མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་ནས་དགོངས་པ་བསྐྱར་དུ་བཞེས་དགོས་སྲིད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུ་ལྷན་ཁང་གིས་སྔོན་འགྲོའི་འོས་གྲངས་གསལ་བསྒྲགས་བསྐྱངས་རྗེས། འདི་གའི་གསར་ཁང་གིས་བསྐྱར་དུ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ། བཀའ་བློན་ཁྲི་པའི་ལས་རིགས་དང་འབྲེལ་བའི་བྱེ་བྲག་གི་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

དྲི་བ། ཉེ་ལམ་བཀའ་ཁྲིའི་སྔོན་འགྲོའི་འོས་གྲངས་བཀྲམས་པ་ནས་སྐུ་ཉིད་དངོས་སུ་བཀའ་ཁྲིའི་འོས་མིར་བཞེངས་པ་ཡིན་གསུངས་འདུག དེ་ནས་ད་བར་ས་གནས་གང་དག་ཏུ་ཕྱོགས་སྐྱོད་དང་དྲིལ་བསྒྲགས་གནང་དུ་ཕེབས་ཡོད་དམ།

ལན། བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་གནང་དུས་ང་ཡང་འོས་གྲངས་མང་ཤོས་ཀྱི་མི་དྲུག་གི་ནང་དུ་ཚུད་འདུག དེར་བརྟེན་ང་ལ་ཚོགས་པ་སྐྱིད་སྡུག་གང་འཚམ་ཞིག་གིས་རྒྱབ་སྐྱོར་གནང་བ་དང་། མང་ཚོགས་ཀྱིས་ཀྱང་གང་འཚམ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཐོན་སྟབས། ང་བཀའ་བློན་ཁྲི་པའི་འོས་ཁོངས་སུ་འདུག་རྒྱུར་ཐག་བཅད་པ་ཡིན། ངས་དེ་ལྟར་སེམས་ཐག་བཅད་རྗེས་བོད་མི་ཡོད་པའི་ས་གནས་ས་ཐོག་མང་བོར་ཕྱིན་ཏེ། ང་རང་ཉིད་ངོ་སྤྲོད་དང་ས་གནས་ས་ཐོག་གི་གནས་ཚུལ་ལ་རྟོག་ཞིབ། མི་མང་གི་བསམ་ཚུལ་ལ་ཉན་རྒྱུ་བཅས་ཀྱི་འཆར་གཞི་བཏང་བ་ཡིན། ད་ལྟ་ང་ཝ་རཱ་ན་སིར་ཡོད་ལ་མི་རིང་བར་རྒྱ་གར་ཤར་ཕྱོགས་ཁུལ་གྱི་ཀ་རྡོར་སྒང་གསུམ་དུ་འགྲོ་རྒྱུ་ཡིན། རྒྱ་གར་དུ་མ་ཡོང་བའི་སྔོན་དེར་ང་ལ་རྒྱབ་སྐྱོར་བྱེད་མཁན་རེ་ཟུང་གིས་སྐད་བཏང་བ་དང་ཁོང་ཚོས་ང་ཡར་མར་འགྲོ་རྒྱུའི་འགྲོ་སོང་ཐབས་ཤེས་བྱས་པར་མ་ཟད། ང་ས་ཁུལ་གཞན་ལ་འགྲོ་རྒྱུའི་འགྲོ་སོང་ཆེད་ཞལ་འདེབས་བསྡུས་པ་སོགས་བྱུང་སྟེ་ཨ་རི་དང་ཁེ་ན་ཌེའི་ས་ཁུལ་ཁ་ཤས་ལ་འགྲོ་ཐུབ་སོང་། ས་ཁུལ་དེ་ཚོར་སོང་དུས་མི་མང་ནང་བཀའ་བློན་ཁྲི་པའི་སྐོར་ལ་ཧ་ཅང་གི་དོ་སྣང་ཆེན་པོ་འདུག་ལ། ང་བཀའ་བློན་ཁྲི་པའི་འོས་མིར་བསྡད་པར་ཡང་རྒྱབ་སྐྱོར་བྱེད་མཁན་མང་བོ་འདུག དེ་བཞིན་ང་གང་དུ་སོང་ནའང་ངས་མི་མང་ལ་བཀའ་བློན་ཁྲི་པའི་གལ་གནད་སྐོར་དང་། ང་རང་ཉིད་བཀའ་བློན་ཁྲི་པའི་འོས་མིར་འདུག་དགོས་པའི་རྒྱུ་མཚན་བཅས་གང་ཐུབ་ཐུབ་འགྲེལ་བཤད་ཞུས། མི་མང་གི་དྲི་བར་ལན་བཏབས་པ་སོགས་གང་ལྟར་ད་ལྟའི་ཆར་ཧ་ཅང་ཡག་པོ་བྱུང་།

 

དྲི་བ། སྔོན་འགྲོའི་འོས་བསྡུའི་སྐབས་སྐུ་ཉིད་དང་བློ་བཟང་སེངྒེ་ལགས་ཀྱི་བར་འོས་གྲངས་ཀྱི་ཧེ་བག་ཆེན་པོ་བྱུང་བ་རེད་ལ། མང་ཚོགས་ཁྲོད་དེ་ནི་སྐུ་ཉིད་ཕྱོགས་སྐྱོད་དང་དྲིལ་བསྒྲགས་ཀྱིས་མ་འདང་བར་རྗོད་མཁན་འདུག དེ་ལྟར་རེད་དམ་ཡང་ན་རྒྱུ་རྐྱེན་གཞན་ཞིག་རེད་དགོངས་ཀྱི་ཡོད།

ལན། རྒྱུ་རྐྱེན་གཞན་རེད་བསམ་གི་མི་འདུག སྔོན་འགྲོའི་འོས་བསྡུའི་སྐབས་འོས་གྲངས་ལ་ཧེ་བག་ཡོང་རྐྱེན་གཙོ་བོ། བར་སྐབས་ཤིག་ནས་ངས་གཞུང་གི་ལས་ཀ་དེ་ཙམ་བྱས་མེད། ངས་སྤྱི་པའི་ཆེད་དུ་ལས་ཀ་ཅུང་ཙམ་བྱས་པ་དང་གྲུབ་འབྲས་གང་འཚམ་ཐོན་པ་དེ་ཚོ་ལོ་ཤས་སྔོན་རེད། དེར་བརྟེན་བོད་ཀྱི་སྤྱི་ཚོགས་དང་ལྷག་པར་དུ་ལོ་གཞོན་པ་རྣམས་ཀྱིས་ཤེས་ཀྱི་མེད་པའི་གནས་སྟངས་གཅིག་འདུག གཉིས་ནས་ཉེ་བའི་ལོ་འགའི་རིང་ང་བོད་ཀྱི་གཞིས་ཆགས་ཁག་ཏུ་འགྲོ་རྒྱུའི་གོ་སྐབས་བྱུང་མེད་ལ། བློ་བཟང་སེངྒེ་ལགས་ཉེ་བའི་ལོ་གཅིག་གཉིས་ནང་བོད་པའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཏུ་ཕེབས་ཏེ། འབྲེལ་བ་ཤུགས་ཆེན་པོ་དང་དྲིལ་བསྒྲགས་ཡག་པོ་བྱུང་ཡོད་ས་རེད། ངས་དེ་ཙམ་ལས་གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་མི་འདུག

 

དྲི་བ། དེང་སྐབས་༧གོང་ས་མཆོག་གིས་བགྲེས་ཡོལ་དུ་ཕེབས་འདུན་ཡོད་སྐོར་གསུང་གི་ཡོད་ལ། གལ་སྲིད་བགྲེས་ཡོལ་དུ་མ་ཕེབས་ནའང་སྔར་རྒྱུན་བཞིན་གཞུང་འབྲེལ་གྱི་གལ་ཆེའི་ཡིག་ཆའི་རིགས་ལ་མཚན་རྟགས་བསྐྱོན་རྒྱུ་སོགས་གནང་གི་མིན་སྐོར་གསུང་གི་ཡོད། དེ་ལྟར་བྱུང་ཚེ་སྐབས་གསུམ་པའི་བཀའ་ཁྲིའི་ཐུགས་འགན་ཆེ་རུ་འགྲོ་སྲིད་དམ།

