ཁ་སང་ཕྱི་ཚེས་ ༢༢ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་གཞུང་གིས་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ནང་ལྷ་ས་འབྲས་སྤུངས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཚོས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་གིས་འབྲས་སྤུངས་བློ་གསལ་གླིང་གི་དགེ་སྐུལ་འཇམ་དཔལ་དབང་ཕྱུགས་ལགས་སུ་ཚེ་བཙོན་དང་། སྒོ་མང་གྲྭ་ཚང་གི་དགེ་རྒན་དཀོན་མཆོག་ཉི་མ་ལགས་སུ་ལོ་ ༢༠ ། འབྲས་སྤུངས་སྔགས་པ་གྲྭ་ཚང་གི་དགེ་རྒན་ངག་དབང་ཆོས་འཕེལ་ལགས་སུ་ལོ་ ༡༥ བཅས་ཀྱི་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་ཞིག་མིན་པ་མ་ཟད། ཁོང་ཅག་སྐབས་དེའི་ལས་འགུལ་ཁྲོད་ཞུགས་མེད་པ་ར་སྤྲོད་གསལ་བོ་བྱུང་ཡོད། ང་ཚོའི་ཞིབ་འཇུག་གི་གོ་རིམ་ཁྲོད་ཁོང་རྣམས་ཀྱིས་ཉེས་བསགས་ཀྱི་དོན་རྐྱེན་བཟོས་ཡོད་སྐོར་བཤད་མཁན་མི་གཅིག་ཀྱང་བྱུང་མེད། ད་ཆར་ཁོང་ཅག་གར་ཡོད་ཅི་བྱུང་གི་གནས་ཚུལ་ཁ་གསལ་མེད་པའི་ཐད་བློ་འཚབ་ཡོད་ལ། དོན་དག་འདི་ནི་ང་ཚོའི་ལས་འགུལ་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ཐོག་དམ་དྲག་བྱེད་པའི་ཐབས་ཇུས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བཀོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གཞུང་གིས་ ༢༠༠༨ ལྷ་སའི་ཟིང་འཁྲུག་ཁྲོད་ཉུང་མཐར་བོད་མི་ ༢༢ ལས་རྐྱེན་ལམ་དུ་ཕྱིན་མེད་སྐོར་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐབས་དེར་བོད་མི་ ༡༤༠ ལྷག་དམར་གསོད་བཏང་ཡོད་པ་མ་ཟད། སྐབས་དེའི་གནས་སྟངས་ཀྱི་དབང་གིས་གྲྭ་ས་སེ་འབྲས་དགའ་གསུམ་གཙོས་དགོན་སྡེ་ཁག་ཏུ་དམ་དྲག་བྱས་ཏེ། དགེ་འདུན་པ་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་བསྒྲགས་ཡོད།
གསར་འགོད་པ། དོན་གོ