དེ་རིང་སྔ་དྲོ་གངས་སྐྱིད་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད། སྐབས་དེར་བོད་དབྱིན་གཉིས་ཀྱི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་ཅིག་ཀྱང་འགྲེམས་སྤེལ་བྱས་སོང་ལ། སྙན་ཐོ་དེའི་ནང་དུ་འདི་ལོར་བོད་ནང་གཞས་པ་དང་རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པ། གྲགས་ཅན་མི་སྣ་སོགས་ཁྱོན་བོད་མི་ ༧༡ ཙམ་བཙོན་འཇུག་ཁྲིམས་ཆད་དང་། བོད་མི་ ༨༣༡ ཙམ་བཀག་ཉར། བོད་མི་ ༣༦༠ ཙམ་ལ་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་ཡོད་སྐོར་བཀོད་དའུག
སྐབས་དེར་འདི་གའི་གསར་འགོད་པས་ལྟེ་གནས་ཁང་དེའི་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་སུ་ད་ལོར་བོད་ནང་དུ་ཤེས་ཡོན་ཅན་ཅི་ཙམ་འཛིན་བཟུང་བྱས་ཡོད་པ་དང་ཁོང་ཚོར་ནག་ཉེས་གཙོ་བོ་ཅི་ཞིག་བཀལ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། འདས་པའི་ལོ་གཅིག་ལྷག་རིང་རྒྱ་གཞུང་གིས་མང་ཚོགས་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་བོད་ནང་གི་ཤེས་ཡོན་ཅན་དང་དགེ་རྒན་ ༨༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོ་འཛིན་དགོས་དོན་ནི། བོད་རིགས་ཤེས་ཡོན་ཅན་དེ་ཚོ་མང་ཚོགས་ཀྱི་ཀླད་པའི་ནང་རི་མོ་འབྲི་ཐུབ་མཁན་རྐྱང་ཆགས་ཡོད་དུས། རྒྱ་གཞུང་ལ་བསམ་བློ་གསར་པ་ཞིག་འཁོར་གྱི་ཡོད་པ་རེད། དེ་སྔོན་བོད་ནང་གི་གཞས་གཏོང་མཁན་ཁ་ཤས་འཛིན་བཟུང་བྱས་ཡོད་ལ། དེ་ནི་ཁོང་ཚོའི་གཞས་ཚིག་གིས་མང་ཚོགས་ལ་དྲན་སྐུལ་གཏོང་ཐུབ་ཀྱི་ཡོད་པས་རེད། དེབ་འབྲི་མཁན་དང་ཤེས་ཡོན་ཅན་དག་ལ་མཚོན་ན་ཡང་། སྤྱི་ཚོགས་ཀྱི་མདུན་ནས་ལངས་ཏེ་གནད་དོན་གླེང་སློང་བྱེད་ཐུབ་ཀྱི་ཡོད་སྟབས། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཞིག་ཡིན་ན་ལམ་སེང་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད། ཅེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས་བོད་ནང་གི་བོད་མི་ཞིག་གིས་ཁོང་ལ་རྒྱ་གཞུང་གིས་བོད་ནང་གི་ཤེས་ཡོན་ཅན་ཚོར་བློ་འགུག་ཐབས་བྱེད་བཞིན་པའི་སྐོར་བརྗོད་དོན། འདས་པའི་ལོ་གཉིས་གོང་ནས་རྒྱ་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་ཚོ་རྒྱ་ཕྱོགས་སུ་བློ་ཁ་བསྒྱུར་རྒྱུར་ཤུགས་སྣོན་རྒྱག་བཞིན་འདུག་ལ། བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚོ་སྤྱི་ཚོགས་ནང་ཤུགས་རྐྱེན་གང་འཚམ་སླེབས་སྐབས། རྒྱ་གཞུང་གིས་ཁོང་ཚོར་ཆབ་སྲིད་གྲོས་ཚོགས་ཀྱི་ཨུ་ཡོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་གོ་གནས་རེ་སྤྲད་དེ་བློ་འགུག་ཐབས་བྱེད་བཞིན་ཡོད་ལ། ལྷག་པར་དུ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཆེ་བའི་བོད་རིགས་སྒེར་གཉེར་ཁེ་ལས་པ་ཚོར་ཐབས་ཤེས་གཉིས་ཀྱིས་རྒྱ་ཕྱོགས་སུ་འགུག་ཐབས་དང་། དམར་ཤོག་ཚོགས་སྡེ་ཁག་ཏུ་འཛུལ་རྒྱུར་བསླུ་བྲིད་གཏོང་གི་ཡོད་པ་རེད་ཅེས་བརྗོད་སོང་།
བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་ནང་གི་ཤེས་ཡོན་ཅན་ཚོའི་ཐོག་འགན་ཅི་ཙམ་འཁུར་དགོས་མིན་དྲིས་པར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་བོད་ནང་གི་ཤེས་ཡོན་ཅན་ཚོའི་ཐོག་བློ་འཚབ་ཆེན་པོ་གནང་གི་ཡོད་ལ། དེའི་ཐད་ང་ཚོས་དམིགས་བསལ་སྙན་ཐོ་ཞིག་བཏོན་སྟེ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་སོགས་རྒྱལ་སྤྱིའི་ཐོག་གི་ཚོགས་སྡེ་འདྲ་མིན་ལ་བོད་ནང་གི་ཤེས་ཡོན་ཅན་ཚོའི་མིང་གཞུང་སོགས་ཕུལ་ཡོད་པར་མ་ཟད། མ་འོངས་པར་ཡང་གང་ཐུབ་ཀྱིས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་བོད་ནང་དུ་ཤེས་རྟོགས་མ་བྱུང་བའི་རིགས་མུ་མཐུད་རྩད་གཅོད་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།
གསར་འགོད་པ། དཔལ་ལྡན།
ངོ་མ་སྐྱོ་དགོས་པའི་ལོ་ནག་དེར་མིའི་རིགས་དང་ལྷག་པར་དུ་བོད་མི་རིགས་ཀྱིས་བརྗེད་ཐབས་བྲལ་བའི་ལོ་ཟླ་ཁ་ནག་ཞིག་རེད།མིའི་རིགས་ཀྱི་སྲོག་ཤིག་ལྟ་བུའི་ཤེས་ཡོན་པའི་སྡེ་ཁག་དེ་རྩ་རྫོགས་ལ་དམིགས་པའི་སྲིད་ཇུས་དེས་མི་རིགས་ཀྱི་ཡ་ཆུང་གི་སྙིང་དང་ཡ་ཐོད་ཀྱི་མིག་ལ་བལྟས་བལྟས་རིག་རིག་ལ་བཙན་འཛུལ་བྱས་པ་ཞིག་རེད།དེའི་ཕྱིར།འུ་ཚོ་ཚང་མས་རང་ཉིད་ལ་དབང་བའི་ཐོབ་ཐང་དེ་བེད་སྤྱད་དེ་ཤེས་ཡོན་པའི་བདེ་སྡུག་ལ་ངེས་པར་དུ་གདུང་སེམས་མཉམ་སྐྱེད་བྱེད་དགོས།
འདི་ལོ་༢༠༡༠ཡི་བོད་ནང་གི་ཆབ་སྲིད་ཀྱི་ཞལ་རས་ལ་གཟིགས་དང་།
བོད་མི་བཙོན་འཇུག་ཁྲིམས་ཆད། ༧༡
བོད་མི་བཀག་ཉར། ༨༣༡
བོད་མི་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་པ། ༣༦༠
སློབ་ཕྲུག་གིས་དགེ་རྒན་ལ་ལས་བྱ་སྤྲོད་པ་ལྟ་བུའི་མིང་ཐོ་རེ་བསགས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྤྲོད་པ་དང་། གར་སྟེགས་སྟེང་འཁྲབ་སྟོན་བྱེད་པ་ལྟ་བུར་དྷ་རམ་ས་ལ་ཁུག་ཀྱོགས་འདི་ནས་གསར་འགོད་གསལ་བསྒྲགས་རེ་སྤེལ་རྗེས་ལས་འགན་ཡོད་ཚད་འགྲུབ་སོང་བ་ལྟར། དུས་རྒྱུན་ངོ་འཛུམ་ཅིག་ཅིག སེམས་བདེ་སྣང་སྣང་བསྡད་པ་ཙམ་གྱིས་ལས་དོན་འགྲུབ་གི་མ་རེད་ལ། ཕན་གི་ཡང་མ་རེད། རང་ངོས་ནས་འཛམ་གླིང་མི་མང་དང་རྒྱལ་སྤྱིའི་གསར་ལམ་ཁག་གིས་ཚོར་ཐུབ་པ་མཐོང་ཐུབ་པ་ཞིག་བཟོ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་དགོས་པ་རེད། ང་ས་འདིར་སླེབས་ནས་ལོ་ ༨ ལྷག་འགོར་སོང་། དེའི་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འཛམ་གླིང་མི་མང་དང་རྒྱལ་སྤྱིའི་གསར་ལམ་ཁག་གིས་གོ་ཐོས་འབྱུང་བྱེད་ཀྱི་ལས་འགུལ་འདི་དང་འདི་སྤེལ་ཟེར་བ་གཅིག་ཀྱང་མཐོང་མ་སོང་།