ཞིག་གི་རྒྱུ་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་པས། ད་ལྟ་ནས་གནས་སྐབས་ཀྱི་ཁེ་ཕན་ལས་མཐར་ཐུག་གི་ཕུགས་རེ་དང་རྒྱལ་ཁའི་ཕྱོགས་སུ་བསམ་གཞིགས་བྱ་རྒྱུ་ནི་གཞིས་བྱེས་ཀྱི་འབྲེལ་བ་དམ་དུ་གནས་ཐུབ་པའི་ལམ་བུ་ཞིག་ཏུ་འཁུམས་སོ།།
བདུན་པ། བཙན་བྱོལ་ནང་ཁུལ་གྱི་འགལ་དང་འབྲེལ་བ།
ད་ལྟ་ཆེས་མི་མངོན་པའི་སྣང་ཚུལ་གྱི་ཁྲོད་དུ་འཐིམ་ཞིང་ཞི་འཇགས་ཀྱི་རྣམ་པར་གྱུར་བ་ནི་ང་ཚོ་ཐུན་མོང་གི་ཁས་ལེན་པའི་རླབས་ཆེ་བའི་མགོན་སྐྱབས་ཤིག་ཡོད་པས་ཡིན་ཏེ། གལ་སྲིད་ཁོང་གི་རྗེས་ནས་ང་ཚོའི་ཁྲོད་ཀྱི་འགལ་བ་ནི་ཞིབ་ཚགས་ཤིང་རྣམ་གྲངས་མང་བ་ཞིག་ཏུ་གྱུར་བས། གོང་དུ་བརྗོད་པ་བཞིན་ཆོལ་ཁའི་བར་གྱི་འགལ་བ་དང་། ཆོས་བརྒྱུད་བར་གྱི་འགལ་བ། ཆབ་སྲིད་ལངས་ཕྱོགས་བར་གྱི་འགལ་བ། གསར་འབྱོར་གཞིས་ཆགས་བར་གྱི་འགལ་བ། གྲྭ་བ་དང་མི་སྐྱའི་སྲིད་སྟེགས་ཀྱི་འགལ་བ། རྒན་རབས་དང་གཞོན་སྐྱེས་བར་གྱི་འགལ་སོགས་སྤྱི་ཚོགས་ཀྱི་ཁོར་ཡུག་ཆུང་ཆུང་ཞིག་ལ་མཚོན་ན་ཆེས་ཉེན་ཁའི་སྣེ་མང་བོ་ཞིག་འཛིང་སྟེ་ཡོད་པས། མ་འོངས་པར་སྣེ་འདི་དག་གཅིག་ཏུ་སྡོམ་མཁན་གྱི་རླབས་ཆེན་ཞིག་ང་ཚོའི་ཁོར་ཡུག་འབྱུང་དཀའ་བས་ན། ད་ལྟ་ནས་མ་འོངས་པའི་གནས་སྟངས་དེ་དག་སྲུང་སྐྱོབ་ཀྱི་ཕྱིར་དུ་བསམ་གཞིགས་བྱ་དགོས་པར་ཤིན་ཏུ་གལ་ཆེ་བར་སྙམ་པ་ལས། རྒྱུ་མཚན་མེད་པ་ཞིག་ཏུ་སྙམ་སྟེ་རྣམ་རྟོག་གི་མགོ་སློང་བའི་དཀྲོགས་གཏམ་ཞིག་ཏུ་འདོད་མི་རུང་སྟེ། ང་ཚོ་ཡང་འདས་པའི་ཉམས་མྱོང་གིས་མ་འོངས་པར་ཚོད་དཔག་བྱ་ཐུབ་པའི་རྒྱུ་ཆ་མང་བོ་ཞིག་ཐོབ་པས་ཡིན།
མཇུག་བསྡུ་བ།
བདག་གིས་འདི་ལྟར་བརྗོད་པ་ནི་རང་རིགས་ལ་དུང་ཞེན་གྱིས་མ་བཟོད་པར་བརྗོད་དུ་ཐལ་བས། གལ་སྲིད་ནོར་འཁྲུལ་དང་ཕོག་ཐུག་གི་ཆ་རེར་བྱུང་ཚེ་ལག་ཟུང་ཐལ་མོའི་ངང་དུ་དགོངས་དག་ཞུ་རྩིས་ཡོད། ཡིན་ཡང། བསམ་ཚུལ་འདི་ནི་གཞན་སྐུལ་གྱི་བསམ་ཚུལ་ཞིག་མ་ཡིན་པར། རང་སེམས་ཀྱི་ཤ་ཚ་ལྡོག་ཏུ་མེད་པར་བཞུར་བ་ཞིག་གོ།
