བོད་ནང་འཚར་ལོངས་བྱུང་ཞིང་བཙན་བྱོལ་གྱི་སློབ་གྲྭར་འགྲིམ་མཁན་སློབ་བུ་དཔལ་ལྡན་རྒྱལ་ལགས་ཀྱིས་ཉེ་ལམ་ནོར་ཝེ་རྒྱལ་ཁབ་ནང་སློབ་སྦྱོང་གི་ཞོར་དུ་ཨི་ཊ་ལིའི་རྒྱལ་སྤྱི་རང་བཞིན་གྱི་སྙན་ངག་འགྲན་བསྡུར་ཞིག་ཏུ་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་བསྟུན་འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་ཁྱེད་ཀྱིས་སོ་སོ་ངོ་སྤྲོད་དང་འབྲེལ་འདས་པའི་ལོ་གཉིས་རིང་ནོར་ཝེ་ནང་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་དཔལ་ལྡན་རྒྱལ་ཟེར་ཞིང་། ཕ་ཡུལ་ཨ་མདོ་རྔ་པ་ནས་ཡིན། ཕ་ཡུལ་ནས་སློབ་ཆུང་ལོ་རིམ་ལྔ་བ་བཏོན་རྗེས་ ༢༠༠༠ ལོར་རྒྱ་གར་ལ་ཡོང་བ་ཡིན། ༢༠༠༨ ལོར་གྷོ་པ་པུར་སློབ་གྲྭ་ནས་འཛིན་རིམ་བཅུ་གཅིག་ཐོན་རྗེས་ཡིག་ཚད་ཀྱི་ལམ་ནས་ནོར་ཝེ་རྒྱལ་ཁབ་ཀྱི་སློབ་གྲྭ་ཞིག་ཏུ་སོང་བ་ཡིན། སློབ་གྲྭ་དེར་ཕྱིན་ཏེ་ལོ་གཉིས་རིང་སྲིད་དོན་མཚན་ཉིད་རིག་པ་དང་། ཀུན་སྤྱོད་མཚན་ཉིད་རིག་པ། ཡུ་རོབ་རྒྱལ་རབས་སོགས་ལ་སློབ་སྦྱོང་བྱས་པ་ཡིན། སློབ་གྲྭ་དེར་ལུང་པ་ ༨༦ ཙམ་གྱི་སློབ་ཕྲུག་འདུས་ཡོད་པ་དང་། དགེ་རྒན་ཡང་རྒྱ་གར་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ་སོགས་རྒྱལ་ཁབ་མང་པོ་ནས་ཕེབས་འདུག རྒྱལ་ཁབ་གཞན་ནས་ཡོང་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་ཧ་ཅང་མཐོན་པོ་རེད། སློབ་གྲྭ་དེའི་དམིགས་ཡུལ་ཡག་པོ་ཞེ་དྲག་རེད། འཛམ་གླིང་གཅིག་གྱུར་ཅན་དང་། འཆམ་མཐུན་མཉམ་གནས་ཅན་གྱི་སྲིད་བྱུས་བཟུང་འདུག དགེ་སློབ་སུ་ཞིག་ཡིན་རུང་། བསམ་བློ་གུ་དོག་དང་མཁྲེགས་འཛིན་ཅན། མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་མཁན་ཚོར་སྐྱོན་བརྗོད་བྱེད་ཀྱི་འདུག སློབ་སྦྱོང་སྤྲོད་ཕྱོགས་ཀྱང་གུ་ཡངས་པོ་དང་རང་དབང་ཆེན་པོ་རེད། དགེ་རྒན་གྱིས་མང་པོ་བཤད་འདུག་རྒྱུ་དེ་འདྲ་ཡོད་པ་མ་རེད།
དྲི་བ། ད་ལོ་ཁྱེད་རང་གིས་དབྱིན་ཡིག་ཐོག་བྲིས་པའི་སྙན་ངག་ཅིག་ལ་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་ཞིག་ཐོབ་ཡོད་སྐོར་གོ་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། དེ་ནི་ད་ལོའི་ལོ་སྟོད་དུ་ཨི་ཊ་ལིའི་ནང་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་ཞིག་བྱས་པ་རེད། འགྲན་བསྡུར་དེ་ལོ་གསུམ་རེའི་མཚམས་སུ་ཐེངས་གཅིག་རེར་ཡོད་ས་རེད། ང་རང་གི་དགེ་རྒན་ཞིག་བརྒྱུད་དེ་འགྲན་བསྡུར་དེ་ཧ་གོ་བ་ཡིན། མོ་རང་གིས་ང་འགྲན་བསྡུར་དེར་ངེས་པར་དུ་ཞུགས་ཟེར་ནས་ཡང་ཡང་བཤད་སོང་། ཐེངས་འདིའི་སྙན་ངག་འགྲན་བསྡུར་དེར་ཞུགས་མཁན་ ༡༡༠༠ ལྷག་འདུག་ལ། སྐད་ཡིག་ ༩༡ ཙམ་གྱི་ནང་སྙན་ངག་བྲིས་འདུག ངས་དབྱིན་ཡིག་ཐོག་བྲིས་ཡོད། རྩོམ་ཡིག་བསྐུར་ཏེ་ཅང་མ་འགོར་བར་ང་ལ་ཨང་གསུམ་པ་ཐོབ་འདུག་ཟེར་ནས་བྱ་དགའ་སྤྲོད་པའི་གདན་ཞུའི་ཡི་གེ་འབྱོར་སོང་། ང་རང་གི་སྙན་ངག་དེའི་ཁ་བྱང་ལ་༼ རང་བཙན ༽( Freedom) ཞེས་བཏགས་ཡོད། སྤྱིར་བཏང་ང་ཚོའི་འགྲན་བསྡུར་གྱི་བརྗོད་གཞི་གཙོ་བོ་ ༼ འོད་སྣང་དང་གྲིབ་ནག ༽ ( Lights and Shadow) ཟེར་བ་དེ་རེད། དེ་ལ་སྙན་ངག་པ་ཚོས་གོ་བ་ལེན་སྟངས་མ་འདྲ་བ་རེད། ངའི་སྙན་ངག་དེའི་འབྲི་ཐབས་བརྩམས་སྒྲུང་ཞིག་དང་འདྲ་བོ་ཡོད། སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དེ་མི་རྒན་འཁོགས་ཤིག་ཡིན་ཞིང་། ཁོང་ནི་རྒྱལ་ཁབ་དང་ལུང་པ་མེད་པར་འཁྱམས་པོ་ཞིག་ཡིན། གཞན་ཡུལ་ནས་དཀའ་སྡུག་མང་པོ་མྱངས་པ་བརྒྱུད་དེ། འགྲོ་བ་མི་ཞིག་ལ་མཚོན་ན། རང་དབང་ནི་ཅི་ཙམ་གལ་ཆེན་ཡིན་པ་མཚོན་པར་བྱས་ཡོད། སྤྲང་འཁྱམས་ཀྱི་འཚོ་བ་རོལ་ཞིང་། གཞན་གྱི་བརྙས་བཅོས་ཁུར་ཏེ་མི་ཚེ་རྫོགས་ཟིན་པ་ཞིག་གི་ངུ་འབོད་ལྟ་བུ་ཞིག་བྲིས་ཡོད། ངས་ད་ལྟ་སྙན་ངག་དེའི་ནང་དོན་བོད་སྐད་ཐོག་འགྲེལ་བཤད་རྒྱག་ཤེས་ཀྱི་མི་འདུག བྱ་དགའ་རག་མ་ཐག་མི་མང་པོ་ཞིག་གིས་སྙན་ངག་དེ་བོད་ཡིག་ནང་བསྒྱུར་རོགས་ཟེར་ནས་ངས་ཐེངས་ཁ་ཤས་ལ་ཚོད་ལྟ་བྱས་ཀྱང་ཡོང་གི་མི་འདུག
དྲི་བ། ཁྱེད་རང་གི་བསམ་པར་སོ་སོའི་སྙན་ངག་གི་འབྲི་ཐབས་དང་བསམ་བློའི་རྒྱབ་ལྗོངས་སུ་བོད་པའི་སྲོལ་རྒྱུན་སྙན་ངག་གི་ཤུགས་རྐྱེན་ཡོད་དམ། ཡང་ན་ནུབ་ཕྱོགས་པའི་སྙན་ངག་གི་ཤུགས་རྐྱེན་ཐེབས་ཡོད།
ལན། ངས་ནུབ་ཕྱོགས་པ་ཚོའི་སྙན་ངག་གི་དེབ་མང་པོ་ཀློག་གི་ཡོད། ལྷག་པར་དུ་ཨ་རབ་ཀྱི་རྩོམ་པ་པོ་ཀ་ཧཱེ་གྷབ་རན་Khalil Gibran ལགས་ཀྱི་རྩོམ་ལ་དགའ་བོ་ཡོད། ཁོང་ལ་དེབ་བཅུ་གྲངས་ཤིག་ཡོད་པ་ཚང་མ་བཀླགས་ཚར་ཡིན། ངའི་སྙན་ངག་ལ་ཁོང་གི་ལྟ་གྲུབ་ཀྱི་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་རྒྱུ་རེད། གྲོགས་པོ་རེ་ཟུང་གིས་ཀྱང་ཁྱེད་ཀྱི་སྙན་ངག་མང་ཆེ་བ་ཀ་ཧྭེ་གྷེབ་རན་གྱི་སྙན་ངག་དང་འདྲ་བོ་འདུག་ལབ་སོང་། ༼ རང་བཙན ༽ ཟེར་བའི་སྙན་ངག་དེའི་འབྲི་ཐབས་ཀྱང་། དེང་སྐབས་ནུབ་ཕྱོགས་སུ་དེ་འདྲའི་སྙན་ངག་གི་འབྲི་སྲོལ་ཞིག་དར་ཁྱབ་འགྲོ་བཞིན་ཡོད། མི་རིགས་ནག་པོ་དེ་ཚོས་ཧེ་བྷོབ་ Hiphop འཁྲབ་སྐབས། ཁ་ནས་གང་བྱུང་དུ་སྐད་ཆ་འདྲ་བོ་ཞིག་བཤད་ཀྱི་ཡོད་པ་དེ་སྙན་ངག་ལ་རྩི་མི་རྩི་གཉིས་ཡོད་ཀྱང་། ང་རང་གིས་དེ་སྙན་ངག་ཡག་པོ་ཞིག་ཏུ་མཐོང་གི་ཡོད།
དྲི་བ། ཁྱེད་རང་རྒྱལ་སྤྱི་རང་བཞིན་གྱི་སྙན་ངག་འགྲན་བསྡུར་དེ་འདྲ་ཞིག་ལ་འཛུལ་ཞུགས་ཀྱི་བསམ་བློ་ཇི་ལྟར་འཁོར་བ་དང་། ཐོག་མའི་འགྲན་ཞུགས་སྐབས་བྱ་དགའ་ཐོབ་རྒྱུར་གདེང་ཚོད་འདྲ་ཡོད་དམ།
