མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ནས “རྒྱ་བོད་མི་རིགས་མཐུན་སྒྲིལ” ཟེར་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གྱི་གོ་སྒྲིག་སྣེ་ཁྲིད་དང་། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱི་སྐད་སྒྱུར་འོག ༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱད་སྐར་མ་ ༧༥ རིང་། དེ་སྔ་རྒྱ་རིགས་མང་པོ་ཞིག་གིས་གྷོ་གྷིལ་(Google) དྲ་བ་བརྒྱུད་༧གོང་ས་མཆོག་ལ་དྲི་བ་ཁག་ ༣༡༩ ཙམ་ཡོད་པ་རྣམས་ལས། ཐེངས་འདིར་རྒྱ་ནག་པེ་ཅིན་གྱི་ཅཱང་ཐན་ཡཱོང་དང་། ཧྲུན་ཀྲིན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཐུན་པིའོ་གཉིས་ཀྱིས་དྲི་བ་ ༦ གདམ་གསེས་བྱས་ཏེ་༧གོང་ས་མཆོག་ལ་ཕུལ་བར་བཀའ་ལན་གནང་ཡོད

རྒྱ་རིགས་ཀྱི་དྲི་བ།  སྐུ་ཉིད་ང་ཕོད་ངག་དབང་འཇིགས་མེད་ཐོག་གཟིགས་ཚུལ་གང་འདྲ་ཡོད་པ་དང་། ཁོང་ནི་ཁྱེད་ཀྱིས་བཏང་པའི་སྐུ་ཚབ་ཡིན་ལ། ཀྲུང་དབྱིང་དང་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ཡོད། ཁྱེད་ཀྱིས་ཁོང་ལ་དེ་འདྲའི་དབང་ཆ་སྤྲད་མེད་ཀྱང་རྗེས་སུ་ཁྱེད་ཀྱིས་གྲོས་མཐུན་དེ་ཁས་ལེན་གནང་ཡོད། འོན་ཀྱང་རིམ་གྱིས་ང་ཕོད་ཁྱེད་ཀྱི་ཁ་གཏད་དུ་ལངས་ཏེ་བོད་ཀྱི་གནད་དོན་ཐོག་རྒྱ་གཞུང་གི་མགྲིན་ཚབ་པ་ལྟ་བུར་གྱུར་འདུག