༢༠༡༠ ལོའི་ཟླ་ ༡༠ ཚེས་ ༢༥ ལ་བྲིས
རྣམ་རྟོག་བསློང་མཁན་སྐད་ཆ་རྐྱང་རྐྱང་མ་བཤད་རོགས། ཕྱོགས་ཡོངས་ནས་བཟང་འགྱུར་ཡོང་བཞིན་པའི་སྐབས་འདིར། ལྟས་ངན་པའི་ཀེ་སྒྲ་མ་བྱིན་རོགས། བོད་པ་ཚོ་ནམ་ཡང་སེམས་ཤུགས་ཆགས་ཀྱི་མ་རེད་གདཱའ། ད་ལོ་ཞི་བདེའི་གཟེངས་རྟགས་སུ་ལ་སྤྲད་སོང༌། འཛམ་གླིང་ཚང་གི་དབུ་ཁྲིད་ཚོས་རྒྱ་མིར་ཁ་རྡུང་ག་ཚོད་བཏང་གི་འདུག ད་ལྟ་རྒྱ་ནག་གཞུང་ངུ་མ་ཤེས་དགའ་མ་ཤེས་ནས་བསྡད་དེ་ཡོད་རེད་གདཱའ། ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་རྒྱ་གཞུང་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་བཞུས་སོང་ཨ། རྒྱ་གཞུང་ངོ་མ་ཚ་ན། ང་ངོ་ཚ་གི་འདུག ད་དུང་ྋརྒྱལ་བ་རིན་པོ་ཆེས་འཛམ་གླིང་གང་སར་ཕྱོགས་བསྐྱོད་གནང་སྟེ་མཛད་འཕྲིན་ག་ཚོད་རྒྱས་གི་འདུག ཕྱིར་བསྡད་རྒྱ་མི་རིགས་ཚོས་ྋརྒྱལ་བ་རིན་པོ་ཆེ་དང་བོད་པ་ལ་ག་ཚོད་ཀྱི་སེམས་ཐག་ཉེ་རུ་ཕྱིན་སོང༌། རྒྱ་ནག་ནང་ལ་ཆ་བཞག་ན་ལི་ཞག་པོ་གློད་གྲོལ་དགོས་པ་དང༌། རྒྱ་ནག་སྒེར་གཅོད་སྲིད་གཞུང་ལ་རྣམ་འགྱུར་ངན་པ་ག་ཚོད་བསྟན་སོང༌། དེ་ཚོ་ཚང་མ་ལ་བལྟས་ན་ང་ཚོ་ལ་ཉེན་ཁ་མེད་པ་མ་ཟད་རེ་བ་ཆེན་པོ་ཡོད་པ་ཤེས་དགོས་པ་མ་རེད་དམ། ཁྱེད་ཀྱིས་རྣམ་རྟོག་མ་བསླང་རོགས། སྐུ་མཁྱེན། ཐུགས་རྗེ་གཟིགས།
བཙན་བྱོལ་བོད་གཞུང་གི་ཉེན་ཁ་དང་ཛ་དྲག་ཤོད་པར་ལས་སླ་ཡང་།་ཉེན་ཁ་དེ་ལས་སྐྱོབ་པར་རེ་བ་དང་ལམ་ཁ་གསར་བ་བཏོན་ན་ཡག་གི། དེའི་ཕྱོགས་ལ་སྨྱུ་གུ་མུ་མཐུད་དུ་འགུལ་རྒྱུ་ལགས།
ཨ་འཇམ་གྱིས་གནད་ལ་སྨིན་པ་ཞིག་བྲིས་འདུག ཚང་མས་དོ་སྣང་གནང་དགོས་པ་ཞིག་ཏུ་མཐོང་། ཡག་པོ་རེད། ཡིན་ནའང་ཤ་ཞེན་ཅན་དང་རིགས་ཞེན་ཅན། མིག་རྒྱང་ཅན་དག་གིས་འུ་ཅག་གི་ཆོས་སྲིད་གང་ཐད་ལ་འདི་འདྲའི་ངུ་སྐད་རེ་ཤོར་ཡང་། གངས་སྐྱིད་ཀྱི་དབང་འཛིན་པ་དང་ལས་ཀྱི་སྣེ་མོ་བ་ཚོར་རི་སྤྱང་གི་རྣ་ལམ་དུ་ཆོས་བཤད་ཁོ་ན་ལས་མ་འདས་ཕྱིར་ཅེས་ཕན། གང་ལྟར་རྩོམ་པ་པོའི་དཔྱད་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུ།