ལན། གདེང་ཚོད་གང་ཡང་མེད་པའི་ཐོག་ནས་ཞུགས་པ་ཡིན། རང་གིས་སྔོན་མ་ནས་སྙན་ངག་མང་པོ་ཞིག་འབྲི་བཞིན་ཡོད། དེ་དག་མིའི་མིག་མདུན་ལ་སྟོན་རྒྱུར་གཉའ་ཆག་དགོས་དོན་མི་འདུག སྔར་སྙན་ངག་གི་དེབ་ཅིག་འདོན་དགོས་དྲན་ཡོད་ཀྱང་། དེང་སྐབས་སྙན་ངག་གི་ཁྲོམ་ར་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་པ་ཚོས་སྙན་ངག་པར་ལྟ་སྟངས་ཡག་པོ་མེད་པ་སོགས་ལ་བསམ་ཏེ། དེབ་འདོན་རྒྱུའི་བསམ་བློ་ཡལ་སོང་། ཐེངས་འདིའི་འགྲན་བསྡུར་སྟེང་ཕུལ་བའི་སྙན་ངག་དེ་ནོར་ཝེ་ནས་བྲིས་པ་ཡིན། སྙན་ངག་ལ་ཚོར་བ་གཙོ་བོར་འཇོག་མི་འཇོག་གཉིས་ཡོད་ཀྱང་། ང་རང་གིས་སྙན་ངག་ཕལ་ཆེ་བ་ཚོར་བའི་ཐོག་ནས་བྲིས་པ་ཡིན། ངས་སྙན་ངག་གང་བྲིས་པ་དེར་བཟོ་བཅོས་རྒྱག་གི་མེད། མི་ཁ་ཤས་ཀྱིས་ཚོར་བ་གང་ཡང་མེད་པའི་ཐོག་ནས་སྙན་ངག་བཙིར་གྱི་ཡོད་པ་རེད། དེ་རིགས་ངས་སྙན་ངག་ཡག་པོ་ཞིག་ཏུ་མཐོང་ཐུབ་ཀྱི་མི་འདུག ཡང་སྙན་ངག་ལ་བསམ་བློ་ཁྱོན་ནས་མ་འདྲེས་པ་དེ་འདྲ་ཡང་མ་རེད། སེམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཞིག་སྐྱེས་སྐབས། ཚོར་བ་དེའི་གནས་ལུགས་རྒྱུ་མཚན་ལ་བསམ་བློ་བཏང་སྟེ་བྲིས་ན་ཡག་པོ་ཡོང་སྲིད་པ་རེད།
དྲི་བ། ཁྱེད་ཅག་གི་སྙན་ངག་འགྲན་བསྡུར་དེ་གོ་སྒྲིག་ཞུ་མཁན་གཙོ་བོ་སུ་ཡིན་པ་དང་། འགྲན་བསྡུར་དེ་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གང་འདྲ་ཡོད་དམ།
ལན། ཨི་ཊ་ལིའི་གཙུག་ལག་སློབ་གྲྭ་ཁག་ཅིག་གི་སློབ་དཔོན་ཆེན་མོ་མང་པོ་ཞིག་གིས་མཉམ་རུབ་ཐོག སྙན་ངག་འགྲན་བསྡུར་དེ་སྒྲུབ་པ་ཞིག་རེད། བྱེད་སྒོ་སྤེལ་ས་ཨི་ཊ་ལིའི་གྲོང་ཁྱེར་ཏཱི་རེ་སི་ཏཱ་རེད། ཏཱི་རེ་སི་ཏཱ་ཟེར་བ་དེ་ཨི་ཊ་ལིའི་སྐད་རེད། ཡུ་རོབ་ཀྱི་ས་གནས་སྐད་གྲགས་ཅན་ཞིག་ཡིན་ས་རེད། ས་དེའི་ལོ་རྒྱུས་ཐོག་སྙན་ངག་པ་གྲགས་ཆེན་མང་པོ་བྱུང་མྱོང་རབས་བཤད་སོང་། ས་གནས་དེར་གྲོང་ཁྱེར་རྫིག་པོ་དང་ཁང་བརྩེགས་མཐོན་པོ་དེ་འདྲ་མཐོང་རྒྱུ་མི་འདུག བསིལ་ཁང་དང་ཇ་ཁང་། ཆང་ཁང་རེ་གཉིས་འདུག ཁོར་ཡུག་ཧ་ཅང་ཁ་ཁུ་སིམ་པོ་རེད། སྔར་སྙན་ངག་པ་དེ་ཚོ་བསིལ་ཁང་དེ་དག་ནང་འཛོམས་ཏེ་སྙན་ངག་གྱེར་འདོན་བྱེད་པ་དང་། ལྟ་གྲུབ་དང་བསམ་བློའི་དཔྱད་གླེང་བྱས་པ་རེད་ཟེར། ཡུ་རོབ་ཀྱི་སྙན་ངག་པ་གྲགས་ཆེན་འགའ་རེ་ད་ལྟ་ཡང་ས་དེར་བསྡད་འདུག ཁོང་ཚོས་ངེད་ཅག་ལ་སྔོན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཀྱི་ནཱ་རྫེ་དང་འབྲེལ་བའི་སྙན་ངག་འགའ་རེ་སྐྱོར་སོང་། ཉིན་མཐའ་མ་དེར་ང་ཚོ་ཚང་མ་གྲུ་གཟིངས་ཤིག་ལ་བསྡད་ནས་མཚོ་གླིང་གི་རྒྱལ་ཁང་རྙིང་པ་ཞིག་ལ་སོང་སྟེ། གཟེངས་རྟགས་སྤྲོད་བཞེས་ཀྱི་མཛད་སྒོ་ཚོགས་པ་རེད།