ྋགོང་ས་མཆོག་གི་བཀའ་ལན། ངོས་ཀྱི་ང་ཕོད་ནི་ ༡༩༥༠ ལོའི་གོང་ནས་ངོ་ཤེས་ཀྱི་ཡོད། སྐབས་དེར་ང་ཕོད་ལ་རྒྱུས་ཡོད་མཁན་ཚོས་བརྗོད་ན། ང་ཕོད་ནི་མི་དྲང་པོ་དང་། ལྷག་བསམ་རྣམ་དག་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག ངོས་ནས་ཀྱང་ང་ཕོད་ནི་གསར་བརྗེའི་བསམ་བློ་ཡོད་མཁན་ཞིག་ཏུ་མཐོང་སྟེ་ངེད་གཉིས་བློས་ཐུབ་ཏུ་གྱུར་ཏེ། ངོས་ནས་ཡིད་ཆེས་དང་ཆ་འཇོག་བྱེད་ས་གཙོ་བོ་དེ་ཆགས་ཡོད། གྲོས་མཐུན་བཞག་རྗེས་ལྷ་སར་ཐོག་མར་ཐུག་སྐབས་ང་ཕོད་ཀྱིས་ང་རང་ལ། གྲོས་མཐུན་དེ་འདྲ་ཞིག་མི་འཇོག་ཐབས་མེད་བྱུང་སོང་། གང་ཡིན་ཟེར་ན་གྲོས་མཐུན་དེ་འདྲ་ཞིག་མ་བཞག་ན་དྲག་པོའི་བཅིངས་བཀྲོལ་ཐོག་འགྲོ་རྒྱུ་ལས་མི་འདུག དེར་བརྟེན། དྲག་པོའི་བཅིངས་བཀྲོལ་ལས་ཞི་བའི་བཅིངས་བཀྲོལ་དགའ་བར་མཐོང་སྟེ། གྲོས་མཐུན་བཞག་པ་ཡིན། འོན་ཀྱང་མཐའ་མའི་དམ་ཕྲུག་རྒྱག་སྐབས་མདོ་སྤྱིའི་དམ་ཕྲུག་ཁྱེར་ཡོད་ཀྱང་། ཁོང་ཚོས་དམ་ཕྲུག་གསར་པ་ཞིག་བཟོས་ཏེ་བརྒྱབ་པ་ཡིན་ཞེས་ངོ་སྤྲོད་གནང་བྱུང་། མངོན་གསལ་དོད་ཤོས་ཤིག་ལ་ ༡༩༧༩ ལོར་ཏིན་ཞའོ་ཕིན་གྱིས་རླབས་ཆེན་གྱི་བསམ་བློ་གུ་ཡངས་ཤིག་བཏང་བ་དང་། ངོས་ནས་ཀྱང་བོད་དུ་ལྟ་སྐོར་ཚོགས་པ་ཞིག་བཏང་བ་ཡིན། སྐབས་དེར་སྐུ་ཚབ་ཚོགས་པ་ང་ཕོད་ལ་ཐུག་སྐབས་ང་ཕོད་ཀྱིས། དེ་སྔ་ཆིང་རྒྱལ་རབས་སྐབས་ཡིན་ན་འདྲ་ལ། གོ་མིན་ཏང་གི་སྐབས་ཡིན་ནའང་འདྲ། དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ནས་ཁྲལ་འཇལ་བ་དེ་འདྲ་རྩ་བ་ཉིད་ནས་བྱུང་མེད་པ་དེ་མཁྱེན་དགོས་པ་རེད། ཅེས་རྗོད་ཀྱི་འདུག གང་ལྟར། མི་རིགས་ཀྱི་བསམ་བློ་ཡོད་པའི་རྣམ་འགྱུར་གསལ་པོ་རེད། ༡༩༨༩ ལོར་ལྷ་སར་མི་མང་འཐུས་མིའི་ཚོགས་ཆེན་ཐོག་ང་ཕོད་ཀྱིས་ྋརྒྱལ་བ་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་དང་། དེའི་གོང་གི་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱེད་ཕྱོགས་ནན་ཅིན་ཀྲེང་ཧྥུ་ (གོ་མིང་ཏང་སྲིད་གཞུང་) ནས་ཐག་གཅོད་བྱས་པ་རེད། ཅེས་པའི་ཡིག་ཆ་ཞིག་ཡོད་པ་དེའི་སྐོར་དེ་འདྲ་མ་རེད་ཅེས་དང་། ཏཱ་ལའི་བླ་མའི་ཡང་སྲིད་ནི་བོད་ཀྱི་རྒྱལ་ཚབ་ཀྱིས་ཐག་གཅོད་བྱས་པ་དང་། ཆོས་ཕྱོགས་ཀྱི་ལམ་ལུགས་ཐོག་ནས་ཐག་གཅོད་བྱས་པ་ཞིག་རེད། གསེར་ཁྲི་མངའ་གསོལ་སྐབས་མཛད་སྒོའི་གཙོ་སྐྱོང་པ་མེད། དེ་ནི་སྐབས་དེའི་གོ་མིན་ཏང་གི་ལས་ཀ་བྱེད་མཁན་གྱི་རྫུན་བཟོ་བྱས་པ་ཞིག་རེད། ཅེས་བཤད་པ་ནི་བདེན་པ་རེད། གསེར་ཁྲི་མངའ་གསོལ་སྐབས་ང་ལོ་ཆུང་ཆུང་ཡིན་ཡང་ངས་གསལ་པོ་དྲན་གྱི་འདུག མཛད་སྒོའི་སྐབས་རྒྱ་གར་དབྱིན་གཞུང་སྐུ་ཚབ་དང་། དེའི་རྗེས་སུ་རྒྱ་ནག་གི་སྐུ་ཚབ་དང་བལ་པོའི་སྐུ་ཚབ། འབྲུག་གི་སྐུ་ཚབ་བཅས་གྲལ་སྟར་གཅིག་ལ་སྡོད་ཀྱི་ཡོད་པ་ངས་གསལ་པོ་དྲན་གྱི་འདུག དེ་འདྲ་ཡིན་དུས་དེ་རིགས་ང་ཕོད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་བདེན་པའི་གནས་ཚུལ་བཤད་ནས་གསལ་པོ་བཟོས་ཡོད། དེར་བརྟེན། ཐ་མ་ཁོ་རང་གཤེགས་རྗེས་ང་ཚོས་ཁོང་ལ་རྗེས་དྲན་བྱས་པ་ཡིན། འོན་ཀྱང་གྲོགས་པོ་ཁག་གཅིག་གིས་ང་ཕོད་ལ་རྗེས་དྲན་བྱས་པ་མ་འགྲིག་པ་རེད་ཅེས་ཤོད་མཁན་བྱུང་། དངོས་ཡོད་ཀྱི་གནས་ཚུལ་ལ་སྐབས་རེར་ཞེད་སྣང་གི་འོག་ནས་སྐད་ཆ་འདྲ་ཆགས་པོ་མ་བཤད་རང་བཤད་ཡོང་གི་ཡོད་པ་དེ་དག་ང་ཚོས་ཤེས་གསལ་རེད། དེ་འདྲ་ཡིན་དུས་ངོས་རང་ང་ཕོད་ལ་ཡིད་ཆེས་གཙང་མ་ཡོད། ད་ཆ་ཁོང་གྲོངས་ཟིན་ཀྱང་ངས་རྟག་ཏུ་ཁོང་ལ་སྨོན་ལམ་རྒྱག་གི་ཡོད།

 