བཙན་བྱོལ་གྱི་ཉེན་ཁ་བདུན་ཟེར་བ་དེ་ལ། བདེན་པའི་ཆ་ཡང་ཡོད་ལ་མི་བདེན་པའི་ཆ་ཡང་ཡོད། དེང་སང་ཀ་ངོ་ཡིག་ངོ་ཅུང་ཙམ་རེ་ཤེས་མཁན་ཚང་མས་བསམ་བློ་བར་ཁས་ཆེས་ཏེ་རྟོགས་འཆར་དམ་དུམ་རེ་དུས་རྒྱུན་དུ་དུས་བབ་སོགས་དྲ་ངོས་སུ་ཡང་ཡང་ཐོན་གྱི་ཡོད། དེ་དག་ལ་ཅུང་ཞིག་བཤད་པར་འདོད་དེ། བོད་ནང་གི་བོད་མི་རེ་ཟུང་སྟེ་བརྒྱ་ཆའི་ཚེག་གཅིག་ཀྱང་ཟིན་དཀའ་བའི་བོད་མི་རེ་ཟུང་གིས་སེམས་ཤུགས་ཀྱིས་ངར་བཏགས་པ་ལས་དེ་དང་མཉམ་དུ་ཕུགས་རྒྱང་དང་རྣམ་དཔྱོད་མ་འདང་བ་དེ་འདྲ་ནས་དུས་རྒྱུན་དུ་ཚུར་ཕྱོགས་བཙན་བྱོལ་ནང་ནམ་ཡིན་ཡང་ཅིག་འགྲིག་གི་མི་འདུག་དང་མིག་འགྲིག་གི་མེད་ཚུལ་གྱི་སྐད་ཆ་དང་བསམ་ཚུལ་མ་སྨིན་པ་མང་པོ་ཞིག་ཡང་ཡང་ཡོང་བ་དང་མཉམ་དུ་འདི་ཕྱོགས་ནའང་དེ་དང་ཆ་འདྲ་བ་འགའ་རེ་ནས་ཅལ་འདྲོག་ཡང་ཡང་བྱེད་པ་ལ་ཧང་སང་དགོས་བ་གང་ཡང་མེད། ང་ཚོས་ཤེས་དགོས་པ་ནི་བོད་གཞིས་ལུས་རྒྱ་ཆེའི་མི་དམངས་བརྒྱ་ཆའི་དགུ་བཅུ་གོ་དགུ་བརྒལ་བ་དེ་དག་གིས་༌༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རེ་བའི་མིག་འབུར་དང་ཕུགས་བསམ་རང་ཉིད་ཀྱི་མི་ཚེ་གང་པོར་གཏད་ནས་མཐའ་མའི་བོད་མི་རིགས་ཀྱི་ལས་དབང་གི་ཐོབ་སྐལ་ལ་རེ་སྒུག་བྱེད་བཞིན་པ་འདི་ནི་བཙན་བྱོལ་དུ་སྐུ་བཞུགས་བཞིན་པའི་༸བོད་གངས་ཅན་གྱི་་འདི་ཕྱིའི་གཏན་གྱི་སྐྱབས་གཅིག་བུ༸གོང་ས་མཆོག་དང་བཙན་བྱོལ་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་འདི་གཉིས་ལས་བྱུང་བ་ཁོ་ན་ཡིན་པས་ན། འདི་ནི་ང་ཚོའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཡིན་པ་ལས་བཙན་བྱོལ་ལ་རེ་བ་མེད་པ་དང་བརླགས་པ་ཞིག་གང་ནས་ཡིན། གཞན་དུ་ན་སྤྱི་ཚོགས་གང་ཞིག་དང་མི་རིགས་གང་ཞིག་ཡིན་ནའང་ནང་ཁུལ་གྱི་རྙོག་དྲ་ཕྲན་བུ་རེ་མེད་པ་འཇིག་རྟེན་ཁམས་གང་ནའང་་མེད་ལ་དེ་ནི་ཧང་སང་དགོས་པ་དང་སྐྱོན་དུ་བརྩིས་ནས་ཡ་མཚར་མཚར་བྱེད་དགོས་དོན་གང་ཡང་མེད། མདོར་ན་དེ་ནི་ཆོས་ཉིད་ཀྱི་རང་གཞན་ལས་གཞན་གང་ཡང་མིན། ད་དུང་ཆོས་ཉིད་དེ་ཙམ་ཡང་བློ་ངོར་མ་འཆར་བར་བསམ་བློ་བར་རློམ་ནས་ཁ་སྡོད་ཚུགས་མེད་པ་ནི་རང་མཚང་ལས་གཞན་དུ་མེད། གཞན་མདོར་བསྡུས་ན་བཙན་བྱོལ་བོད་གཞུང་དེ་ཡང་་འཐོར་ཆོག་ཆོག་ཅིག་དང་གཞིས་ལུས་བོད་རིགས་ཀྱང་སེམས་ཤུགས་ཆག་ཆོག་ཆོག་དེ་འདྲའི་ལས་སླ་པོ་དང་སྟབས་བདེ་བའི་ཚད་ལ་ད་དུང་སླེབས་མེད།
ཁོང་གིས་གསུང་པ་དངོས་བདེན་རེད། འདི་ཚོ་ཡག་པོ་བཟོ་མེད་འཛིན་སྐྱོང་བཀག་ཤག་ལ་ཐུག་ཡོད།
ཨ་འཇམ་ལགས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་འབྱུང་འགྱུར་གྱི་ལས་དོན་ཐད་ལ་ཐུགས་ཁུར་ཆེན་པོ་གནང་པར་ཕྲན་གྱིས་ལག་ཟུང་སྤྱི་བོར་ཟུམ་ནས་གུས་པར་བྱའོ།།སྐྱོ་བའི་མིག་ཆུ་ལས་མངོན་པའི་རེ་བའི་མིག་མདངས་དང་།བློ་ཕམ་ཡི་ཆད་ཁྲོད་ཀྱི་བསྐྱར་གསོན་གྱི་སྣྙིང་སྟོབས།ཚེ་སྲོག་གི་དབུགས་རྟ་རྣྔའི་རྗེས་ཀྱི་ཤི་བོ་རོ་ལངས།ཕྱི་མའི་ཡུལ་འགྲིམས་རྗེས་སུ་དམྱལ་ཁམས་བརླག་པའི་རྟྩལ་ཤུགས་བཅས་ནི་གདོང་དམར་བོད་པ་དག་གི་མཚན་ཉིད་ཡིན་ནོ།
ཉེན་ཁ་དེ་ཚོ་ལས་སྐྱོབ་སྟངས་རེ་ཡོད་ན་མཉམ་དུ་གསུང་རོགས།
སེམས་ཚོར་ཤུགས་ཆེ་བའི་རྩོམ་ཡིག་འདི་བཀླགས་ཟིན་ལ། ཉེན་ཁ་བདུན་པོ་ལས་༸གོང་ས་མཆོག་གི་སྐུ་ཚེ་དང་གཞིས་བྱེས་བར་གྱི་འབྲེལ་བ། བཙན་བྱོལ་ནང་ཁུལ་གྱི་འགལ་ཟླ་ཞེས་པའི་དོན་ཚན་གསུམ་པོ་མ་གཏོགས། གཞན་ཚང་མ་རྒྱ་བལ་འབྲུག་གསུམ་གྱི་བོད་པའི་གཞིས་ཆགས་ཁག་སྟོང་བཞིན་ཡོད་པ་དང་། བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་གང་སར་ཁ་འཐོར་དུ་འགྲོ་བཞིན་ཡོད་པའི་སྐོར་གྱི་སེམས་ཁྲལ་དང་འབྲེལ་ནས་འདུག