དྲི་བ། སྙན་ངག་འགྲན་བསྡུར་དེའི་ནང་ཁྱེད་ལ་ཨང་གསུམ་པའི་བྱ་དགའ་ཐོབ་སྐབས་སེམས་ཚོར་གང་འདྲ་བྱུང་སོང་ངམ།
ལན། བྱ་དགའ་ཨང་གསུམ་པ་ཐོབ་པ་གོ་མ་ཐག་དགའ་བོ་བྱུང་སོང་། སྤྱིར་སྙན་ངག་བྲིས་ཚད་ལ་བྱ་དགའ་རག་དགོས་བའི་ཁྱབ་པ་ཡོད་པ་མ་རེད་དེ། ད་བར་སྙན་ངག་མང་པོ་ཞིག་བྲིས་ཡོད་ཀྱང་། གཞན་གྱིས་ངོས་འཛིན་དེ་འདྲ་ཐོབ་མྱོང་ཡོད་པ་མ་རེད། མཚམས་རེར་རང་གིས་རང་གི་སྙན་ངག་ལ་གོ་རྒྱུ་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག བྱ་དགའ་དེ་བརྒྱུད་ནས་མ་འོངས་པར་མུ་མཐུད་སྙན་ངག་འབྲི་རྒྱུར་སེམས་ཤུགས་འཕར་སོང་། ཨང་གཉིས་པ་ཐོབ་མཁན་དེ་ཨི་ཊ་ལི་རང་ནས་རེད། ཁོང་ལ་འབྲེལ་འདྲིས་དེ་ཙམ་བྱ་ཐུབ་མ་སོང་། ཨང་དང་པོ་ཐོབ་མཁན་དེ་ཧྥ་རན་སི་ནས་རེད། ཁོང་དང་ངེད་གཉིས་འཆམ་པོ་ཆགས་སོང་། ཁོ་རང་ཡུ་རོབ་ནང་གི་གཏམ་བརྗོད་འཁྲབ་མཁན་གྱི་སྒྱུ་རྩལ་པ་སྐད་གྲགས་ཅན་ཞིག་ཡིན་རབས་བཤད་སོང་། སྔོན་མ་སྙན་ངག་དང་སྒྱུ་རྩལ་འགྲན་བསྡུར་མང་པོ་ཞིག་ཏུ་བྱ་དགའ་བླངས་པ་རེད་ཟེར།
དྲི་བ། ཁྱེད་ཀྱིས་ནམ་རྒྱུན་སྙན་ངག་གི་བརྗོད་བྱ་ག་རེ་སྐོར་ལ་འབྲི་བཞིན་ཡོད་པ་དང་། བརྗོད་བྱ་དེ་འདྲ་ཞིག་བདམས་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་གང་འདྲ་ཡིན་ནམ།
ལན། སྤྱིར་སྙན་ངག་འབྲི་སྟངས་ལ་གོ་དཀའ་བ་དང་སླ་བ་གཉིས་ཡོད་ཀྱང་། ང་རང་གིས་དགའ་མོས་བྱེད་སའི་སྙན་ངག་པ་ཀ་ཧྭེ་གྷེབ་རན་གྱི་སྙན་ངག་མང་ཆེ་བ་གོ་དཀའ་བའི་རིགས་རེད་ལ། ང་རང་གི་སྙན་ངག་དག་ཀྱང་གོ་དཀའ་བའི་གྲས་ཡིན་ས་རེད། མི་མང་པོ་ཞིག་གིས་ང་ལ་ཁྱེད་ཀྱི་སྙན་ངག་ལ་གོ་རྒྱུ་གཅིག་ཀྱང་མི་འདུག་ཟེར་མྱོང་། སྙན་ངག་གི་བརྗོད་བྱའི་ཐད་ནས་སྔོན་མ་ཆབ་སྲིད་སྐོར་མང་པོ་བྲིས་པ་ཡིན་ལ། བརྩེ་དུང་སྐོར་ཡང་འགའ་རེ་བྲིས་ཡོད། རྗེས་སུ་ང་རང་གིས་ནུབ་ཕྱོགས་མཚན་ཉིད་རིག་པར་སློབ་སྦྱོང་བྱས་པ་ནས་བཟུང་སྙན་ངག་གི་ཁ་ཕྱོགས་ལ་འགྱུར་བ་ཕྱིན་སོང་། ངས་བསམ་ན་དེ་ནི་ངའི་སྙན་ངག་གི་མཆོངས་སྐྱོད་ཆེན་པོ་ཞིག་རེད་དྲན་ཡོད། དེང་སྐབས་འགྲོ་བ་མིའི་རིགས་ཀྱི་བདེན་པ་དང་། བྱ་དངོས་ཀྱི་གནས་ལུགས་དང་རང་བཞིན་སྐོར་མང་ཙམ་འབྲི་བཞིན་ཡོད། ང་རང་སྔོན་མ་གྷོ་པ་པུར་སློབ་གྲྭར་ཡོད་སྐབས། བཙན་བྱོལ་ནང་གི་དབྱིན་ཡིག་དུས་དེབ་༼ Tibet Today ༽ དང་། ༼ Tibet Word ༽ སོགས་ཀྱི་སྟེང་སྙན་ངག་མང་པོ་བྲིས་མྱོང་ཡོད། ད་ཆར་དབྱིན་ཡིག་གི་དུས་དེབ་དེ་དག་ཤི་ཚར་ཡིན་ས་རེད། མཐོང་རྒྱུ་མི་འདུག །
དྲི་བ། མ་འོངས་པར་ཁྱེད་རང་གིས་ཁ་ཕྱོགས་ག་འདྲ་ཞིག་ལ་སློབ་སྦྱོང་བྱ་འཆར་ཡོད་པ་དང་། སྙན་ངག་གི་ཕྱོགས་ལ་རེ་བ་ཅི་ཙམ་བཅོལ་ཡོད་དམ།