རྒྱ་རིགས་ཀྱི་དྲི་བ། བཙན་བྱོལ་བོད་མི་ཁ་ཤས་ཀྱི་བྱ་སྤྱོད་ལ་ཁྱེད་ཀྱིས་སྟངས་འཛིན་གནང་ཐབས་བྲལ་བ་ཆགས་ཡོད་སྐོར་བདེན་པ་ཡིན་མིན་དང་། དེ་ལྟའི་གནས་ཚུལ་བྱུང་བར་ཁྱེད་ལ་གཟིགས་ཚུལ་གང་ཡོད་དང་། ཇི་ལྟར་གནང་རྒྱུ་ཡིན་ནམ།

ྋགོང་ས་མཆོག་གི་བཀའ་ལན། བོད་མི་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ཡོད། བོད་སྤྱིའི་སེམས་ཁུར་ལེན་རྒྱུ་དང་ལྷག་བསམ་བཅང་རྒྱུའི་ཐད་ཕལ་ཆེར་བརྒྱ་ཆ་དགུ་བཅུ་གོ་དགུ་བློ་རྩེ་གཅིག་རེད། བསམ་ཚུལ་འདྲ་མིན་ངེས་པར་ཡོང་གི་རེད། དེ་ནི་ཡོང་དགོས་ངེས་ཤིང་ཀྱང་རེད། གང་ཡིན་ཟེར་ན་ང་ཚོ་འདིར་མང་གཙོའི་ཐོག་འགྲོ་ཡི་ཡོད། དངོས་གནས་གཏམ་བརྗོད་རང་དབང་དང་། བསམ་བློ་རང་དབང་། ག་རེ་ཡིན་ཡང་བཤད་ཆོག་པ་དང་ཤོད་དགོས་པ་རེད་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་བསམ་ཚུལ་འདྲ་མིན་ཡོང་གི་ཡོད། དཔེར་ན་གཞོན་ནུ་ཚོགས་པར་མཚོན་ན་རང་བཙན་རྩོད་ཀྱི་ཡོད། ང་ཚོའི་དབུ་མའི་ལམ་ལ་ཁོང་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐབས་རེར་ངས་ཁོང་ཚོར་ཐུག་གི་ཡོད་དེ་དུས་ངས་ཁོང་ཚོར། གལ་སྲིད་ཀྲུང་དབྱང་སྲིད་གཞུང་གི་རེ་བ་ལྟར་ན། ངས་ཁྱེད་ཚོ་མི་ཁག་ཅིག་འཛིན་བཟུང་དོ་དམ་བྱེད་དགོས་ཀྱི་ཡོད། འོན་ཀྱང་ང་ཚོ་རང་དབང་ལུང་པའི་ནང་དེ་འདྲ་བྱེད་སྲོལ་ཡོད་པ་མ་རེད། ངོས་ནས་དེ་འདྲ་ནམ་ཡང་བྱེད་ཀྱི་མ་རེད་ང་ཚོ་གཏམ་བརྗོད་རང་དབང་རེད་ཅེས་བརྗོད་ཀྱི་ཡོད།

 

རྒྱ་རིགས་ཀྱི་དྲི་བ། ངས་སློབ་དཔོན་ཁྱེད་ལ་བཀའ་འདྲི་ཞུ་རྒྱུར། འཚེ་མེད་ཞི་བ་དང་བདེན་པའི་ཨུ་ཚུགས་ (མཉམ་འབྲེལ་མི་བྱེད་པ་) ཀྱི་འཐབ་རྩོད་ཀྱིས་རྒྱ་དམར་ལ་ཁ་གཏད་གཅོག་སྐབས་ཕན་ནུས་ཡོད་དམ། ཡོད་ན་བོད་མི་ལ་འཚེ་མེད་ཞི་བ་དང་བདེན་པའི་ཨུ་ཚུགས་ཀྱིས་དངོས་ཡོད་ཀྱི་ཕན་འབྲས་ཅི་ཞིག་བྱུང་ཡོད་དམ།

ྋགོང་ས་མཆོག་གི་བཀའ་ལན། ངས་བོད་མི་ཚོར་རྟག་ཏུ་དེ་ལྟར་བརྗོད་ཀྱི་ཡོད། ང་ཚོས་མཐའ་གཅིག་ཏུ་འཚེ་བ་མེད་པ་མ་རྩར་བཞག་པའི་དབུ་མའི་ལམ་དུ་སྐྱོད་པ་འདིས་རྒྱ་ནག་གཞུང་དང་གྲོས་མོལ་བྱས་ཏེ། སྙིང་པོ་རྡོག་རྡོག་ཐོན་པ་ཞིག་བྱུང་མེད་ཀྱང་རྒྱ་རིགས་ཤེས་ཡོན་ཅན་དང་། སློབ་ཕྲུག དངོས་ཡོད་གནས་ཚུལ་ལ་དོ་སྣང་གིས་ཤེས་རྟོགས་ཡོད་མཁན་ཚོའི་ཁྲོད་དུ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་ཐོབ་ཡོད། དེ་ནི་ངའི་གྲུབ་འབྲས་ཀྱང་ཡིན། རྒྱ་ནག་གཞུང་ལ་འབྲེལ་བ་བྱ་རྒྱུར་དཀའ་ངལ་ཡོད་ཀྱང་། རྒྱ་རིགས་ཤེས་ཡོན་ཅན་དང་མི་མང་ནང་ང་ཚོས་འབྲེལ་བ་རྒྱ་ཆེན་པོ་བྱ་མ་ཐུབ་པ་མ་གཏོགས་ང་ཚོའི་ལངས་ཕྱོགས་ཀྱི་ཐོག་ལ་རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཐོབ་ཐུབ་རྒྱུ་དང་མུ་མཐུད་གོང་འཕེལ་འགྲོ་ཐུབ་པ་ཞིག་ལ་མཐོང་གི་ཡོད། སྔོན་མ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་བྱུང་རྗེས་ངོས་རང་ཨ་རིར་སླེབས་སྐབས་ཤིག་ལ་ཧ་ཝཌ་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱ་རིགས་གྲོགས་པོ་འགའ་ཤས་ཐུག་པ་ཡིན། སྐབས་དེར་ང་ཚོའི་ལངས་ཕྱོགས་འགྲེལ་བཤད་བརྒྱབ་རྗེས་ཁོང་ཚོས། ྋརྒྱལ་བ་རིན་པོ་ཆེས་བརྗོད་བཞིན་པའི་ལངས་ཕྱོགས་འདི་རྒྱ་ནག་མི་མང་གིས་ཤེས་ཐུབ་པ་ཡིན་ན་རྒྱ་ནག་མི་མང་ཚང་མས་རྒྱབ་སྐྱོར་ཐོབ་པ་རེད་ཅེས་བརྗོད་བྱུང་།

 

རྒྱ་རིགས་ཀྱི་དྲི་བ། སྐུ་ཉིད་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱང་བཅོས་བསྒྱུར་ཆོག་པའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས། དེ་ལྟར་བཅོས་བསྒྱུར་བྱས་ན་སངས་རྒྱས་ཀྱི་བཀའ་དང་འགལ་གྱི་ཡོད་དམ།