ལན། ཡིན་དང་ཡིན། བཀའ་བློན་ཁྲི་པར་མི་གསར་བ་སུ་བསླེབ་ནའང་ཁོང་གི་ཐུགས་འགན་ཆེ་རུ་འགྲོ་ངེས། ང་ས་གནས་ཁག་ཏུ་ཕྱིན་སྐབས་༧གོང་ས་མཆོག་གིས་བགྲེས་ཡོལ་དུ་ཕེབས་འདུན་ཡོད་པའི་བཀའ་སློབ་ཕེབས་པ་དེར། བོད་མི་མང་བོས་སེམས་ཁྲལ་བྱེད་ཀྱི་འདུག དེར་བརྟེན་ངས་མི་མང་ལ་བསམ་ཚུལ་འདི་འདྲ་ཞིག་ཞུས་པ་ཡིན། ༧གོང་ས་མཆོག་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ལ། ཁོང་གིས་བོད་མི་མང་དང་བོད་ཀྱི་རྩ་དོན་དུས་ནམ་ཡང་བློས་གཏོང་གནང་གི་མ་རེད། ཡིན་ནའང་། ང་ཚོ་ཚང་མས་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་བོད་ཀྱི་རྩ་དོན་དང་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མུ་མཐུད་དེ་བཞེས་རོགས་ཞུ་རྒྱུ་དེ་ང་ཚོའི་ལས་འགན་ཆེན་པོ་ཞིག་རེད། དེ་མིན་༧གོང་ས་མཆོག་གི་བོད་ཀྱི་རྩ་དོན་སྟེང་ཐུགས་འགན་ཆེན་པོ་བཞེས་སྐབས། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་གི་ལས་ཀ་ཆེ་ཆུང་མང་བོ་ཡོད་པ་ལས། འཛིན་སྐྱོང་གི་ལས་ཀ་ཆུང་བའི་རིགས་རྟག་ཏུ་ཁོང་ལ་ཐུགས་སུན་མི་བཟོ་བར། ང་ཚོས་གང་ཐུབ་ཐུབ་ཅིག་འགན་ཁུར་ཐུབ་ན་ཡག་པོ་རེད་ཅེས་ཞུས་པ་ཡིན།

 

དྲི་བ། སྐུ་ཉིད་ཀྱིས་ད་ཡོད་གཞུང་གི་སྲིད་ཇུས་གང་དག་ལེགས་བཅོས་དང་། གང་དག་ཚགས་ཚུད་དུ་གཏོང་དགོས་པར་མཐོང་གི་འདུག་གམ།

ལན། དེའི་སྟེང་དུ་ངས་ག་དུས་ཡིན་ནའང་བཙན་བྱོལ་བོད་གཞུང་ནི་བཙན་བྱོལ་མི་མང་གིས་འདེམས་བསྐོ་བྱས་པའི་གཞུང་གི་སྒྲིག་འཛུགས་ཆུང་ཆུང་ཞིག་ཡིན་མོད། ང་ཚོའི་དམིགས་ཡུལ་དེ་བོད་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ཡིན་སྟབས། ལས་འགན་ཆེན་པོ་ཞིག་ཁུར་ཏེ་བོད་ནང་གི་དཀའ་རྙོག་སེལ་རྒྱུ་དང་བོད་མི་མང་གི་རེ་བ་འགྲུབ་རྒྱུར་འབད་བརྩོན་བྱ་དགོས་པ་རེད་བསམ་གྱི་འདུག དེར་བརྟེན་བོད་ཀྱི་གནད་དོན་སེལ་ཆེད་ད་ལྟ་དབུ་མའི་ལམ་གྱི་སྟེང་ནས་བོད་གཞུང་གིས་སྲིད་ཇུས་ཤིག་འཛིན་གྱི་ཡོད་ལ། དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབས་པ་དང་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བའི་དགོངས་གཞིའི་ཐོག་ཏུ་འགྲོ་བཞིན་ཡོད། དེར་བརྟེན་དབུ་མའི་ལམ་ནི་རྩ་བའི་ཆ་ནས་བོད་རྒྱ་གཉིས་ལ་ཁེ་ཕན་བསྒྲུབ་ཐུབ་པ་དང་ཞི་བའི་འཐབ་རྩོད་ཅིག་ཡིན་སྟབས། དེའི་ཐོག་ཏུ་མུ་མཐུད་དེ་འགྲོ་ཐུབ་ཆེད་འབད་བརྩོན་བྱ་དགོས། ཡིན་ནའང་ད་ལྟའི་ཆར་རྒྱ་ནག་གི་ངོས་ནས་༧གོང་ས་མཆོག་གིས་དེ་ལྟ་བུའི་གུ་ཡངས་གནང་ནའང་དོན་དམ་གྱི་འབྲེལ་ལམ་ཡག་པོ་བྱེད་ཀྱི་མེད་སྟབས། སྲིད་ཇུས་འདི་ལྟ་བུའི་རིགས་ལ་གྲོས་ཚོགས་ནས་དགོངས་པ་བསྐྱར་དུ་བཞེས་དགོས་པའམ། འདི་གཏིང་ཟབ་ཏུ་གཏོང་བ་དང་ཡར་རྒྱས་སུ་གཏོང་བ། ཡང་ན་ཐབས་ལམ་གཞན་པ་འཚོལ་དགོས་ཀྱི་ཡོད་མེད་སོགས་གནད་དོན་འདིའི་རིགས་ལ་བཀའ་བློན་ཁྲི་པའི་ལས་འགན་གྱི་ཆ་ནས་གྲོས་ཚོགས་ལ་གནས་ཚུལ་གསར་བ་ཞུ་དགོས་ཡོང་གི་རེད་ལ། ༧གོང་ས་མཆོག་ལ་སྙན་གསན་ཞུ་དགོས་པ་སོགས་གནད་དོན་མང་བོ་བསླེབ་ངེས་རེད།

 

དྲི་བ། དེས་ན་ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་ལ་གཟིགས་སྟངས་གང་འདྲ་ཡོད་པ་དང་། མ་འོངས་པར་བོད་རྒྱ་འབྲེལ་མོལ་ལ་ནུས་པ་འཐོན་རྒྱུར་ཕྱག་ལས་གང་འདྲ་ཞིག་གནང་ན་ལེགས་པར་དགོངས་ཀྱི་ཡོད།