ལན། ད་ལྟའི་ཆར་ང་རང་གི་དགའ་ཕྱོགས་གཙོ་བོ་ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར་རེད། དེ་ལ་སློབ་སྦྱོང་གི་ཞོར་དུ་སྙན་ངག་རེ་ཟུང་འབྲི་བསམ་ཡོད། འོན་ཀྱང་སྙན་ངག་ཐོག་ཆེད་སྦྱོང་བྱེད་པ་དང་དེབ་འདོན་པ་སོགས་ཀྱི་འཆར་གཞི་དེ་འདྲ་མེད། ང་རང་སྔོན་མ་རྒྱ་གར་ནང་ཡོད་སྐབས། རྒྱ་གར་གྱི་བསམ་བློ་བ་གྲགས་ཆེན་རཱ་བྷན་ཊ་ན་ཊེ་ཀོར་ Tagore དང་། ཨོ་ཤོOsho ཇེ་གུ་ཤིར་ན་མོར་ཌི་ Krishna Murti སོགས་ཀྱི་དེབ་མང་པོ་བཀླགས་པ་ཡིན། ཁོང་ཅག་གི་ལྟ་གྲུབ་མང་ཆེ་བ་ཆོས་ལུགས་དང་འབྲེལ་བའི་སྐོར་ཡིན་སྟབས། དེང་སྐབས་ངས་ནུབ་ཕྱོགས་མཚན་ཉིད་རིག་པ་སྦྱོང་སྐབས་སྔར་གྱི་རྨང་གཞི་དེས་ཕན་ཆེན་པོ་ཐོགས་ཀྱི་འདུག མཚན་ཉིད་རིག་པ་སྦྱོང་མཁན་ཚོར་ཉེན་ཁ་ཞིག་ཀྱང་ཡོད་པ་རེད། ལྷག་པར་དུ་རྒྱ་གར་གྱི་བསམ་བློ་བ་ཨོ་ཤོ་ཡི་ལྟ་གྲུབ་སྦྱོང་མཁན་ཡིན་ན་དོན་སྟོང་རིང་ལུགས་ཀྱི་འདི་ཤེས་སྐྱེས་ཏེ། རང་ཉིད་ལ་ཚོད་འཛིན་མ་ཐུབ་ན་མི་འཕྲོ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། ནུབ་ཕྱོགས་ལ་མཚོན་ན་ཤར་ཕྱོགས་པའི་ཆོས་ལུགས་དང་འབྲེལ་བའི་མཚན་ཉིད་རིག་པའི་ལྟ་གྲུབ་དེ་ལ་ཧང་སང་མདོག་བྱས་ཏེ་གསར་བྱུང་དུ་རྩི་བཞིན་འདུག
ངས་ནོར་ཝེ་ནས་སློབ་སྦྱོང་ཐོན་མ་ཐག་ཨ་རི་ལ་ཡིག་ཚད་བཏང་སྟེ། ཨ་རིའི་ Devry University ཞེས་པའི་སློབ་གྲྭར་ཡིག་ཚད་འཕྲོད་འདུག ད་ལོ་སློབ་གྲྭ་དེར་ཡིག་ཚད་གཏོང་མཁན་འཛམ་གླིང་ཡོངས་སུ་སློབ་མ་ཉིས་ཁྲི་བདུན་སྟོང་ ༢༧༠༠༠ ལྷག་བྱུང་འདུག མཐར་སློབ་མ་ ༡༧༠༠ དངོས་སུ་བསྡུས་ཤིང་། དེའི་ཁྲོད་ཀྱི་སློབ་མ་ ༢༧ ལ་སློབ་ཡོན་སློབ་གྲྭ་རང་གིས་འགན་ལེན་བྱས་འདུག་ལ། དེ་དག་ལས་ཀྱང་རྩེ་ཕུལ་གྱི་སློབ་མ་ ༡༠ བདམས་ཏེ་སློབ་ཡོན་དང་འགྲོ་སོང་ཆ་ཚང་ལ་སྦྱིན་བདག་ཅིག་ཐོན་པ་རེད། ང་རང་སློབ་ཕྲུག་རྩེ་ཕུལ་ ༡༠ དེིའི་གྲུས་སུ་ཚུད་སོང་། འགྲོ་གྲོན་གྱི་སྦྱིན་བདག་གནང་མཁན་ཨ་རིའི་གློག་ཀླད་སྒེའུ་ཁུང་གསར་གཏོད་གནང་མཁན་བྷེལ་གྷེ་ཊི་ Billgates ཡི་སྐྱེས་དམན་རེད།
དྲི་བ། ཁྱེད་རང་བོད་པའི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་ཆབ་སྲིད་ཀྱི་ཕྱོགས་ལ་དོ་སྣང་དང་ལྟ་ཚུལ་གང་འདྲ་ཡོད་དམ།
ལན། ཆབ་སྲིད་ཐོག་དམིགས་བསལ་དགའ་བོ་ཟེར་ན་མི་ཤེས་ཏེ། དེང་སྐབས་ང་ཚོ་སློབ་གྲོགས་ཕན་ཚུན་བར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སྐོར་ལ་སྐད་ཆ་མང་པོ་ཡོང་གི་འདུག