ྋགོང་ས་མཆོག་གི་བཀའ་ལན། ངོས་ནས་དང་ཐོག་དྲི་བ་འདི་འདོན་མཁན་ཁོང་ལ་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་ཕྲན་བུ་ཀློག་རོགས་ཞེས་བརྗོད་འདོད་བྱུང་། རྒྱ་གར་དུ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་བྱུང་མེད། དེ་བཞིན་ཐའེ་ལན་ཌི་དང་འབར་མ། རྒྱ་ནག་སོགས་ནང་པའི་ལུང་པ་མང་པོ་ཞིག་ལ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་མེད། སྐྱེས་བུ་དམ་འདི་དང་འདིའི་སྐུ་སྐྱེ་རེད་ཅེས་བརྗོད་དེ་ངོས་འཛིན་བྱེད་སྲོལ་ཡོད་པ་ལས། བླ་མའི་ཡང་སྲིད་ངོས་འཛིན་གྱིས་སྤྲུལ་སྐུ་ཟེར་བའི་ལུགས་སྲོལ་དེ་མེད། བོད་དུ་ཐོག་མར་ཕྲུ་གུ་ཆུང་ཆུང་ཞིག་གིས་སྐྱེ་བ་སྔོན་མ་ཧ་ཅང་གསལ་པོ་དྲན་ཏེ་ར་འཕྲོད་གསལ་པོ་བྱུང་བར་བརྟེན་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད། དེའི་རྗེས་ག་ལེར་ག་ལེར་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དེ་སྤྱི་ཚོགས་ནང་གི་གྲལ་རིམ་ལྟ་བུ་ཆགས་གྲབས་བྱས་པ་རེད། དེར་བརྟེན། ངོས་ནས་ཡོངས་གྲགས་བྱས་ཏེ་སྤྲུལ་སྐུ་དང་བླ་མ་གཉིས་ལ་ཁྱད་པར་ཡོད། བླ་མ་ཡིན་ལ་སྤྲུལ་སྐུ་མ་ཡིན་པ་དང་། སྤྲུལ་སྐུ་ཡིན་ལ་བླ་མ་མ་ཡིན་པ། ཡང་གཉིས་ཀ་ཡིན་པ་ཡང་ཡོད་ཅེས་བཤད་ཡོད། སོ་སོས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་ཚད་ལོངས་པ་ཞིག་ཡོད་པ་དེ་ལ་བླ་མ་ཟེར་གྱི་ཡོད། སྤྲུལ་སྐུ་ནི་དེ་འདྲའི་སློབ་སྦྱོང་གི་ཚད་ལོངས་པ་ཞིག་མེད་ཀྱང་བླ་མ་གོང་མ་ཚོའི་མིང་གི་ཐོག་ནས་སྤྱི་ཚོགས་ནང་གྲལ་རིམ་གྱི་ཐོབ་ཐང་ཡོད་སྟབས། རང་ཉིད་ལ་བླ་མའི་ཡོན་ཏན་གང་ཡང་མ་ཚང་བར་ཞབས་འདྲེན་ཞུ་མཁན་མང་པོ་ཡོང་གི་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་ལོ་བཞི་བཅུ་ཙམ་གྱི་གོང་ནས་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་ཏོག་ཙམ་ཚོད་འཛིན་བྱ་དགོས་པ་དང་། ཚད་ལོངས་པ་དེ་འདྲ་མ་གཏོགས་གཞན་ཚད་ལྡན་མིན་པ་དེ་འདྲ་མང་དྲགས་ན་ཡག་པོ་མི་འདུག་ཅེས་བརྗོད་མྱོང་། ངོས་ནས་སྤྲུལ་སྐུའི་སྐོར་དོ་སྣང་བྱེད་པ་དེ་ནི་བསྟན་པའི་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་ཞིག་ཏུ་བརྩི་ཡི་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་མགོ་ཁྲིད་བསྐོས་པ་ནས་བཟུང་སྟེ། ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཀྱི་འགན་འཁུར་བའི་དུས་ཚོད་རྫོགས་པ་རེད། ༡༩༦༩ ལོར་ངོས་ནས་གཞུང་འབྲེལ་གྱི་གཏམ་བཤད་བྱེད་སྐབས། ཏཱ་ལའི་བླ་མའི་བླ་བྲང་དགོས་དང་མི་དགོས་མི་མང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་ཡོངས་གྲགས་སུ་བཤད་པ་ཡིན། མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་དགོས་དང་མི་དགོས་དང་། གལ་སྲིད་དགོས་ན་བྱེད་ཕྱོགས་གང་འདྲ་བྱ་དགོས་མིན་སོགས་སྔ་ལམ་རྐྱང་རྐྱང་ལ་བསམ་བློ་མ་བཏང་བར་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་ཆོག་གི་རེད། དེ་ནི་སངས་རྒྱས་ཀྱི་དགོངས་པ་དང་ཡོངས་སུ་མཐུན་པ་ལས་དགོངས་པ་དང་མི་མཐུན་པ་མེད། ངོས་ནས་སྤྱིར་བླ་མའི་ཡང་སྲིད་དང་། ཡང་སྒོས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཡོང་སྲིད་པ་དེ་འདྲའི་འགྲེལ་བཤད་བྱེད་སྐབས་ཕལ་ཆེར་ཆོས་ལུགས་དང་འགལ་གྱི་ཡོད་པ་ལྟ་བུ་བོད་ནང་ཡོད་པའི་བོད་མི་འགའ་རེས་ཤོད་ཀྱི་འདུག ཉེ་ཆར་རྒྱ་རིགས་གྲོགས་པོ་འགའ་ཐུག་སྐབས་ཁོང་ཚོས་ཀྱང་འདིའི་སྐོར་དྲིས་བྱུང་། ནང་ཆོས་སྐོར་ཁྱོད་ཚོ་ལས་ངས་ཡག་པ་ཤེས་ཀྱི་ཡོད་ཅེས་བཤད་ཡོད།

 

རྒྱ་རིགས་ཀྱི་དྲི་བ། ད་ལྟ་རྒྱ་ནག་ཏུ་ཁྱེད་ཀྱི་ཐོག་ལ་ཁོང་ཁྲོ་དང་ཐ་ན་འཁོན་སེམས་གཏིང་ཟབ་ཡོད་པའི་མི་མང་པོ་ཞིག་ཡོད། དེ་དག་ལ་ཁྱེད་ཀྱིས་གང་ཞིག་གསུང་རྒྱུ་ཡོད་དམ།