སེམས་ཁྲལ་དེ་བཙན་བྱོལ་སྒྲིག་འཛུགས་ནང་གི་གནད་ཡོད་མི་སྣ་ཚང་མའི་ཁ་ནས་བསྒྲགས་དང་སྒྲོག་བཞིན་པའི་གཏམ་བཤད་ཁག་གི་བརྗོད་གཞི་ཞིག་རེད། དཀའ་ངལ་དེའི་འབྱུང་རྐྱེན་གཙོ་བོ་ནི་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོར་ཡུལ་ལུང་དེ་དང་དེའི་ཁྲིམས་ཐོག་གི་ཐོབ་ཐང་གི་ཆ་ཧ་ཅང་ཆུང་ཆུང་ལས་མེད་པ་ལ་ཐུག་ཡོད། དཔེར་ན། རྒྱ་གར་གྱི་ལུགས་མཐུན་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་R C འམ་སྐྱབས་བཅོལ་ལག་དེབ་དེའི་ཐོག་གི་ལོ་རེའི་མགྲོན་པོ་བདེ་སྲུང་ལ་ཁག་ཐག་མི་དགོས་པའི་ཐོབ་ཐང་ཙམ་ལས་གཞན་ཅི་ཡང་མེད་པ་དེས་རྐྱེན་གཙོ་བོ་ཞིག་བྱེད་ཀྱི་ཡོད་ངེས་རེད། བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་ཁང་པ་དང་ས་ཆ་ཉོ་བ་ལྟ་བུ་འཚོ་བའི་དགོས་མཁོ་མེད་ན་མི་རུང་བའི་ཐོབ་ཐང་ཆུང་ཚགས་རིགས་ཀྱང་རྩ་བ་ནས་མེད་པ་རེད། ལོ་གཅིག་ཙམ་རིང་བཙན་བྱོལ་དུ་སྡོད་ཆོག་པའི་དུས་བཀག་ཆོག་མཆན་འོག་ཡོད་པའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དེའི་ཐད། རྒྱ་གར་གཞུང་ལ་སྙན་ཞུ་འབུལ་པ་སོགས་གནས་སྡོད་ཀྱི་འཚོ་བའི་ཁྲིམས་མཐུན་ཐོབ་ཐང་ཆེ་རུ་གཏོང་ཐབས་ལ་འབད་བརྩོན་མ་བྱས་པར་ད་ལྟའི་གནས་སྟངས་བཞིན་མུ་མཐུད་ཕྱིན་ན། རྩོམ་པ་པོ་ཡིན་ན་རེད། གཞུང་ཞབས་པ་ཡིན་ན་རེད། མཁས་པ་ཡིན་ན་རེད། བླུན་པོ་ཡིན་ན་རེད། ཚང་མས་སྐད་རྒྱག་གིན་རྒྱག་གིན་གོ་སྐབས་ནམ་འཐོབ་ལ་ཕྱི་རྒྱལ་གང་རུང་ལ་འཕུར་འགྲོ་བ་འདས་པའི་གནས་ཚུལ་དང་། ད་ལྟའི་གནང་སྟངས་ཚང་མར་བལྟས་ན་དོགས་པ་མི་དགོས་པ་ཞིག་རེད།
དེའི་ཕྱིར་དངོས་གནས། བོད་བཙན་བྱོལ་པ་ཁ་ཐོར་དུ་འགྲོ་མི་རུང་བར་རྒྱ་གར་ལྟ་བུའི་ནང་རང་གི་ཆོས་རིག་འཛིན་སྐྱོང་བྱས་ནས་ཡུན་གནས་སྲ་བརྟན་ཡོང་རྒྱུ་དགོས་གལ་ཆེན་པོར་མཐོང་གི་ཡོད་པའི་བཀའ་ཤག་དང་སྤྱི་འཐུས་སོགས་གནད་ཡོད་མི་སྣ་རེ་ཡོད་ན། དེའི་སྐོར་ལ་འབད་བརྩོན་དང་རིག་པ་སྒྲིམ་དགོས་པ་ལས་སྟོང་སྐད་རྒྱག་བཞིན་རང་ཉིད་དང་རང་ཉིད་ཀྱི་འབྲེལ་ཡོད་ཁག་དངོས་ཤུགས་བརྒྱུད་གསུམ་ནས་གཞན་དུ་སྤོ་བ་དང་། ཁྲིམས་འགལ་གྱི་རྒྱ་གར་མི་སེར་བཟོ་བ་སོགས་བྱས་པས་བཙན་བྱོལ་སྤྱི་ཚོགས་མཉམ་གནས་སྲ་བརྟན་གྱི་ལས་དོན་ལ་ཅི་ཡང་མི་ཕན་ནོ།
འདིའི་ཐད་་གླེང་སློང་ཤུགས་རྐྱེན་ཐེབས་པ་རེ་བྱ་རྒྱུ་གལ་ཆེན་དུ་མཐོང་།
་་་་་་། གསུམ་པ་ནི་རྒྱ་ནག་གི་སྲིད་བྱུས་ཀྱི་ཐབས་ལམ་གསར་བ་ཞིག་བརྒྱུད་ནས་རྒྱ་ནག་གཞུང་ཚབ་ཁང་དུ་བོད་དུ་ལོག་པའི་ཐོ་འགོད་ཀྱི་འཚང་ཁ་རྒྱུན་ཆད་མེད་པའི་གནས་ཚུལ་ཞིག་དང། འཚང་ཁ་འདིའི་ཁྲོད་དུ་བླ་ཆེན་མི་ཆེན་ཚོ་དང་བཙན་བྱོལ་མི་སྣ་གལ་ཆེན་ཚོའི་ནང་མི་སོགས་ཀྱང་ཐེ་བ་ཡིན། དེ་ལྟར་ཁོ་ཚོ་རྒྱ་མིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཉལ་ཏེ་རེ་སྒུག་བྱེད་བཞིན་པ་ཡང་མང་དུ་འགྲོ་བཞིན་ཡོད། ་་་་་་
བོད་ནང་གནས་སྐོར་སྤྲོ་འཁྱམས་གཉེན་ཕྲད་དུ་ཕྱིན་ནས་ཚུར་ལོག་མཁན་དང་། བོད་ནང་ལོག་མཁན་ཁག་གཉིས་པོ་གཉིས། ཨ་འཇམ་ལགས་ཀྱིས་གཅིག་ཏུ་གསུངས་ཤོར་ཐལ་འདུག་སྙམ། གཞན་རང་སེམས་ཀྱི་ཤ་ཚ་ལྡོག་ཏུ་མེད་པར་བཞུར་བ་ལ་རྗེས་སུ་ཡི་རངས་སོ། །
ᨱᨓ᩶་ᩏ་ᨵᨑ་ᩏ་᫄ᨕᨑ་᪕ᨑ་᫄ᨕᨵ་ᨑ་ᩡᨓ་ᨪᨕ᪄་ᨨᨕ་་ᫀᨕ᪱་᪓ᨓ་᪠་་ᩴᨵ་ᩞᨓ་ᩚᨓ་ ᨮᨕ་᪠ᨕᨑ་᪠᪱་་ᩏ་᫄ᨕᨑ་᪕ᨑ་ᩴ་ᨻᨕ་᫄ᨕᨵ་᪱་ᨵ་᪄ᨑ་᪱ᩏ་ᨵ᪽ᨕ་᩶ᩏ་᪱ᨑ་᪱ᩴ᪄་་᩶ᩏ་ᩚ་᪱ᨑ་ᩥᨕ᪱་་ᫍᨑᨵ་ᩩ་᪱ᩲᨕᩏ་ ་ᩖᨵ་ᨵᨑ་᪱ᩏ་ᨵ᪽ᨕᨑ་᪱་ᨵ་᩶ᨓ་ᨹ་ᨵ་᩶ᩏ་་ᨑ་ᩮ་᪢་᪱་ᨕᩏ་᪠་ᨵᩏ་་ᩴᨵ་ᨕ᩶་᩶᪱་
ཨ་འཇམ་གྱིས་ཡག་པོ་བྲིས་འདུག་འོན་ཀྱང་སྐྲག་སླང་བ་ལས་དེ་འབྲེལ་ལས་དོན་ཞིག་སྒྲུབ་ན་མི་བཟང་ངམ།
ལགས་སོ་ལགས་ ངོ་མའི་ཡག་པོ་བྲིས་འདུག། ཞིབ་མོར་ཐེངས་གཉིས་ཀློག་ཚར་ཡིན། ཉེན་ཁ་བདུན་ལྡན་མ་ནང་ལ་མ་འདུས་བ་ཞིག་མི་འདུག། མུ་མཐུད་དུ་ཕྲིས། སྤྱི་ཚོགས་སུ་དགེ་སྐྱོན་འདྲེན་པའི་སྐབས་སུ་ཕོག་ཐུག་ལ་འཛེམ་དགོས་དོན་མེད། གལ་སྲིད་ཕོག་ཐུག་ལ་འཛེམ་དོག་བྱས་ན་རྩོམ་པ་པོ་རང་ཉིད་དྲངས་བདེན་མིན་པའི་དན་རྟགས་རེད།
སྤྱི་ཚོགས་ཀྱི་དགེ་སྐྱོན་འདྲེན་པ་ནི་རྩོམ་པ་པོ་ཞིག་གི་འོས་འགན་ཡིན་ལ
སྤྱི་ཚོགས་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་ཡང་རྩོམ་པ་པོ་ཞིག་གི་མཐར་ཐུག་གི་དམིགས་ཡུལ་ཡིན་ངེས།
ལྷག་བསམ་དང་སེམས་ཁུར་བྱས་སྐད་ཆ་ཞིག་རེད། ཐུགས་རྗེ་ཆེ།