ང་རང་གིས་ནམ་རྒྱུན་འདི་ལྟར་བཤད་ཀྱི་ཡོད། མ་འོངས་པར་བོད་པར་རང་བཙན་རག་མི་རག་གནས་ཚུལ་གཞན་ཞིག་རེད། བོད་པའི་འཐབ་རྩོད་དབུ་མའི་ལམ་ལ་འགྲོ་དགོས་པ་དེ་༧གོང་ས་མཆོག་གི་བཀའ་ལུང་ཡོད་པའི་རྒྱུ་མཚན་བགྲང་ན་ནོར་བ་རེད། ད་ལྟའི་དུས་ཚོད་ལ་བསམ་བློ་བཏང་ན་འདྲ་ལ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བག་ལ་བསམ་བློ་བཏང་ན་ཡང་འདྲ། ལུང་པ་ཞིག་གི་རང་བཙན་ཟེར་བ་དེ་ཞེ་དྲག་གལ་ཆེན་པོ་ཞིག་ཡིན་ས་མ་རེད། ང་ཚོའི་ཨེ་ཤ་ཡ་དང་ཨ་ཧྥི་རི་ཁ། ལཱ་ཊན་ཨ་མེ་རི་ཁ་སོགས་ཀྱི་ནང་ད་དུང་རྒྱལ་ཞེན་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། དྲང་མོར་བཤད་ན་དེ་དག་ལ་མཐོང་རྒྱ་ཐོས་རྒྱ་དང་། དཔལ་འབྱོར་གནས་སྟངས་ཀྱིས་གྲོལ་མ་ཐུབ་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྔ་རྗེས་སུ་ཡུ་རོབ་ཀྱང་དེ་འདྲ་ཡིན་ས་རེད། ད་ཆར་ཡུ་རོབ་ཀྱི་མི་ཚང་མས་གཅིག་གྱུར་མཉམ་གནས་ཀྱི་བདེ་བ་ཞིག་འཚོལ་བཞིན་ཡོད། ངའི་རྒྱལ་ཁབ་དང་ངའི་མི་རིགས་ཟེར་ནས་སྒེར་སེམས་ཆེན་པོ་བྱས་ན་དགའ་མཁན་ཡོད་པ་མ་རེད། ཡུ་རོབ་མཉམ་འབྲེལ་བཙུགས་ཏེ་ལོ་མང་པོ་ཕྱིན་མེད་ཀྱང་། ཡུ་རོབ་ནང་གི་ཆབ་སྲིད་དང་དཔལ་འབྱོར་ལ་འགྱུར་བ་ག་ཚད་ཕྱིན་འདུག ད་ལྟ་ཨ་ཧྥི་རི་ཁའི་ནང་མཉམ་འབྲེལ་ཞིག་ལ་མི་ཚང་མས་ཤུགས་རྒྱག་གི་ཡོད་པ་རེད། བརྙན་འཕྲིན་སོགས་སུ་རྐང་རྩེད་སྤོ་ལོ་འགྲན་བསྡུར་སྐབས། རྒྱལ་ཁབ་ཀྱི་ཞེན་ཁོག་ཆེན་པོ་འདུག་སྙམ་པ་དེ་འདྲ་དྲན་སྲིད་ཀྱང་། ཕར་ཕྱིན་པ་ཡིན་ན་དེ་འདྲ་གཅིག་ཀྱང་ཡོད་པ་མ་རེད། གང་ལྟར། ཆབ་སྲིད་པ་ཚོས་རྩེད་མོ་རྩེད་དེ་མང་ཚོགས་དཀྱུས་མར་མགོ་སྐོར་བཏང་ནས་མི་འཇོག་པར། འཛམ་གླིང་གི་འགྲོ་ཕྱོགས་ལྟར་སྤྱི་འབངས་ལ་བདེ་སྐྱིད་བསྐྲུན་པའི་ཐབས་ལམ་འཚོལ་དགོས་པ་རེད།
དྲི་བ། ཁྱེད་རང་གི་ངོས་ནས་བོད་པའི་མཐོ་རིམ་སློབ་མ་ཞིག་ན་ལ་མཚོན་ན། ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་། བསམ་བློའི་འཁྱེར་སོ་སོགས་གང་འདྲ་ཞིག་དགོས་པར་དགོངས་ཀྱི་ཡོད་དམ།
ལན། ང་རང་ལ་མཚོན་ན་དྲི་བ་འདི་ལ་ལན་འདེབས་མ་ཤེས་པ་ཞིག་དང་། ལན་འདེབས་རྒྱུར་འཚེར་བོ་འདྲ་ཞིག་རེད། གང་ཡིན་ཟེར་ན། ངས་བོད་ནང་གི་མཐོ་རིམ་སློབ་མའི་གནས་སྟངས་ཤེས་ཀྱི་ཡོད་པ་མ་རེད། ངས་མཐོང་བ་དང་ཐོས་པ་བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་ཚོ་རེད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་འགྲོ་བཞིན་པའི་བོད་རིགས་སློབ་མ་ཚོ་མཐོང་ཡོང་ན་ངུ་ཤོར་ཡོང་བ་ཞིག་རེད། ཤེས་ཡོན་དང་བསམ་བློའི་གནས་ཚུལ་སྐྱོ་ཐག་ཆོད་རེད། ཆབ་སྲིད་ལས་འགུལ་དང་རིག་གཞུང་བགྲོ་གླེང་སོགས་ལ་འཛོམས་ཤོག་ལབ་དུས་ཡིན་མདོག་ཁ་བོ་ཞིག་ཡོད་ཀྱང་། མི་རེ་ངོ་རེར་གཤིབ་པ་ཡིན་ན། བོད་དོན་ལ་དོ་སྣང་དང་སེམས་ཤུགས་ཅན་ཡང་ཉུང་ཉུང་རེད། ཐ་ན་སོ་སོའི་མི་ཚེའི་ཁ་ཕྱོགས་དང་ཕུགས་བསམ་བརྟན་པོ་ཡོད་མཁན་ཙམ་ཡང་དཀོན་པོ་རེད། མཐོ་རིམ་སློབ་མ་མང་ཆེ་བའི་བསམ་བློ་ད་དུང་འཛིན་རིམ་དྲུག་པ་བདུན་པ་དང་གཅིག་མཚུངས་ཤིག་ཏུ་མཐོང་སོང་། འོན་ཀྱང་ཚང་མ་དེ་འདྲ་རེད་ཟེར་གྱི་མེད། སྤྱི་ཡོངས་ནས་བཤད་ན་ང་ལ་མཐོང་སྣང་དེ་འདྲ་ཞིག་བྱུང་སོང་། གནས་སྟངས་འདིའི་འབྱུང་རྐྱེན་འཚར་ལོངས་བྱུང་སའི་སློབ་གྲྭའི་ཁོར་ཡུག་དང་དགེ་རྒན། འཛིན་སྐྱང་བཅས་ཁག་འགེལ་མི་བྱེད་ཐབས་མེད་རེད། དེ་བཞིན། ད་ལྟ་འཛུགས་སྐྲུན་འགྲོ་བཞིན་པོའི་རྒྱ་གར་ལྷོ་ཕྱོགས་ཀྱི་༼ ཏཱ་ལའི་བླ་མ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང ༽ ཟེར་བ་དེ་ཡང་མ་འོངས་པར་ག་འདྲ་ཞིག་ཆགས་ཡོང་ངམ་སྙམ་གྱི་འདུག ད་ཡོད་སློབ་གྲྭ་ཁག་གི་འགྲོ་ལུགས་འགྲོ་སྟངས་དང་། སློབ་གསོ་སྤྲོད་སྟངས། དགེ་རྒན་དང་ལས་བྱེད་དག་གི་བསམ་བློའི་འཁྱེར་སོ་སོགས་གནས་སྤོར་བྱས་པ་ཡིན་ན། ཕན་ཐོགས་ཆེན་པོ་ཞིག་ཨེ་ཡོང་ན་བསམ་གྱི་འདུག དེ་ལས་ཕྱི་རྒྱལ་སློབ་གྲྭ་ཁག་ཏུ་ལམ་ཁ་འཚོལ་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་དྲན་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
གྲོགས་དཔལ་ལྡན་རྒྱལ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། བདག་གིས་ནམ་ཡང་ཁྱེད་དང་ཁྱེད་ལྟ་བུའི་བློ་མིག་གི་ཤེས་རབ་དང་། འཚོལ་དཔྱད་ཀྱི་རིག་ཤེས་བཀྲ་བའི་རེ་བ་ཅན། ཁྱེད་ཚོར་རེ་བ་བྱེད་ངེས། རྒྱལ་སྤྱི་ནི་རྒྱ་ཁྱོན་ཆེན་པོ་ཞིག་ཡིན་པ་ལས་སྤྲོ་ཚིགས་ལྟ་བུའི་ལུང་པ་ཆུང་ཆུང་ཞིག་མིན་ལ། སྐབས་དེའི་དཔྱད་ཞིབ་པ་ཚོ་ནི་ཤེས་རབ་ཅན་གྱི་མི་རྐྱང་རྐྱང་ཡིན་པ་ལས་དགེ་འདུན་ལྟ་བུའི་རང་གི་དག་ཆ་ཙམ་ཡང་འབྲི་མི་ཤེས་མཁན་ཞིག་མ་ཡིན། གང་ལྟར་ཁྱེད་ཀྱིས་གཞན་གྱི་སྐད་ལ་བརྟེན་ནས་མི་རིགས་ཀྱི་བདེ་སྡུག་བརྗོད་པ་ནི། བོད་ཡིག་སྟེང་རྩོམ་རྙོག་ཅིག་བྲིས་པ་དང་གཏན་ནས་མི་འདྲ། ཁྱེད་ཀྱིས་སྔར་བཞིན་རང་གི་མ་སྐད་སྟེང་ནས་རྩོམ་ཡིག་འབྲི་རྒྱུ་མ་བརྗེད་ལོ།
དཔལ་ལྡན་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཉེ་སྔོན་ངེད་གཉིས་ལྡི་ལི་ནས་ཀྱང་སྙན་ངག་གི་སྐོར་ཁ་བརྡ་དུས་ཐུང་ཞིག་ཏུ་བྱེད་པའི་གོ་སྐབས་བྱུང་། ཡིན་ནའང་། སྐབས་དེར་ངས་ཀྱང་ཁོ་རང་སྙན་ངག་གི་སྐོར་དྲི་བ་བྱེད་རྒྱུའི་ཁས་ལེན་བྱས་མོད། ངའི་སྒྱིད་ལུག་གི་གཤིས་ཀ་དང་གནས་ཚུལ་འགའི་རྐྱེན་གྱིས་གོ་སྐབས་དེ་ཤོར་སོང་བས་དགོངས་འགལ་མེད་པར་ཞུ་བར་འདོད།
freedom ཕྷུ་རེ་ཊྲོམ་ཟེར་བ་དེ་རང་དབང་མ་རེད་དམ། རང་བཙན་ལ་དབྱིན་སྐད་ཀྱིས་ཨིན་ཊྲེ་ཕན་ཊྲིན་ཁྲི་ ཡིན་ན་ཅིག་མི་ཟེར་རམ། ངས་དབྱིན་སྐད་ཤེས་ཁུལ་བྱས་བ་མིན། མ་ཤེས་བར་དྲིས་ནི་ཡིན།
གང་ལྟར་སྡེ་ཚང་གི་གསར་བུ་ལ་བཀྲིས་བདེ་ལེགས་ཡོད།