ྋགོང་ས་མཆོག་གི་བཀའ་ལན། བར་སྐབས་ཤིག་ནས་ཏཱ་ལའི་བླ་མ་བདུད་རེད་ཟེར་མཁན་ཡོད་པ་གོ་སོང་། ཏཱ་ལའི་བླ་མ་བདུད་རེད་ཟེར་བ་དེ་ལ་ཁྱེད་རང་དགོངས་འཆར་གང་ཡོད་ཅེས་ང་ལ་སྐད་ཆ་འདྲི་མཁན་བྱུང་། ངས་ཁོང་ཚོར་རྩེད་མོ་དང་སྦྲགས་ཏེ། ང་བདུད་ཡིན། ངའི་མགོ་ལ་རྭ་ཅོ་ཡོད་ཅེས་ལབ་པ་ཡིན། ཁོང་ཚོར་ཡང་ཁག་ཡོད་པ་མ་རེད། ཁོང་ཚོས་ཕྱོགས་གཅིག་གི་གནས་ཚུལ་སྒྲོ་བཏགས་པ་དེ་ལས་གཞན་ཤེས་ཀྱི་མེད། དཔེར་ན། ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་སྐབས། ངས་ཆེད་མངགས་འབྲེལ་ཡོད་ཚོར་འབོད་སྐུལ་བྱས་ཏེ། ཨོ་ལིམ་ཕིག་རྩེད་འགྲན་ནི་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱི་སྤོབས་པ་ཡིན། དེ་ལ་ང་ཚོས་རྙོག་དྲ་བཟོ་བ་སོགས་རྩ་བ་ནས་བྱེད་མི་རུང་ཞེས་བརྗོད་ཡོད། ཐ་ན་ལོ་ཤས་གོང་ང་རང་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ལ་ཡོད་སྐབས་ཤིག་ལ་གསར་འགོད་པ་ཁག་གཅིག་གིས་ང་ལ། ད་ཆར་ཨོ་ལིམ་ཕིག་རྩེད་འགྲན་རྒྱལ་ཁབ་གང་ཞིག་ཏུ་ཚུགས་ན་བཟང་མིན་གོ་བསྡུར་བྱེད་ཀྱི་ཡོད། འགའ་ཤས་ཀྱིས་རྒྱ་ནག་ཡག་པོ་ཡོད་སྐོར་བརྗོད་མཁན་འདུག་སྟབས། ཁྱེད་ལ་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་བྱུང་། ངས་ཁོང་ཚོར་རྒྱ་ནག་ནི་མི་འབོར་མང་ཤོས་དང་། ལོ་རྒྱུས་དང་རིག་གཞུང་ཕྱུག་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། དེ་ལ་འོས་པ་རེད་ཅེས་བརྗོད་པ་ཡིན། དེ་ནི་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་ང་ཚོས་ཨོ་ལིལ་ཕིག་རྩེད་འགྲན་ལ་འགོག་རྐྱེན་བཟོ་བཞིན་འདུག་ཅེས་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད། གནས་ཚུལ་ཆ་ཚང་བ་ཤེས་ཀྱི་མེད་པ་འདིའི་ཐད་ནས་ཁོང་ཚོར་ཁག་མེད། ཚུར་ཕྱོགས་འཛམ་གླིང་གི་ས་ཕྱོགས་གང་སར་ང་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད། དེར་བརྟེན། ངས་ཁྱེད་རང་ཚོར་ཕྱོགས་ཚང་མའི་གནས་ཚུལ་ལ་རྟོགས་ཞིབ་ཡག་པོ་དང་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་བརྗོད་འདོད་བྱུང་། ང་རྒྱ་རིགས་སློབ་ཕྲུག་ཚོར་ཐུག་སྐབས་ཀྱང་། ཁྱེད་ཚོས་རང་དབང་ལུང་པའི་ནང་མིག་གཉིས་ཀ་དང་། རྣ་བ་གཉིས་ཀ་བེད་སྤྱོད་བྱེད་དགོས་ཅེས་ལབ་བསྡད་ཡོད།

 

རྒྱ་རིགས་ཀྱི་དྲི་བ། ང་ཚོས་ཤེས་གསལ་ལ། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་དང་ཁྲི་འདོན་མཛད་སྒོའི་ཐོག་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཀྲུང་དབྱང་མཉམ་ཞུགས་བྱས་ཡོད། དེས་ན་༸གོང་ས་མཆོག་ཁྱེད་ཀྱིས་ད་ལྟ་ཐེ་ཝན་ལ་ཡོད་པའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ངོས་འཛིན་གནང་གི་ཡོད་དམ། ཐེ་ཝན་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ནང་བསྐྱར་དུ་ནུས་པ་གང་འཚམས་འདོན་ཐུབ་པར་དགོངས་ཀྱི་ཡོད་དམ།

ྋགོང་ས་མཆོག་གི་བཀའ་ལན། ངས་གོང་དུ་ང་ཕོད་ཀྱི་ལོ་རྒྱུས་བཤད་པ་ལྟར་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་ཐེ་ཝན་ལ་ཡོད་སྐབས་ངོས་ཀྱིས་རྒྱ་ནག་གཅིག་ཟེར་བ་དེ་ལ་རྒྱབ་སྐྱོར་བྱས་ཡོད། གང་ལྟར་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་གཉིས་ཆིག་སྒྲིལ་བྱ་རྒྱུ་ཕྱོགས་ཁག་གཉིས་ཀྱི་མི་མང་གིས་ཐག་གཅོད་བྱ་དགོས་པ་ཞིག་རེད། ག་རེ་གལ་ཆེ་བ་འདུག་ཅེས་བརྗོད་ན། ཐེ་ཝན་ནང་མང་གཙོ་ཡོད་པ་དང་། དཔལ་འབྱོར་ཡར་རྒྱས་ཡག་པོ་ཡོད་པ། དེ་བཞིན་ཤེས་ཡོན་གྱི་གནས་ཚད་ཀྱང་ཡག་པོ་ཡོད་པ་དེ་དག་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱ་དགོས། ཞེས་ངོས་ནས་དེ་ལྟར་བརྗོད་ཀྱི་ཡོད།