ལན། གནད་དོན་དེའི་ཐོག་ཏུ་བཙན་བྱོལ་བོད་གཞུང་གི་ད་ལྟའི་བཀའ་བློན་ཁྲི་པ་གཙོས་དམིགས་བསལ་སྐུ་ཚབ་སོགས་འབྲེལ་ཡོད་རྣམས་ཀྱིས་མུ་མཐུད་སྐུ་ངལ་མང་བོ་བསྐྱོན་ཏེ། ཐབས་ཤེས་གང་ཡོང་ཅི་ཡོང་གནང་གི་ཡོད་པ་ངས་གསལ་བོར་ཤེས་ཀྱི་ཡོད་མོད། དེའི་ཐོག་ཏུ་ནུས་པ་འཐོན་རྒྱུ་དང་འགྱུར་བ་འགྲོ་རྒྱུར་གྲུབ་འབྲས་གང་ཡང་བྱུང་མེད། ད་ལྟ་ངས་བསམ་ན་བོད་རྒྱའི་གནད་དོན་དང་། དེའི་ནང་ནས་ཀྱང་འདས་པའི་ལོ་ལྔ་བཅུའི་རིང་རྒྱ་ནག་གི་སྲིད་ཇུས་གང་འདྲ་ཞིག་ནོར་བ། བོད་ལ་དཀའ་ངལ་ག་ཚོད་ཅིག་འཕྲད་པ་དང་། བོད་ལ་གཏོར་བཤིག་ག་ཚོད་ཅིག་བཏང་བ་བཅས་ཀྱི་ཐད་རྒྱ་ནག་གཞུང་དང་མི་མང་། མཁས་པ། ལྷག་པར་དུ་གུང་ཁྲན་ཏང་གི་མགོ་ཁྲིད་ཚོར་བསྐྱར་དུ་ཞིབ་ཚགས་པོས་ངོ་སྤྲོད་གསལ་བོ་ཞིག་བྱ་རྒྱུའི་དུས་ལ་སླེབ་འདུག་སྙམ། རྒྱ་ནག་བོད་ལ་ཐོག་མར་ཡོང་དུས་ནས་སྲིད་ཇུས་ཀྱི་གཞི་རྩ་སྟེ་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་ཐོག་ནས་ནོར་འཁྲུལ་ཡོད་པ་དེ་གསལ་བོར་སྟོན་ཐུབ་ན། དེ་ཙམ་གྱིས་ད་ལྟའི་དཀའ་རྙོག་དེ་སངས་རྒྱུ་དང་༧གོང་ས་མཆོག་གི་དགོངས་པ་བཞེས་པ་དང་། བཙན་བྱོལ་བོད་གཞུང་གི་ཐབས་ཤེས་གནང་བ་བཅས་ལ་གཅིག་བྱས་ན་ཁོང་ཚོས་རིན་ཐང་གསར་བ་ཞིག་བསླེབ་སྲིད། གལ་སྲིད་རིན་ཐང་གསར་བ་ཞིག་བསླེབ་ན་འབྲེལ་མོལ་ལ་ཕན་ཐོགས་ཡོང་གི་རེད་སྙམ། གང་ལྟར་ངས་རྒྱལ་རབས་ལོ་རྒྱུས་དང་བོད་ཀྱི་དཀའ་རྙོག་གི་བྱུང་རིམ་རྒྱ་ནག་གི་མགོ་ཁྲིད་དང་མི་མང་ལ་བསྐྱར་དུ་ངོ་སྤྲོད་གསལ་བོ་ཞིག་བྱུང་ན། དེས་བོད་ཀྱི་རྩ་དོན་ཐོག་ཕན་གྱི་རེད་སྙམ།

 

དྲི་བ། སྐུ་ཉིད་ཀྱིས་འདས་པའི་མི་ལོ་༣༠ ལྷག་ལ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ནང་ཕྱག་ལས་གནང་བ་རེད། ད་ཆར་བསྐྱར་དུ་བཀའ་བློན་ཁྲི་པར་བསླེབ་ན། དམིགས་བསལ་གྱི་ནུས་པ་ག་རེ་འཐོན་གྱི་རེད་དགོངས་ཀྱི་ཡོད་དམ།

ལན། དེའི་ཐད་སྔོན་མ་དང་མ་འདྲ་བ་ཞིག་ཡོད། སྔོན་མར་བཀའ་བློན་སུ་ཕེབས་ནའང་བཀའ་ཤག་ལྷན་རྒྱས་ཀྱིས་གྲོས་བསྡུར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད་པས། བཀའ་ཤག་ནས་ཐག་གཅོད་བྱུང་བ་ཚང་མ་མི་ལྔ་དྲུག་ཅིག་གིས་མཉམ་དུ་གྲོས་བསྡུར་བྱས་ཏེ་བསམ་བློ་མཐུན་པ་དང་འཆར་གཞི་ལྡན་པའི་ལས་ཀ་ཡིན་ལ། ལས་དོན་ཚང་མ་རྩ་བའི་ཆ་ནས་བརྟན་པོ་ཡོད་ནའང་འགོར་གཞི་ཆེན་པོ་ཡོང་གི་ཡོད། དེར་བརྟེན་ད་ལྟའི་སྐབས་ཀྱི་འགྱུར་བ་ཆེ་ཤོས་ནི་བཀའ་བློན་ཁྲི་པ་གཙོ་བོས་འགན་ཁུར་ཏེ་བོད་གཞུང་གི་ལས་ཀའི་ཐོག་ཏུ་འགྱུར་བ་གཏོང་རྒྱུ་དང་སྲེག་བཅད་བྱེད་ཀྱིན་ཡོད་སྟབས། ལས་ཀའི་ཐོག་ཏུ་ནུས་པ་འཐོན་ཐུབ་པའི་གོ་སྐབས་ཡོད་ལ། དེ་གལ་ཆེན་པོ་རེད་སྙམ། གཉིས་ནས་ངས་བོད་ཀྱི་སྤྱི་ཚོགས་ནང་དུ་ལས་ཀ་བྱས་པ་རེད་ལ་ཕྱི་ལོགས་སུའང་ལས་ཀ་བྱས་པ་རེད། དེར་བརྟེན་ངས་ཉམས་མྱོང་དེ་ཕྱི་ནང་གཉིས་ཀྱི་ཉམས་མྱོང་དང་སྦྲགས་ཏེ། ལས་དོན་འགའ་ཤས་ཐོག་བསམ་བློ་གཏོང་སྟངས་གསར་བ་ཟེར་ནའང་འདྲ། གང་ལྟར་དཀའ་ངལ་མ་ཡོང་སྔོན་ནས་གྲ་སྒྲིག་བྱ་རྒྱུ་དང་ཐབས་ཤེས་བྱ་རྒྱུའི་ཆ་རྐྱེན་ཞིག་ཚང་ཡོད། དེ་ངས་བསམ་ན་བཙན་བྱོལ་བོད་གཞུང་ཡར་རྒྱས་སུ་གཏོང་རྒྱུ་དང་ནུས་པ་འཐོན་རྒྱུའི་ཕྱོགས་ལ་ཕན་གྱི་རེད་སྙམ།

 

དྲི་བ། ལོ་སྔོན་མར་བཙན་བྱོལ་བོད་གཞུང་གིས་འདས་པའི་ལོ་ལྔ་བཅུ་ལས་ཀྱང་འབྱུང་འགྱུར་གྱི་ལོ་ལྔ་བཅུ་གནད་འགག་ཡིན་པར་ངོས་འཛིན་དང་། གྲ་སྒྲིག་གནང་གི་ཡོད་པ་ལྟར་འབྱུང་འགྱུར་གྱི་ལོ་ལྔ་བཅུར་ངེས་པར་དུ་གྲ་སྒྲིག་དགོས་ངེས་རིགས་དང་ཚགས་ཚུད་དུ་གཏོང་རྒྱུ་གང་དང་གང་ཡོད་དམ།

ལན། མ་འོངས་གྲ་སྒྲིག་བྱ་རྒྱུར་གཙོ་བོའི་གཙོ་བོ་བོད་ཀྱི་རྩ་དོན་བསྒྲུབ་རྒྱུར་དམིགས་ཡུལ་མ་བརླག་པ་བྱ་དགོས་པ་རེད་ལ། དེ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད། ད་ལྟ་རྒྱ་གར་དང་བལ་ཡུལ་ནང་རང་བཞིན་གྱིས་དཀའ་ངལ་མང་བོར་འཕྲད་ཀྱིན་ཡོད་སྟབས། ག་དུས་ཡིན་ནའང་ང་ཚོའི་དམིགས་ཡུལ་ཆེན་པོ་དེ་གཙོ་བོར་འཇོག་དགོས། གཉིས་ནས་བཙན་བྱོལ་བོད་གཞུང་དེ་ང་ཚོ་རང་གི་མིས་བཟོས་པའི་སྒྲིག་འཛུགས་ཆེན་པོ་ཞིག་རེད་ལ། དེ་ག་དུས་ཡིན་རུང་ཡར་རྒྱས་སུ་གཏོང་རྒྱུའི་འགན་ཡོད་ལ་གོ་སྐབས་ཀྱང་ཡོང་གི་རེད། སྔ་མོའི་ལས་ཀ་བྱེད་སྟངས་དང་མི་འདྲ་བར་དེང་སྐབས་སྒྲིག་འཛུགས་ཤིག་ཡིན་ནའང་འདྲ། ཚོང་གི་སྡེ་ཚན་ཞིག་ཡིན་ནའང་འདྲ། ཡང་ན་གཞུང་གི་སྡེ་ཚན་གང་ཡིན་རུང་ལས་བྱེད་ལ་གསོ་སྐྱོང་ཡག་པོ་བྱ་རྒྱུ་དང་མུ་མཐུད་དེ་སྦྱོང་བརྡར་དང་སློབ་སྦྱོང་སྤྲོད་རྒྱུ་སོགས། གང་ཅིའི་ཐད་ནས་ལས་ཀ་བྱེད་མཁན་ལ་ལྟ་རྟོག་དང་རིན་ཐང་སྤྲོད་པ། མགོ་ཁྲིད་བྱེད་པ་བཅས་ཐབས་ལམ་གསར་བ་མང་བོ་ཞིག་འཛམ་གླིང་ཚང་མར་ཡོང་གི་ཡོད། དེའི་རིགས་བཙན་བྱོལ་ནང་དུ་ནུས་པ་ཆེ་རུ་གཏོང་དགོས་ཀྱི་རེད་སྙམ། དེ་བཞིན་བཙན་བྱོལ་བོད་གཞུང་ལ་ལས་ཀ་དང་འཆར་གཞི་མང་བོ་ཡོང་གི་རེད། དེ་ཚོ་བསྒྲུབ་རྒྱུར་དཔལ་འབྱོར་གྱི་གནས་སྟངས་གལ་ཆེན་པོ་རེད་ལ། དཔལ་འབྱོར་གྱི་མཐུན་རྐྱེན་མེད་ན་ང་ཚོས་ལས་ཀ་ག་རེ་ཡིན་ནའང་འགྲུབ་དཀའ་བས། དཔལ་འབྱོར་གྱི་སྟེང་དུ་བཙན་བྱོལ་བོད་གཞུང་གིས་ག་རེ་བྱ་དགོས་ཀྱི་འདུག དེའི་སྟེང་དུ་བསམ་བློ་གསར་བ་དང་ཐབས་ཤེས་གསར་བ།  འཆར་གཞི་གསར་བ་བསྒྲིག་དགོས་པ་གལ་ཆེན་པོ་རེད། 

 

དྲི་བ། དེང་སྐབས་ངྷ་ས་དང་ལྡི་ལི། བལ་ཡུལ་སོགས་ས་གནས་ཁག་ཅིག་ཏུ་བོད་ནས་གསར་དུ་འབྱོར་ཞིང་དཔལ་འབྱོར་དང་རྒྱབ་རྩ་ཅི་ཡང་མེད་པའི་གཞོན་སྐྱེས་ལས་མེད་མང་བོ་ཡོད་སྟབས། ཁོང་ཚོར་དམིགས་བསལ་གྱིས་ལྟ་རྟོག་རོགས་རམ་འདྲ་གནང་འཆར་ཡོད་དམ།

ལན། དེའི་སྐོར་ལ་བསམ་ཚུལ་ཕྲན་བུ་ཡོད། བོད་ནས་རྒྱ་གར་ལུང་པར་གསར་དུ་འབྱོར་བའི་བོད་མི་ཚོར་དཀའ་ངལ་ཆེན་པོ་ཡོད། ཡང་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་མང་བོ་ཡོད་ཟེར་ནའང་ཤེས་ཀྱི་མི་འདུག ལོ་ཆུང་ཆུང་ཡིན་ཚེ་བོད་ཁྱིམ་དུ་ཚུད་ན་རིམ་གྱིས་སློབ་སྦྱོང་སོགས་གང་ཐད་ནས་ཡག་པོ་ཡོང་གི་ཡོད། ཁག་ཅིག་འཇིག་རྟེན་སྤངས་ཏེ་དགོན་པ་ཁག་ཏུ་ཆོས་ཀྱི་སློབ་སྦྱོང་བྱེད་དུ་འགྲོ་ཡི་ཡོད་ན་དེ་ཡང་འགྲིག་འགྲོ་བཞིན་ཡོད། དེ་མ་ཡིན་པའི་ན་གཞོན་མང་བོ་ཞིག་ལུང་པ་གསར་བ་ཞིག་ཏུ་མི་ཚེ་སྐྱེལ་དགོས་ཐོག སྐད་ཡིག་གི་དཀའ་ངལ་དང་དཔལ་འབྱོར་གྱི་དཀའ་ངལ། ཡང་རེ་ཟུང་ལ་སློབ་སྦྱོང་ཡག་པོ་ཡོད་ནའང་ལས་ཀ་ཏག་ཏག་མ་འགྲིག་པ་སོགས་དཀའ་ངལ་མང་བོ་ཞིག་ཡོད། དཀའ་ངལ་དེ་ཚོ་གསར་བའམ་ཉེ་བའི་ཆར་འཕྲད་ཀྱིན་པའི་དཀའ་ངལ་རིགས་ཤིག་རེད། དེའི་རིགས་ལ་བོད་གཞུང་གིས་ཞིབ་ཚགས་པོས་བལྟས་ཏེ་འཕྲལ་སེལ་གྱི་དཀའ་ངལ་སེལ་བ་ཙམ་མིན་པར་ཕུགས་རྒྱང་རིང་བོར་གང་འདྲ་བྱས་ཏེ་དཀའ་ངལ་སེལ་དགོས་ཀྱི་འདུག ཐབས་ཤེས་གང་དག་ཡོད་མེད་ལ་དམིགས་བསལ་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད། ངས་ཤེས་རྟོགས་བྱུང་བ་ལྟར་ན། སློབ་སྦྱོང་ཡག་པོ་ཐོན་པའི་ན་གཞོན་མང་བོ་ཞིག་བསླེབས་ཡོད་ནའང་སློབ་སྦྱོང་གིས་ལས་ཀ་ཡག་པོ་བྱ་རྒྱུ་མེད་པའི་དཀའ་ངལ་རིགས་ཤིག་འདུག དེ་ཚོར་ང་ཚོས་དམིགས་བསལ་གྱིས་བསམ་ཤེས་བྱ་དགོས་སྙམ།

 

དྲི་བ། བོད་གཞུང་འཆར་འགོད་ལྷན་ཁང་གིས་མི་འབོར་ཞིབ་བཤེར་སྐབས་ཀྱི་སྡོམ་ཐོ་ལྟར་ན། འདས་པའི་ལོ་ལྔ་བཅུའི་རིང་བཙན་བྱོལ་དུ་ཡིག་རྨོངས་སེལ་བའི་བརྒྱ་ཆ་ ༨༤ ཟིན་འདུག མ་འོངས་པར་ཤེས་ཡོན་གནས་ཚུལ་ཐོག་གཞི་རྐང་ཇེ་བརྟན་དང་ཚད་གཞི་ཇེ་མཐོར་གཏོང་རྒྱུར་དགོངས་བཞེད་འདྲ་ཡོད་དམ།

ལན། དེའི་སྟེང་དུ་ལམ་སེང་འདི་རེད་ཅེས་ཞུ་རྒྱུ་ཁག་ནའང་། སྤྱིར་དེང་སྐབས་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་ཤེས་རིག་གི་མཐུན་རྐྱེན་དང་ཤེས་རིག་གི་གནས་ཚུལ་མཐོ་རུ་གཏོང་རྒྱུར་དགེ་མཚན་ཆེན་པོར་མཐོང་གི་ཡོད། དེར་བརྟེན་མུ་མཐུད་དེ་གསོ་སྐྱོང་དང་མུ་མཐུད་དེ་མཐུན་འགྱུར་རོགས་རམ་མ་བྱས་ན། སྤྱི་ཚོགས་མང་བོར་འགྱུར་བ་འགྲོ་བཞིན་ཡོད་སྟབས་ང་ཚོས་རྗེས་ཟིན་རྒྱུར་དཀའ་ངལ་ཡོད། སྔ་མོར་གཞི་རིམ་མམ་མཐོ་རིམ་སློབ་གྲྭ་ཐོན་ཚེ་ལས་ཀ་ཞིག་ཏུ་བསྡད་དེ་འགྲིག་འགྲོ་ཡི་ཡོད། དེང་སང་གི་དུས་ཚོད་འདིར་སློབ་གྲྭ་གང་འདྲ་ཞིག་ཐོན་ནའང་། ལོ་གཉིས་གསུམ་ནང་མུ་མཐུད་དེ་སྦྱོང་བརྡར་གསར་བ་དང་ལེགས་བཤད་གསར་བ་སྒྲུག་གིན་སྒྲུག་གིན་མ་བྱས་ཚེ། རིག་གནས་ཀྱི་ཆ་དང་ལས་དོན་གྱི་ཆ་གང་ཡིན་རུང་རྗེས་ལུས་ཐེབས་ཀྱི་ཡོད། དེ་ཚོའི་ཐོག་ཏུ་ང་ཚོའི་སྤྱི་ཚོགས་ནང་གཅིག་པུར་ཡར་རྒྱས་བཏང་བ་ཙམ་མིན་པར། ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ཆེན་པོ་དེ་ཚོར་བལྟས་ཏེ། ཁོང་ཚོས་དེའི་ཐོག་ཏུ་གདོང་ལེན་གང་འདྲ་བྱེད་ཀྱི་ཡོད་མེད་ལ་ཆེ་ས་ནས་བལྟ་དགོས། དེ་ནས་བསླབ་བྱ་ལེན་དགོས་པ་ཏན་ཏན་མང་བོ་ཡོང་གི་རེད་སྙམ།

 

དྲི་བ། དེ་སྔོན་སྐུ་ཉིད་ཀྱིས་ཨ་རིར་བོད་མི་ཆིག་སྟོང་ཙམ་བཏང་བ་དང་། ཉེ་ཆར་ནས་བཟུང་ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་འཆར་ཡོད་སྐོར་བརྗོད་ཀྱི་ཡོད། ཡིན་ནའང་བཀའ་ཤག་སྐབས་གཉིས་པས་བོད་མི་ཕྱི་རྒྱལ་དུ་འགྲོ་རྒྱུར་ཐུགས་མོས་ཆེན་པོ་གནང་གི་མེད་སྟབས། བོད་མི་ཕྱི་རྒྱལ་དུ་ཕྱིན་པར་དགེ་སྐྱོན་གང་ཡོད་དམ།

ལན། དེའི་ཐོག་ཏུ་སྤྱིར་བཏང་སོ་སོའི་ལུང་པ་བཞག་སྟེ་ཕྱི་ལ་འགྲོ་སྐབས་དགེ་དང་སྐྱོན་མང་བོ་ཡོད་ལ། ང་ཚོའི་གནས་སྟངས་ཀྱི་ཆ་ནས་རྒྱ་ནག་བོད་དུ་བསླེབས་ཏེ་བོད་མི་མང་བོ་ཞིག་བཙན་བྱོལ་དུ་ཡོང་བ་རེད། དེར་ང་ཚོས་ལོ་ལྔ་བཅུ་ཕྱིན་པའི་སྐབས་འདིར་ཞིབ་ཚགས་པོ་བྱས་ཏེ་བལྟས་ཚེ་དགེ་ལས་སྐྱོན་མེད། དེ་བཞིན་བཙན་བྱོལ་ནང་རྒྱ་གར་དང་བལ་ཡུལ་ནས་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཡུ་རོབ་ཁུལ་དུ་སྔོན་ནས་ཕྲན་བུ་ཕྲན་བུ་འགྲོ་བཞིན་ཡོད་མོད། མང་བོ་ཞིག་གིས་ཕྱི་རྒྱལ་དུ་བོད་མི་མང་བོ་ཕྱིན་ན་དེས་ང་ཚོའི་སྒྲིག་འཛུགས་ལ་ཕན་གྱི་ཡོད་དམ་གནོད་ཀྱི་ཡོད། ཡང་ན་ང་ཚོའི་བོད་ཀྱི་རིག་གཞུང་བརླག་གི་རེད་ཅེས་སེམས་ཁྲལ་བྱེད་ཀྱི་ཡོད། ཡིན་ནའང་། འདས་པའི་ལོ་བཅུའི་ནང་ཨ་རིར་བོད་མི་ཆིག་སྟོང་ཕྱིན་པ་དང་དེའི་རྗེས་ཁོང་ཚོའི་ནང་མི་ཚོ་ཕྱིན་ཏེ་ཨ་རིར་བོད་མི་མང་བོ་བསླེབས་ཡོད་པས། ང་ཚོས་སྤྱི་ཡོང་ནས་དགེ་སྐྱོན་གང་ཆེ་བ་འདུག་བལྟས་ན་དགེ་ཆེ་བ་འདུག སྤྱིར་རྒྱ་གར་གཞུང་མང་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་ནའང་། བོད་མི་མང་བོ་ཞིག་རྒྱ་གར་ནང་དཀའ་ངལ་ཕྲན་བུའི་འོག་གནས་དུས་སྒེར་གྱི་དཀའ་ངལ་སངས། ནང་གི་གནས་སྟངས་ཡག་ཏུ་ཕྱིན། ལྷག་པར་དུ་ན་གཞོན་ཚོར་ཨ་རི་དང་ཡུ་རོབ་ནང་དུ་སློབ་སྦྱོང་དང་ལག་ཤེས་གསར་བའི་གོ་སྐབས་མང་བོ་ཞིག་རག་སྟེ། སྤྱི་ཡོངས་ནས་བོད་ཀྱི་གནད་དོན་ཐོག་ཡག་ཏུ་ཕྱིན་ཡོད།  རིག་གཞུང་སྲུང་སྐྱོབ་སྐོར་ནས་ལོ་གཞོན་པ་རྣམས་ལ་ཉིན་ལྟར་བོད་སྐད་རྒྱག་པ་དང་བོད་ཡིག་སྦྱོང་རྒྱུ་མེད་སྟབས། དཀའ་ངལ་ཕྲན་བུ་ཕྲན་བུ་ཡོད། དེ་བཞིན་ཉུང་ཤས་ལུང་པ་ཡག་པོ་ཞིག་ཏུ་བསླེབས་ནའང་གནས་སྟངས་ཡག་པོ་མ་ཆགས་པ་ཡོང་གི་འདུག་མོད། དེ་ལྟ་བུའི་ལུང་པ་ཡག་པོ་ཡིན་ནའང་རེད། སྐྱོ་བོ་ཡིན་ནའང་རེད། གང་ལྟར་ཉུང་ཤས་ཤིག་དཀའ་ངལ་ནང་དུ་ཚུད་ཀྱི་ཡོད་པ་དེ་གཅིག་མཚུངས་རེད། སྤྱི་ཡོངས་ནས་བོད་མི་སུ་ཡིན་རུང་དཔལ་འབྱོར་དང་ཁོར་ཡུག་གི་ཐོག་ནས་སོ་སོ་རང་གི་གནས་སྟངས་དང་ནང་མིའི་གནས་སྟངས་བརྟན་པོ་ཞིག་བྱུང་ཚེ། ཏན་ཏན་བོད་ཀྱི་རྩ་དོན་བསྒྲུབ་རྒྱུར་ཕན་ཐོགས་ཡོང་གི་ཡོད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།

མཆན། 17

  1. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    དྲ་གྲོགས་ཡོངས་ལ་དངོས་དོན་འཆད་རྒྱུ།

    ངས་་་བཀྲས་མཐོང་གི་འཇོན་ཐང་དང། ཤེས་ཡོན། ཉམམ་མྱོང།
    སོགས་ཀྱི་ཐད་ནས་བཀའ་ཁྲིར་མི་འོས་པའི་རྒྱུ་ཅན་སྣ་གཅིག་གི་མེད།
    ཡིན་ནའང། ཁོང་བཀའ་ཁྲིར་སླེབས་སོང་ཆོལ་གསུམ་ཅིག་སྒྲིལ་ནམ་ཡང་ཡོང་ཐུབ་མེད་པ་མ་ཟད། འདས་ཟིན་པའི་འཁོན་ནད་ཀྱི་རིགས་སྐྱར་ལང་གིས་་༧གོང་ས་མཆོག་གི་ཐུགས་དགོངས་འཁྲུགས་གཞིའི་རིགས་ཡོང་དོགས་ཀྱི་སེམས་འཁྲེལ་དེ་ཡོད།

    མ་ཟད་ཁོང་གིས་ད་ལྟའི་དབུ་མའི་ལམ་དེ་ཕུགས་ཀྱི་དམིགས་ཡུལ་མ་རེད་ཅེས་ཡང་ཡང་ཤུགས་ཆེར་བཤད་བཞིན་པ་དེ་ལ་་་ཆོལ་གསུམ་གཅིག་སྒྲིལ་་གྱི་སྲིད་ཇུས་བཟུང་གི་མེད་པ་གསལ་པོ་བསྟན་པ་རེད།

    Reply
  2. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ངས་དྲ་གྲོགས་ཡོངས་ཀྱི་མཆན་ལ་ཞིབ་ལྟ་མ་ཐུབ་ཡང་་་བཀྲས་་མཐོང་་་་གི་ལན་འདེབས་
    དེ་ཚོ་ལ་གང་ཙམ་ཞིབ་ལྟ་བྱས་པ་ཡིན།
    དེའི་ནང་དུ་ཁོང་གིས་་་་་་ཁོང་བཀའ་ཁྲིར་སླེབས་སོང་ན་འདས་ཟིན་པའི་བཀའ་ཁྲིའི་ལས་གནས་ལས་ཁྱད་འཕགས་ཀྱི་ལས་དོན་བསྒྲུབ་ཀྱི་རེད་ཟེར།

    དེ་ནི་སྔོན་གྱི་བཀའ་ཤག་དེ་བཀའ་བློན་ཚང་མ་མཉམ་འདུས་ཀྱིས་ལས་དོན་བྱེད་དགོས་ཀྱི་
    ཡོད་དུས་གྲུབ་འབྲས་ཐོན་དཀའ་བ་ཡོད་རེད་ཅེས་ཟེར། དེང་སང་གི་བཀའ་ཤག་དེ་ནི་བཀའ་བློན་ཁྲི་པ་གཅིག་པུའི་ཐག་གང་བཅད་འདྲ་པོ་ཞིག་ཡོད་འདོག་གི་སྐད་ཆ་བཤད་འདུག།
    དེ་ནི་ངོ་མ་ཁོང་བཀའ་ཁྲི་ལ་སླེབས་སོང་ན། སྲིད་དབང་སྒེར་འཛིན་དང། སྐུ་དྲགས་ཀྱི་ལམ་ལུགས་སོགས་གང་རུང་ཞིག་ལ་བསྐྱོད་འདོད་ཡོད་པ་མ་རེེད་དམ།

    Reply
  3. གངས་རྒོད says:
    ལོ་ 14 སྔོན།

    དངོས་གནས་རེད་འདུག་་་་བསམ་རྒྱ་ཆུང་ན་དྭོགས་པ་མང་ཟེར་བའི་དཔེ་ལྟར་གནས་ཚང་ཕལ་ཆེར་ད་ལྟའི་གནས་སྐབས་སུ་ཁོང་གི་བསམ་བློ་སྡོམ་གྱི་དྲ་བའི་ནང་ཚུད་ཡོད་ཟོ་འདུག་་་་་་ཡག་པོ་རེད་་་་་་་་ལས་འགན་ཆེན་པོ་ཞིག་ངོས་འཛིན་གནང་ཞོར་དུ་ཕྱོགས་རིས་མེད་པ་གནང་རྒྱུ་ནི་དེ་བས་གལ་ཆེ།།།།།།

    Reply
  4. སྒོ་བུ་གྲགས་པ། says:
    ལོ་ 14 སྔོན།

    སྐུ་ངོ་བཀྲས་མཐོང་ལགས་ལ། འཚམས་འདྲི་དང་ཆབས་ཅིག་བཀའ་ཁྲི་འཐོབ་པའི་རེ་བ་ཆེ། རྒྱུ་མཚན་ནི། དང་པོ། ༧གོང་ས་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ། གཉིས་པ། ལྷད་མེད་ཀྱི་གཤིས་ཀ་ཡག་པོ་ཡོད་པ། གསུམ་པ། ཤེས་ཡོན་གྱི་འཇོན་ཐང་དང་མང་དོན་སྒྲུབ་པ་ལ་ཉམས་མྱོང་ཕུལ་བྱུང་དང་ལྡན་པ། བཞི་བ། རང་ཚུགས་བརྟན་པ། ལྔ་པ། རྒྱལ་སྤྱིའི་འབྲེལ་ལམ་ལ་མཁས་པ་བཅས་རྣམས་སོ། །

    Reply
  5. migyur says:
    ལོ་ 14 སྔོན།

    གྲོགས་པོ་གནས་ཚང་ལགས་ལ་རྒྱབ་སྐྱོར་ཡོད། སྤྱིར་བཏང་རྒན་པོ་དེ་ཁ་སྔོན་གློག་བརྙན་ནས་མང་པོ་མཐོང་སོང་། དེ་དུས་བཤད་སྟངས་དང་དེ་རེང་གཉིས་ཅུང་འདྲ་ཡི་མི་འདུག ཕལ་ཆེར་ཁོ་དེ་དུས་མཁས་དབང་མཐོང་དུ་བླ་ཆད་ཡིན་ས་རེད། ཡིན་ནའང་དེ་རིང་ཡང་བཤད་སྟངས་མང་ཆེ་བ་དཔེར་ན། ད་ལྟ་ཡོང་ཡ་ཁག་པོ་རེད། ད་ལྟ་བཤད་ཐུབ་ཡ་ཁག་པོ་རེད་ཅེས་ཁག་པོ་མ་གཏོགས་བཤད་ཡ་མི་འདུག དེ་མེད་པ་སྔ་ནས་ཤེས་སོང་། དེ་ལ་འགྱུར་བ་མི་འདུག སྤྱི་བཏང་ཁོ་རང་གིས་ལབ་པ་དག་ཁ་ཤས་བདེན་པ་བདེན་རྐྱང་རང་རེད། སྔོན་མ་ཡང་ཁག་པོ་བྱུང་ནས་གཞུང་ལས་གཡུགས་དགོས་ཁེལ་བ་རེད། ཁག་པོ་བྱུང་ནས་འབུམ་དགུའི་རྩིས་རྙོག་བྱུང་བ་རེད། ཁག་པོ་བྱུང་ནས་ལུང་པ་གཞན་ལ་མགོ་བཏགས་ཞུས་པ་རེད། ལས་ངན་ཁོ་གལ་གནད་ཆེ་བའི་མ་འོངས་པའི་བཀའ་ཁྲི་དེ་མི་ཐོབ་བའི་སྨོན་ལམ་ཡོད།

    Reply
  6. ལངས་གཉིད། says:
    ལོ་ 14 སྔོན།

    བཀའ་ཁྲིའི་འོས་མི་གསུམ་ལས་བཀྲས་མཐོང་ལ་དེ་སྔོན་ཉེས་འཛུགས་བྱེད་མཁན་དམངས་གཙོ་ཚགས་ཤོག་གི་རྩོམ་སྒྲིག་པའམ་གསར་འགད་པ་ཞིག་ཡིན་སྐད་གོ་བྱུང་། བཀའ་ཟུར་བཀྲས་མཐོང་བཀའ་ཁྲིར་མ་ཕེབས་པའི་སྔོན་དུ་གོང་གི་འབྲེལ་ཡོད་ཉེས་འཛུགས་བྱེད་མཁན་སུ་ཡིན་པ་དེས་ཉེས་མེད་ར་སྤྲོད་ཡག་པོ་ཞིག་བྱེད་དགོས་ངེས་རེད། གཞན་མ་གཏོགས་ཁྱེད་རང་བཀའ་ཁྲིར་ཕེབས་རྗེས་ཁྱོད་རང་གི་ལས་རོགས་ཚོས་རྟག་པར་དངུལ་སྲུང་ནས་སྡོད་དགོས་བྱུང་ན་ལས་དཀའ་མཐུས་ཤོར་འགྲོ་ངེས་རེད།།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    བསྟན་འཛིན་རྣམ་རྒྱལ་མཆོག་ལ་བཀྲ་ཤིས་གྲངས་མེད་ཞུ།

    Reply
  8. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་ཁང་ངམ་གཞོན་ནུ་ཚོགས་པ་ཡང་ན་བུད་མེད་ཚོགས་པ་སོགས་ནས་དངོས་སུ་མི་མང་ཁྲོད་འོས་བསྡུ་ཐུབ་ན་ལེགས་ཟེར་བ་ཡིན།
    དྲ་ཐོག་གི་འདིས་གོ་དེ་ཙམ་མི་ཆོད་གི ཡིད་རྟོན་ཀྱང་དཀའ་བར་འདུག

    Reply
  9. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་བཀྲ་ཤིས་བདེ་ལེགས།

    སྐུ་ཉིད་ཕྱོགས་བསྐྱོད་སྐབས་མི་རབས་གསར་པ་ཟེར་བའི་བཀྲ་མི་ཤིས་པའི་ཚིག་དེར་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་སྐྱོན་རོགས། དེ་མིན་རྫུན་དང་ཧམ་པར་གོམས་པའི་བློ་སེང་སོགས་ནས་འགྲེལ་བཤད་ལོག་པས་རང་རེའི་ན་གཞོན་ཚོ་མགོ་བོ་འཐོམས་སུ་བཅུག་ཡོད། དེ་མི་སྐུ་ཉིད་ཀྱི་ཤེས་མཇོན་དང་ལྷག་བསམ་ཚང་མས་ཤེས་ཤེས་པ་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་བའི་ཆབ་སྲིད་ལམ་ཕྱོགས་འདི་སྤྱི་འཐུས་གྲོས་འཚོགས་སུ་ཞུ་དགོས་གསུངས་པ་འདི་ནི་མང་གཙོ་གོ་རྟོགས་ཡོད་པའི་འགོ་ཁྲིད་གཅིག་གི་གསུངས་སྟངས་རེད། ༧གོང་ས་མཆོག་གི་དགོངས་པ་ཡང་རེད།

    བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་བའི་ཆབ་སྲིད་ལམ་ཕྱོགས་གང་དུ་འགྲོ་མིན་ཐག་གཅོད་བྱེད་མཁན་བོད་རྒྱ་ཆེ་མི་དམངས་ཡིན་དགོས། མི་དམངས་མང་གཙོ་ཡིན་ནའང་རྩ་བའི་སྲིད་ཇུས་སུ་ཐག་གཅོད་ཀྱི་དབང་ཆ་མེད་ན་མང་གཙོ་མཚན་ཉིད་ཚང་གི་མེད།

    མང་གཙོ་ཡིན་ན་ལས་དོན་གཙོ་བོར་དམངས་ཀྱིས་ཐག་གཅོད་བྱེད་དགོས། དེ་ལྟར་བྱུང་ན་མང་གཙོ་མཚན་ཉིད་ཚང་བ་ཞེས་འབོད་ཆོག

    Reply
  11. བླ་གཡུ།།། says:
    ལོ་ 14 སྔོན།

    རྒྱ་བཤད་སྟོང་བཤད་བྱས་ན་ཡང་ད་ལྟ་ནི་གཞོན་སྐྱེས་ཀྱིས་འགན་བླངས་ནས་མ་འོངས་བོད་ཀྱི་གནས་སྟངས་སྲ་བརྟན་ཡོང་ཐབས་བྱེད་པའི་དུས་ཚོས་ཡིན། གཟིགས་དང་བོད་ནང་གི་གཞོན་སྐྱེས་ཚོ།།།།།། ཁོང་རྣམས་པའི་སྙིང་སྟོབས་དེ་ནི་དུས་ལ་བབས་པ་དེའི་མངོན་རྟགས་ཡིན།།།།། ལོ་ངོ་ལྔ་བཅུའི་རིང་རྒན་རབས་སྐུ་ངོ་རྣམས་པ་དང་རྒྱལ་ཞེན་ཅན་རྣམས་ནས་སྐུ་ངལ་བསྐྱོན་ནས་གྲུབ་འབྲས་བཟང་འོན་ཀྱང་ད་ལྟ་ཁྱེད་རྣམས་ནས་རེ་བ་བསྐྱོན་པའི་མ་འོངས་བོད་ཀྱི་སོན་རྩ་ཁག་ཅིག་འབྲས་བཟང་བཏགས་ནས་གངས་སེང་དེས་བཟའ་ལ་འདོད་ནས་འདུག་པས་དགོངས་འགལ་མེད་པ་མཁྱེན་་་་་་་ངའི་འོས་ཤོག་ཅིག་དེ་མཁས་དབང་བློ་བཟང་སེང་གེ་ལགས་ལ་འགྱུར་བ་མེད།།།།།།།།

    Reply
  12. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    དབུ་མའི་ལམ་འོས་མིན་གྱི་གཞི་རྩའི་ཆབ་སྲིད་གནད་དོན་འདི་གྲོས་ཚོགས་ལ་ཞུས་ན་ལོས་འགྲིགས་ཀྱང། གོང་ས་མཆོག་ལ་ཞུས་ན་གཏན་ནས་མི་འོས་ཏེ། ཁོང་གིས་ནམ་ཡང་དབུ་མའི་ལམ་ཡིན་གསུངས་པས་སོ། སྐུ་ངོ་ཁོང་གི་ལྟ་ཚུལ་ནི་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་རྒྱུ་ཡིན་ལ། ཁོང་བཀའ་ཁྲི་ཆགས་ན་དོན་འདི་གླེང་ངེས་ཡིན། རྒྱུ་མཚན་ཁོང་གིས་ཐབས་ཚུལ་འདིས་ཕན་ནུས་ཐོན་པར་དགོངས་ཀྱིན་ཡོད།
    འོན་ཀྱང་བློ་སེང་ལགས་ལ་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་གང་ཡང་མེད་པར་མངོན།གཅིག་བྱས་ན་རང་བཙན་ཡིན་རྒྱུ་རེད། བཀྲ་ཤིས་དབང་འདུས་ལགས་ནི་དབུ་མའི་ལམ་རང་རེད། ད་ཚང་མས་བསམ་བློ་ཞིག་ཐོངས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་གསུམ། ངས་བལྟས་ན་བཀའ་ཁྲི་སུ་འོས་ཀྱི་ཚད་གཞི་གཙོ་བོའམ་གནད་འགག་ཆེ་ཤོས་འདི་ལགས་སོ། ཁྱོད་ལ་སུ་དགོས་་་་ཡང་བསྐྱར་སོམས་་་་

    Reply
  13. རིགས་བཟང་། says:
    ལོ་ 14 སྔོན།

    ཤ་ཚའི་ཚིག་གཅིག་ཡོད།
    རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཚར་བ་ཞིག་བོད་ཀྱི་བཀའ་ཁྲི་ལ་འདེམས་ཚེ།
    འདེམ་མཁན་དེ་ཚོའི་ཀླད་པ་སྐྱོན་ཅན་ཡིན་པ་ངས་ཁ་ཚོན་བཅད་ནས་བཤད་ཆོག
    གཞོན་སྐྱེས་ཚོ་ལོག་ལམ་དུ་མི་འགྲོ་བའི་སྨོན་ལམ་འདེབས།
    བཀྲ་ཤིས་ཁ་དྲོ།

    Reply
  14. རིགས་བཟང་། says:
    ལོ་ 14 སྔོན།

    གཞོན་སྐྱེས་དག་གིས་ཐུགས་བསམ་བཞེས་རོགས། བཀའ་ཁྲི་འོས་མི་གསུམ་གྱི་ཁྲོད་ན་ཆེས་བློས་གཏད་རུང་བ་ནི་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་རེད།
    གཞན་གཉིས་ཀྱིས་ལུས་སྟེང་ན་འདག་ཐུབ་བྲལ་པའི་དྲི་མ་ནག་པོ་ཞིག་ཡོད་པ་ངས་མ་བཤད་ཀྱང་སོ་སོའི་རྣམ་དཔྱོད་ཀྱིས་ཤེས་བར་གྱིས། གཅིག་ནོར་ཚར་ན་ཚར་བ་རེད། ཉེན་ཁའི་གཅོང་རོང་ལ་མཆོང་རྒྱུ་ཟེར་ན་རང་འདོད་ཀྱིས།
    བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་ལ་ལྟོས་དང་། ཁྱེད་ཚོས་ངང་གིས་རྟོགས་ཐུབ།

    Reply
  15. ཁ་བའི་གྲང་ངར། says:
    ལོ་ 14 སྔོན།

    གནས་ཚང་ལགས། ཁྱེད་ཀྱིས་བཏོན་པའི་དྲི་བ་གཉིས་པའི་ཐད་ཞུ་རྒྱུར། གནད་འགག་ཧ་ཅང་ཆེ་བའི་གནད་དོན་འདིའི་ཐོག་ཁྱེད་ཀྱིས་གང་ཡང་ཤེས་ཀྱི་མི་འདུག ཁག་མེད། ཁྱེད་ཀྱིས་གཞུང་ཞིག་གི་ལོ་འཁོར་འགྲོ་གྲོན་འཆར་འབུལ་བཀའ་འཁྲོལ་ཞུ་རིམ་སྐོར་ལ་མི་ཤེས་པའི་དབང་གིས་ཡིན། དེ་ནི་རྩིས་རྙོག་ཅིག་ནམ་ཡང་མིན། དེ་ནི་རྒྱལ་ཁབ་ཚང་མའི་གཞུང་དང་། ལྷག་པར་བཙན་བྱོལ་བོད་གཞུང་ལ་ལོ་ལྟར་འཕྲད་བཞིན་པའི་ལོ་འཁོར་སྔོན་རྩིས་ཀྱི་འགྲོ་འཆར་དང་ཡོང་འཆར་ཁ་མ་འདུམ་པའི་གནས་སྟངས་ཁོ་ན་ཞིག་ལས་མིན། རང་བཙན་ཅན་གྱི་རྒྱལ་ཁབ་དང་མི་འདྲ་བར་བཙན་བྱོལ་བོད་གཞུང་ལ་ཡོང་འབབ་ཡོད་པའི་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ (ཁྲལ་ཆ་ཚང་རིགས། གཞུང་འཛིན་བཟོ་གྲྭ་སྣ་ཚོགས། བྲགས་ཁང༌། མེ་འཁོར། སོགས་༌༌།) མེད་སྟབས། བཙན་བྱོལ་བོད་གཞུང་གི་ལོ་འཁོར་འགྲོ་གྲོན་འགྲོ་འཆར་ཆ་ཚང་ལ་ཕན་པའི་ཡོང་འཆར་ཞིག་མེད། ལྷག་པར་དུ་བོད་མིའི་གཞིས་ཆགས་ཁག་ཏུ་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད་པ་དེ་ཚོར་སྒོར་འབུམ་ཕྲག་མང་པོ་དགོས་ཀྱི་ཡོད་པ་དེ་ཚོའི་འགྲོ་གྲོན་འགྲོ་འཆར་གྲོས་ཚོགས་སུ་ཐོག་མར་བཀའ་འཁྲོལ་ཞུ་དགོས་པ་དང༌། བཀའ་འཁྲོལ་ཐོབ་པའི་རྗེས་སུ་གཞི་ནས་ལས་གཞི་ཁག་གི་འགྲོ་གྲོན་རྣམས་ལ་ཕྱི་རྒྱལ་རོགས་ཚོགས་ཁག་ནས་དངུལ་འབོར་ཡོང་འཆར་ཐབས་ཤེས་བྱ་དགོས་ཀྱི་ཡོད། གལ་ཏེ་ལས་གཞི་གང་ཞིག་ལ་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་ན་ལས་གཞི་དེ་དག་ལག་བསྟར་ཆོག་གི་མེད། བཀའ་འཁྲོལ་ཐོབ་ཚེ་འགྲོ་གྲོན་ཐབས་ཤེས་ཞུ་དགོས་ཀྱི་ཡོད། བོད་མི་ཚོས་ལོ་རེར་དཔྱ་ཁྲལ་ལག་དེབ་ཆེད་དུ་སྒོར་ 56 འབུལ་གྱི་ཡོད་པ་དེས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་འགྲོ་གྲོན་ཐོག་ལ་ཆ་ཤས་ཤིག་ལས་ཕན་གྱི་མེད། དེའི་སྐོར་ལ་གནས་ཚུལ་ཆ་ཚང་བ་ཞིག་ཤེས་ཐབས་བྱས་ཏེ་བསམ་ཚུལ་བཀོད་དགོས། ད་དུང་གསལ་པོ་མ་ཆགས་ན་སྤྱི་འཐུས་ལས་ཁུངས་སུ་འདྲི་རྩད་གནང་དགོས།

    Reply
  16. མཁས་བཙུན། says:
    ལོ་ 14 སྔོན།

    ཡིག་ངག་གང་གི་ཐོག་ཏུ་ཇི་འདྲ་བྱས་ཏེ་བཅར་འདྲི་འདི་ཞུས་སམ།

    Reply
  17. གནས་ཚང་། says:
    ལོ་ 14 སྔོན།

    སྐུ་ངོ་བཀྲས་མཐོང་མཆོག་གིས་སྤྱི་ཁོག་ཡག་པོ་ཞིག་གསུངས་ཤག ཡིན་ནའི། གསར་འགོད་པས་དྲི་བ་གལ་ཆེན་པོ་གཉིས་དྲིས་མི་འདུག

    ༡ གལ་སྲིད་མི་མང་གིས་ཁོང་ལ་འོས་ཤོག་འཕངས་ནས་གདམ་པ་ཡིན་ན། སྔོན་མ་ནང་བཞིན་མ་འོངས་པར་ཁོང་གི་ནང་མི་སོགས་ཀྱིས་མཚོན་པའི་དཀའ་ངལ་ལ་ཐུག་ཚེ་བཀའ་ཁྲིའི་འོས་འགན་གཡུགས་ནས་དགོངས་པ་ཞུ་སྲིད་དམ།

    ༢ ཐེངས་སྔ་མར་ཧིན་སྒོར་འབུམ་དགུ་ཡིས་ཁ་མ་འདུམ་པའི་རྩིས་རྙོག་ཡོད་པ་བཞིན་མ་འོངས་པར་ཡང་ཁ་མ་འདུམ་པའི་རྩིས་རྙོག་འབྱུང་སྲིད་དམ་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese