དེ་རིང་སྔ་དྲོར་ངྷ་ས་མཚན་ཉིད་དཔེ་མཛོད་ཁང་དུ་བོད་ཀྱི་ཚོང་པའི་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། གསལ་བསྒྲགས་སྐབས་བོད་ཀྱི་ཚོང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཟླ་བ་རིན་ཆེན་ལགས་ཀྱིས་ངོ་སྤྲོད་བྱས་དོན། བོད་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་བར་གྱི་ཚོང་ལས་ཀྱི་འབྲེལ་བ་སྔར་ལས་ཡར་རྒྱས་ཡོང་ཆེད། ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་བོད་རིགས་ཚོང་པ་ ༢༠ ཙམ་གྱིས་སྒེར་ངོས་ནས་འགྲོ་སོང་བཏང་སྟེ། ཧྥ་རན་སི་དང་བྷེལ་ཇེམ། སི་ཕན་བཅས་སུ་ཚོང་འབྲེལ་སྐོར་སྐྱོད་བྱས་ཡོད་ལ། བོད་གཞུང་དོན་གཅོད་ཁག་གིས་མཐུན་འགྱུར་འོག ཁོང་ཚོས་ཡུ་རོབ་དང་ཧྥ་རན་སིའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་ཐུག་འཕྲད་ཀྱིས་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གྲོས་བསྡུར་ཡང་བྱས་ཡོད། ཅེས་བརྗོད་བྱུང་།
བོད་དང་ཡུ་རོབ་ཚོང་པའི་བར་ཐོག་མའི་འབྲེལ་བ་འཛུགས་སྟངས་ཐད་ཁོང་གིས་བརྗོད་དོན། དང་ཐོག་ཡུ་རོབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཚོགས་པའི་མི་སྣ་ ༦ ཚུར་ཕེབས་པ་རེད། དེའི་རྗེས། ཁོང་ཚོས་བོད་ཀྱི་ཚོང་ལས་བྱེད་སྟངས་དང་ཚོང་གི་རྣམ་གྲངས་སོགས་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་ཚོང་པའི་ལས་གཞི་གལ་ཆེན་ཞིག་ཏུ་མཐོང་ཞིང་། སྐུ་ཞབས་ཧན་ཊི་མཱ་ལོ་དང་ཁོང་གི་ལས་རོགས་ལོན་ཊོན་ནས་ཡིན་པའི་ལྕམ་མཱ་ཏེ་ཤར་མ་གཉིས་བསྐྱར་དུ་ཕེབས་སྐབས། བོད་པར་ཚོང་ལས་ཐོག་ཡར་རྒྱས་གཏོང་རྒྱུའི་ནུས་པ་ཡོད་པ་དང་དེ་ཤིན་ཏུ་གནད་འགག་ཡིན་སྟབས་རོགས་རམ་གནང་གི་ཡིན་ཟེར་ནས་ང་ཚོའི་བར་འབྲེལ་ལམ་བྱུང་བ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས་ཚོང་ལས་སློབ་སྦྱོང་གི་གལ་ཆེའི་རིན་ཐང་སྐོར་བརྗོད་དོན། ད་ལྟ་ཡོད་པའི་ཚོང་པ་མང་པོ་ཞིག་ལོ་མང་རིང་སྒེར་ངོས་ནས་ཉམས་མྱོང་བསགས་ཏེ་ཡར་རྒྱས་ཕྱིན་པ་ཤ་སྟག་ལས་ཚོང་ལས་ཐོག་ཆེད་ལས་སློབ་སྦྱོང་ཐོན་མཁན་ཧ་ཅང་ཉུང་ཉུང་རེད། དེའི་སྟབས་ཀྱིས། བོད་རིགས་ཚོང་པ་ཚོས་བསམ་བློ་ཡར་རྒྱས་གཏོང་རྒྱུ་དང་ཚོང་ལས་ཐོག་དེང་དུས་ཤེས་ཡོན་སྤྲོད་རྒྱུ། ཚོང་ལས་སྡིངས་ཆའི་ཐོག་གཞོན་སྐྱེས་ཚོར་ཤེས་ཡོན་གྱི་གོ་སྐབས་རེག་ཐབས་བཅས་བྱ་དགོས། དེའི་ཐོག་རྩ་བ་བཙུགས་ཏེ་རྒྱལ་ཁབ་གཞན་ནས་དཔལ་འབྱོར་དང་སློབ་ཡོན་ཐོབ་ཐབས་སུ་བོད་རིགས་ཚོང་པས་ཤུགས་རྒྱག་དགོས། དེ་ལྟར་བྱས་ན། བོད་མི་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་ཀྱི་རེད། ཆབ་སྲིད་དང་འཕྲོད་བསྟེན། ཁོར་ཡིག་གང་ཡིན་རུང་དཔལ་འབྱོར་དང་མ་འབྲེལ་བའི་ལས་གཞི་གཅིག་ཀྱང་མེད་སྟབས། ང་ཚོའི་ཚོང་ལས་ཁག་ཀྱང་ལས་གཞི་ཚང་མར་འབྲེལ་བ་ཡོད་པ་ཞིག་བཟོ་དགོས་ཀྱི་འདུག ཅེས་བརྗོད།
མཐར་མར་ཁོང་གིས་བོད་རིགས་ཚོང་པའི་ཀུན་སྤྱོད་སྐོར་བརྗོད་དོན། ཕ་མེས་དུས་ནས་བོད་ཀྱི་རིག་གཞུང་ནང་དགེ་སྡིག་སྤང་བླང་གི་སྐོར་མང་པོ་ཞིག་བཤད་ཡོད་ཅིང་། བག་ཆགས་དེའི་དབང་གིས་བོད་རིགས་ཚོང་པ་རྣམས་ཚོང་པ་གཞན་དང་མི་འདྲ་བ་ཞིག་ཡོད། དེ་ཡིན་དུས། དྲང་བདེན་གྱི་ཐོག་ནས་བློ་འཁེལ་བའི་ཚོང་པ་ཞིག་བྱ་རྒྱུ་ང་ཚོའི་ལས་འགན་རེད། ང་ཚོ་མུ་མཐུད་དེ་ཨ་རི་དང་ཁལ་མུག་ཏུ་ཚུང་འབྲེལ་ཆེད་སྐོར་བསྐྱོད་བྱ་འཆར་ཡོད། ཅེས་བརྗོད།
བོད་ཀྱི་ཚོང་པའི་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༥ ལོའི་ཕྱི་ཟླ་ ༦ པའི་ནང་གསར་དུ་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ལ། དེར་རྒྱ་གར་དང་བལ་ཡུལ། ཁ་ན་ཊ། སིད་སི་བཅས་སུ་ཚོགས་མི་ ༡༠༠ ལྷག་ཡོད་འདུག
གསར་འགོད་པ། དཔལ་ལྡན།
བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།།
མ་དག་པ། དག་པ།
ཁོར་ཡིག ཁོར་ཡུག
སིད་སི། སུད་སི།
དབྱངས་ཨི་དང་ཨུ་ལ་ག་དུས་ཡིན་ནའང་ཐུགས་གཟབ་གནང་རོགས། དཀའ་ངལ་འདི་སྐད་ཀྱི་གཤིས་ཀའི་སྟེང་ནས་ཡོང་གི་ཡོད།
ཡང་དེ་རིང་དཀའ་ངལ་གསར་པ་འདི་འདྲ་ཞིག་སླེབས་འདུག
ཚུང་འབྲེལ། ཚོང་འབྲེལ།
དབྱངས་ཨོ་ཡི་ཚབ་ཏུ་ཨུ་བྲིས་པ་ཞིག་རེད། མ་འོངས་པར་འདི་ལྟ་བུའི་རིགས་ཇེ་མང་དུ་མི་འགྲོ་བར་ཐུགས་གཟབ་གནང་རོགས།