མཇུག་མཐར་ཝང་ལི་ཞོན་གྱིས་མཇུག་བསྡོམས་ཀྱི་ཚུལ་དུ་༧གོང་ས་མཆོག་ལ། ང་ཚོས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་ཡང་། ཏཱ་ལའི་བླ་མ་མཆོག་གིས་གསུངས་པ་ལྟར་ཕན་ཚུན་ལུས་ཀྱི་དྲི་མ་སྣོམ་རྒྱུ་མེད་ནའང་། དུས་རབས་ཉེར་གཅིག་པའི་ནང་དྲྭ་ལམ་བརྒྱུད་ནས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་བཀའ་མོལ་ཞུ་ཐུབ་པ་བྱུང་བ་འདི་ཧ་ཅང་རྩ་བ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་བཀའ་མོལ་གྱི་ལས་རིམ་དེ་རིགས་ཀྱིས་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་དང་། ཕན་ཚུན་ཤེས་རྟོགས་ལ་ཕན་འབྲས་འདུག་དགོངས་ཀྱི་ཡོད་ན་མ་འོངས་པར་རྒྱ་རིགས་ཀྱི་ཤེས་ཡོན་ཅན་དང་། གནད་ཡོད་མི་སྣ་མང་པོ་ཞིག་དང་མཉམ་དུ་བཀའ་མོལ་གནང་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག་ལ་དེ་ལྟར་རེ་བ་ཡང་བྱེད་ཀྱི་ཡོད། ཅེས་བརྗོད་པའི་ལན་དུ་༧གོང་ས་མཆོག་གིས་སླར་ཡང་། ཧ་ཅང་ཡག་པོ་འདུག ཁྱེད་ཚོར་སྟབས་བདེ་པོ་ཡོད་ན་ངོས་ནས་ག་དུས་ཡིན་ཡང་རྒྱ་རིགས་གྲོགས་པོ་ཚོ་དང་མཉམ་དུ་བརྡ་འཕྲིན་གྱི་ལམ་ནས་ཕན་ཚུན་དོགས་གཅོད་དང་། དྲི་བ་དྲིས་ལན་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད། ངོས་ནས་རྟག་ཏུ་ཧན་ཙང་ཏཱ་ཐོན་ཇའེ་ ༼རྒྱ་བོད་མི་རིགས་མཐུན་སྒྲིལ་༽ཞེས་བརྗོད་ཀྱི་ཡོད། ང་ཚོ་འདི་ལྟར་ཡང་ཡང་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་ན། ཕན་ཚུན་དོན་དམ་གྱི་ཡིད་ཆེས་བསླེབ་རྒྱུ་དང་། ཕན་ཚུན་གནས་ཚུལ་ཤེས་རྟོགས་ཐུབ་པ་ཡོང་གི་རེད། ཐག་རིང་པོ་བྱས་ཏེ་བསྡད་ན་ང་ཚོ་ཕན་ཚུན་བར་ཡིད་ཆེས་བསླེབ་མི་ཐུབ་ལ། ང་ཚོ་ཕན་ཚུན་བར་གྱི་གནས་ཚུལ་ཇི་ཙམ་གསལ་པོ་བཤད་རེས་བྱས་པ་དེ་ཙམ་གྱི་ཕན་ཚུན་བར་ཡིད་ཆེས་ཡོང་རྒྱུ་དང་། ཡིད་ཆེས་བྱུང་བ་ཡིན་ན་མཐུན་སྒྲིལ་ཡོང་རྒྱུ། མཐུན་སྒྲིལ་བྱུང་ན་དཀའ་ངལ་གང་ཞིག་ཡིན་ཡང་སེལ་ཐུབ་པ་རེད། ཅེས་བཀའ་ལན་གནད་འདུག་ལ། མཐར་སྐུ་རྩེད་དང་སྦྲགས། ཁྱེད་ཚོས་ངའི་གདོང་པ་གསལ་པོ་མཐོང་གི་འདུག་གམ། ངའི་མིག་གི་རྫི་མ་དཀར་པོ་ཡིན་པ་མཐོང་གི་འདུག་གམ། ཞེས་ཕན་ཚུན་ལ་ཐུགས་རྗེ་ཆེ་ཞུས་འདུག