འདིར་དགའ་ཤོས་གཅིག་ཡོད་པ་དེ་ནི། འདེམས་མཁན་དེ་ཚོས་རང་བཙན་ཞེས་པའི་ཚིག་དོན་ངོ་འཕྲོད་པ་འདི་རེད།
ཁོས་བྲིས་པའི་སྙན་ངག་དེ་ཀློག་འདོད་དམ། འགོ་བརྗོད་དུ་རང་བཙན་ཞེས་བཀོད་འདུག འདི་ལོའི་སྤྱི་ཟླ་གསུམ་པའི་ནང་བྱ་དགའ་ཐོབ་པ་རེད།
Cruel is the Eastern tempest that storms
And the windy weather reigns for years,
Ruthless the unrelenting hailstones
That destroys our crops of dreams.
The wintry wind chills my bones
And its sneaky gusts freeze my soul.
The melody of the rivers went silent;
As the beauty of the Snow Land arrested.
Since our Rangzen was abducted
The land was robbed and raped
My people under torture and torment
Exiled in Diaspora.
Amidst the hail of bullets and blows.
I bid adieu to Potala in tears and terror
To my beloved Palace so near and dear,
When my home was ransacked and raided.
If Rangzen is the hope of mankind
Why should my people starve?
For tyranny gives birth to tragedy
And deception stoops to enmity.
Rangzen, the hope of Snow-Landers;
The Roof of the World
Endures
From centuries ere the Black 1959.
ཡ་ཡ་རྔ་ཕྲུག་ཞིག་གི་ལྕེ་གཡར་མ་ཞིག་ལ་བརྟེན་ནས་བྱ་དགའ་ཅིག་ཐོབ་པ་བཀྲིས་ཞུ་རྒྱུ་ཡིན། ་བདེ་ལེགས་མི་ཞུ།
རང་བཙན་ཟེར་སྟངས་ལ་ཚོད་གམ་བྱས་ན་བརྗོད་བྱ་ཟབས་རྒྱུ་མེད་པའི་སེམས་ཚོལ་ཅུང་སྤྲད་ཐུབ་པའི་༥༩་ཚུན་གྱི་བོད་གྱི་ངོས་ཡོད་དང་འབྲེལ་ཡོད་རྒྱུ་རེད།
དེར་བརྟེན་བྱུང་བ་དེ་དམིགས་བསལ་བ་ཞིག་ཡིན་དུས་ཁོ་བའི་སྙན་ངག་དེ་ལ་དམིགས་བསལ་བའི་བལྟ་ཚུལ་ཞིག་གི་འོག་ནས་བྱ་དགའ་དེ་ཐོབ་པ་མིན་འགྲོ།
་་ཡག་པོ་རེད་ཟེར་རྒྱུ་ལས་་ཡ་མཚན་རྒྱུ་མི་འདུག།
འཛམ་གླིང་གཅིག་གྱུར་དང་ཉམས་གནས་ཀྱི་དོན་ཡང་རང་རིགས་མི་གཙོ་གཞན་རིགས་གཙོ། རང་གི་རིག་གཞུང་མི་བཀུར་གཞན་གཞུང་བཀུར་གྱི་དོན་ཡིན་དོགས་གནས་རེད།
སློབ་གྲོགས་དཔལ་ལྡན་ལགས་ལ་བཀྲ་ཤིས་བདེ་ལེགས་དང་སྐད་ཆ་དྲང་མོ་བཤད་པར་ཐུགས་རྗེ་ཆེ། ཞར་ལ་གསལ་འདེབས་ཤིག་ཀྱང་བྱ་འདོད་ཡོད། མི་རིགས་རིང་ལུགས་ཏེ་རང་རྒྱལ་གཞན་ཕམ་གྱི་བསམ་སྤྱོད་ཅིག་ཡོད་མི་རུང་བ་བདེན་དུ་ཆུགས་ཀྱང་། རང་གི་མི་རིགས་དང་རིག་གཞུང་འདོར་ཕོད་པའི་སེམས་འདུན་དེ་ཡོད་མི་རུང་། རྒྱུ་མཚན་འདི་ནི་འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་མིའི་རིགས་ཀྱི་ཆོས་ཉིད་ཅིག་ཡིན་བདག་འཛིན་སྤང་བའི་མི་བུ་ཞིག་འཇིག་རྟེན་ན་ཡོད་མི་སྲིད་པས་ཉིད་ཀྱིས་དཔྱོད་པར་ཞུ།