དོན་འགྲུབ་བཀྲ་ཤིས་ཀྱིས་སྐུ་སྒེར་དྲ་བ་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཡིག་འཁོར་ཡུག་མ་ཉམས་པ་དང་ཕྱི་སྐད་ཡར་རྒྱས་དགོས་ན། སྔར་རྒྱ་གར་ལེགས་སྦྱར་སྐད་བོད་ཡིག་ཏུ་ཡོད་པ་དང་། མཐར་ཕྱིན་སྦ་སྦུས་བོད་རིགས་དོན་དུ། བོད་ཡིག་ཐོག་ལ་་ཧིན་སྐད་བྲིས་ཚར་བ་རེད། ཨིན་སྐད་བོད་ཡིག་ཏུ་དགོས་མི་དགོས་མོ་ཤེས་ཀྱང་། རྒྱ་ནག་སྐད་དེ་བོད་ཡིག་ཐོག་སྦྱོང་པའི་ཐབས་ལམ་བཙལ་དགོས་པ་རེད། གཟུ་གནས་བློ་ལྡན་ལགས། ཁྱེད་རང་གལ་སྲིད་གསར་འབྱོར་བ་རྒྱ་སྐད་ཤེས་མཁན་ཅིག་ཡིན་ན། ང་ལྟ་བུ་རྒྱ་ཡིག་སྦྱོང་འདོད་མེད་ལ། རྒྱ་སྐད་སྦྱོང་འདོད་ཡོད་མཁན་ཚོའི་ཆེད་དུ། བོད་ཡིག་ཐོག་རྒྱ་སྐད་འབྲི་་ཐུབ་ན་ང་ཚོར་ཞེ་དྲགས་ཕན་ས་རེད། དེ་མིན་ཁྱེད་རང་གིས་བཀའ་བཀྱོན་གཏོང་དགོས་དོན་ཧ་གོ་མ་སོང་། ད་དུང་གསལ་བཤད་ཅིག་ཡོད་པ་ཞུ། དོ་སྣང་གནང་བར་ཐུགས་རྗེ་ཆེ་ལགས།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཀརྨ་རྡོ་རྗེ་ལགས། དེ་ནི་༸གོང་ས་མཆོག་གི་གསུང་ཇི་བཞིན་ཡིག་ཐོག་ཕབ་པ་ལས། རྒྱ་ཡིག་མ་ཤེས་པར་སྒྲ་བསྒྱུར་བྱས་པ་མ་རེད་སྙམ། འོ་ན་ཝང་ལི་ཞུང་དང། ཐེན་པེའོ། ཅཱང་ཐེན་ཡུང་བཅས་ཀྱི་མིང་རྒྱ་ཡིག་ནང་བྲིས་པ་ཡིན་ན་ཡུལ་འགྱར་དུ་ཡོད་པའི་བོད་རིགས་ག་ཚོད་ཙམ་གྱིས་གོ་དོན་རྟོགས་ཐུབ་ཀྱི་རེད། དེ་ལ་ཐུགས་བསམ་བཞེས་མྱོང་ངམ། སེམས་ལ་བསམ་ཚད་མཛུབ་མོས་མ་གཏག་ན་བཟང་།

    Reply
  3. འཇམ་དབྱངས། says:
    ལོ་ 15 སྔོན།

    Wan Li Xion ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ཀྱིས་ད་བར་བོད་དོན་དང་རྒྱ་བོད་མི་རིགས་ཀྱི་གནས་སྟངས་ཐག་གཅོད་ཡོང་བར་ཐབས་ལམ་སྣ་ཚོགས་འཚོལ་བཞིན་པ་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ངས་འདི་རིང་ཤེས་པའི་རྒྱ་སྐད་ཚིག་གསར་ཅིག་ཤེས་སོང་བ་ནི།
    ཧན་ཙང་ཏཱ་ཐོན་ཇའེ་ = རྒྱ་བོད་མི་རིགས་མཐུན་སྒྲིལ།
    བོད་ཡིག་ཏུ་བྲིས་པའི་རྒྱ་སྐད་སློབ་དེབ་ཅིག་ག་ནས་རག་གི་རེད།

    Reply
  5. རིགས་བཟང་། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།
    དཔྱོད་ཡངས་ནགས་མཚོ་དང་རྒྱ་མཚོ་གཉིས་ལ་བཤད་རྒྱུར། ཁྱེད་གཉིས་ཀྱིས་ཡིག་ནོར་ལ་གཟབ་རོགས་གནང་། གཏག་ནོར་ཡིན་ན་ཡང་འདྲ། གང་ལྟར་གཟབ་གཟབ་གནང་རོགས།
    ང་ཚོས་བོད་ཡིག་འདི་ལྟར་བེད་སྤྱོད་བྱས་ན་ཕན་ལས་གནོད་ཆེ་སེམས་སོ།།

    Reply
  6. ནགས་མཚོ says:
    ལོ་ 15 སྔོན།

    ཝང་ལི་ཞོན་ལགས་ཐུགས་རྗེ་ཆེ་དཔེ་ཡག་པོ་འདུག་་་་་་་་་་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟེན་པར་ཤོག་

    Reply
  7. GYAMTSO says:
    ལོ་ 15 སྔོན།

    འཛམ་གླིང་ཞི་བདེའི་དེ་དབོན་བོད་མི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ལོ་གསར་ནང་པའི་རྒྱ་བོད་མཐུན་སྒྲིལ་གྱི་མཛད་བརྩེ་ཨ་སྔོན་དགུང་དང་མཉམ་པར་ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese