མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

༼ ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོའི། ༽རྒྱབ་དཔུང་དུ་སྤྲོས་པ།

བདེ་ཆེན་སྒྲོལ་མ།

སྔོན་གླེང་དང་གསལ་བཤད།

ཉེ་བའི་བདུན་ཕྲག་གཅིག་གཉིས་འདིའི་ནང་། མི་མང་པོ་ཞིག་གིས་༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་ནས་རང་རང་གི་བསམ་ཚུལ་བཤད་སོང་། ཕྲན་པས་ཀྱང་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་རྩོམ་ཡིག་ཐུང་ངུ་ཞིག་༼ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོ།༽བྲིས་པ་ཡིན། ཁ་བརྡ་དང་དུས་བབ་དྲ་ཚིགས་བརྒྱུད་ནས་དྲ་གྲོགས་མང་པོ་ཞིག་གིས་ཕྲན་གྱི་རྩོམ་ཡིག་ལ་བཏབས་པའི་མཆན་བུ་དང་། གཞན་རང་རང་སྒེར་གྱི་བསམ་ཚུལ་ལ་ཞིབ་ཏུ་ཉན་ན། མི་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་༧གོང་ས་མཆོག་གི་རིན་ཐང་དངོས་དེ་ཕྱོགས་མང་པོ་ཞིག་ནས་ངོས་ཟིན་གྱི་མེད་པའི་ཚོར་སྣང་བྱུང་། འདི་ནི་ཆེས་ཉེན་ཁ་ཆེ་བའི་ཕྱོགས་ངོས་ཤིག་ཀྱང་རེད་སྙམ།
ལྷག་པར་དུ་ཕྲན་པས་༧གོང་ས་མཆོག་མེད་ན་བོད་ལ་རེ་བ་དེ་ཙམ་མེད་པར་བཤད་པ་ནི་རྒྱ་ནག་གི་བཤད་སྟངས་ཤིག་རེད་ཟེར། ཁོང་ཚོ་མང་པོ་ཞིག་གིས་ད་རེབ་༧གོང་ས་མཆོག་ལ་བགྲེས་ཡོལ་གྱི་གོ་སྐབས་འབུལ་དགོས་པ་འདི་བོད་ཀྱི་མ་འོངས་པར་གྲ་སྒྲིག་དང་རྒྱ་ནག་གི་འཁྱོག་བརྗོད་ལ་ལན་འདེབས་བྱེད་པའི་དོན་དག་གལ་ཆེན་ཞིག་རེད་ཟེར། མ་མཐའ་ཡང་མི་མང་ཤོས་ཀྱིས་འདི་ལྟར་གླེང་བཞིན་འདུག ཁོང་ཚོས་བཤད་པར་གནས་ལུགས་རྩ་བ་ནས་མེད་པ་མིན་པ་ཕྲན་པས་རང་ཉིད་ཀྱི་རྩོམ་ཡིག་སྔོན་མའི་ནང་དུ་བཀོད་ཡོད།
ཅི་ནས་ཀྱང་། ཕྲན་པ་བློ་མི་བདེ་ས་ནི། ང་ཚོས་འདས་ཟིན་པའི་བོད་རང་གི་བྱུང་རབས་ལ་དབྱེ་ཞིབ་ཀྱིས་མ་འོངས་པར་གཏན་ཚིགས་ངེས་ཅན་ཡོད་པའི་འཆར་འགོད་བྱེད་དགོས་པ་དངོས་བདེན་ཡིན་ན། ༧གོང་ས་མཆོག་ནི་ཆེས་མེད་དུ་མི་རུང་ཞིང་ཆེས་ཛ་དྲག་གི་གནས་སྐབས་འདིར་མགོན་པོ་གང་ཉིད་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་འགན་དབང་ལས་དུས་ནམ་ཡང་སྐད་ཅིག་ཙམ་ལ་ཡལ་མི་རུང་བའི་གཞི་རྩའི་གནས་ལུགས་གསལ་བོ་འདི་བོད་པ་ཆེ་མ་ཆུང་གསུམ་མང་པོ་ཞིག་ལ་ངོ་འཕྲོད་བྱུང་མེད་སྐོར་འདི་རང་ཡིན། དེ་མིན་རྒྱ་ནག་ལ་ལན་འདེབས་ཙམ་དང་མ་འོངས་པ་ཟེར་བའི་མུན་ནག་ནང་གི་གོ་སྐབས་ཙམ་པོ་ཞིག་གི་ཆེད་དུ་དུས་ཚོད་མ་རན་པའི་དུས་ཚོད་ཞིག་ལ་བོད་ཀྱི་ཉི་མ་ནུབ་བཅུག་ན་གང་ནས་འགྲིག
བོད་ལ་༧གོང་ས་མཆོག་ལས་ལྷག་པའི་ཉི་མ་གཞན་ཞིག་ནམ་ཡང་མེད་ལ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཤུལ་ནས་བོད་པ་སུས་ཀྱང་ད་ལྟའི་བོད་ཀྱི་གནད་དོན་འདིར་༧གོང་ས་མཆོག་ལྟར་ཁ་རྗེས་ལག་གསལ་གྱི་བྱས་པ་དོན་གྱི་རི་མོ་འགོད་དཀའ་བ་ཡིན། ཆེས་ཛ་དྲག་ཆེ་བའི་དུས་སྐབས་འདིར་ང་ཚོས་༧གོང་ས་མཆོག་གི་ནུས་ཤུགས་དཀྱིལ་སྙིང་ལ་གཞི་བཅོལ་ནས་རང་མི་རིགས་ཀྱི་གནད་དོན་ལ་ངེས་པ་དོན་གྱི་ཐག་གཅོད་ལེགས་པོ་རེ་ཨེ་ཐུབ་ལྟ་བ་ལས་༧གོང་ས་ཉི་མ་ཆེན་པ་མཆོག་ཤེས་ལ་མ་ཤེས་པ་ཙམ་གྱི་ངང་བགྲེས་ཡོལ་དུ་ཕེབས་བཅུག་པ་ཡིན་ན་འདི་ནི་ནམ་ཞིག་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཤོས་སུ་འགྱུར་རྒྱུ་ནི་བཤད་ཚོད་ཐུག་པ་ཞིག་རེད། འདས་པའི་དུས་རབས་ཀྱི་ནང་ཡང་ང་ཚོས་ལས་ཀ་འདི་འདྲ་མང་དུ་བརྩམས་མྱོང་ཡོད། འདི་ནི་ཕྲན་པའི་བསམ་ཚུལ་གྱི་ལྟེ་བ་ཡིན་ལ། འདི་དང་འབྲེལ་ནས་ཕྲན་པས་དེ་རིང་འདིར་བསྐྱར་དུ་རང་ཉིད་ཀྱི་བསམ་ཚུལ་འགའ་སྔར་ལས་ཁ་གསལ་བོ་དང་། ལོ་རྒྱུས་ཀྱི་རིན་ཐང་དང་འབྲེལ་ནས་༧གོང་ས་མཆོག་གི་རིན་ཐང་དང་བགྲེས་ཡོལ་གྱི་གནད་དོན་སྐོར་ཅུང་ཟད་གླེང་རྒྱུ་ཡིན།

དང་པོ། ༧གོང་ས་མཆོག་གིས་སྤོས་པའི་བོད་ཀྱི་གོམ་སྟོབས་ཆེན་པོ་འགའ།

༡། བཙན་བྱོལ་ནང་གི་བོད་གཞུང་།
བོད་གཞུང་དགའ་ལྡན་ཕོ་བྲང་ལ་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད། ང་དགུ་ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པས་བོད་གཞུང་དང་བོད་ཀྱི་མི་དམངས་རྣམས་རང་ཡུལ་བཞག་ནས་བྲོས་བྱོལ་དུ་ཡོང་དགོས་བྱུང་།
སྤྱིར་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་སྐྱབས་བཅོལ་བའི་གཞུང་ཞིག་ཡིན་མིན་༼གསལ་བཤད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ངོས་ནས་གཞུང་ཞིག་ལ་ཆ་རྐྱེན་གང་དག་ཚང་དགོས་མིན་དང་། བོད་གཞུང་འདི་ཐོག་མར་རྒྱལ་སྤྱིའི་ངོས་ནས་ཁྲིམས་མཐུན་གྱི་གཞུང་ལ་ངོས་འཛིན་མ་བྱས་པ་དང་། མ་འོངས་པར་ང་ཚོས་གང་འདྲ་བྱས་ཏེ་རྒྱལ་སྤྱིའི་ཁྲིམས་མཐུན་ཅན་དུ་ཤུགས་སྣོན་དགོས་མིན་སོགས་ཀྱི་ཐད་ནས་དྲ་གྲོགས་ཚོས་རྣམ་དཔྱོད་ལྡན་པའི་བགྲོ་གླེང་གནང་རྒྱུར་ཕྲན་པས་རེ་སྐུལ་ཡང་ཞུའོ།།༽གང་ལྟར་ཡང་། བོད་རང་ལ་མཚོན་ན་འདི་ནི་བོད་ཕྱི་ནང་གི་བོད་མི་ས་ཡ་དྲུག་པོའི་བློ་མིག་གཏོད་ས་ཡིན་ལ། རྒྱལ་སྤྱིའི་མིག་ནང་དུ་ཡང་རྡ་རམ་ས་ལ་དང་པེ་ཅིང་གཞུང་ཞེས་ཧ་ཅང་ཚད་མཐོ་བའི་གོ་གནས་ཐོབ་ཡོད། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་བཙན་བྱོལ་ནང་གི་བོད་གཞུང་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

༢། དམངས་གཙོའི་ལམ་ལུགས་གསར་བ།
བོད་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་ཐོག་མ། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་ཡིན་ལ། དེ་དུས་ཀྱི་དམངས་གཙོའི་མེ་སོན་ནི་བོད་སྡེ་བ་གཞུང་གི་སྐུ་དྲག་དང་བླ་ཆེན་ཆེ་ཆེ་དྲག་དྲག་པ་མང་པོ་ཞིག་གིས་གཟིམ་བཞག་པ་ཡིན།
དེ་རྗེས་ང་བཅུ་ང་གྲངས་ནང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་བའི་ཡང་བསྐྱར་བོད་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུའི་འཆར་བཀོད་ཡོད་ན་ཡང་། དེ་དུས་ཀྱི་དམངས་གཙོའི་མེ་སོན་ནི་རྒྱ་ནག་གུང་ཁྲན་ཏང་གིས་གཟིམ་བཞག་པ་རེད།
ད་ལྟའི་དམངས་གཙོའི་མགོ་བོ་ནི་དྲུག་ཅུ་རེ་གྲངས་ནང་འབུས་པ་ཡིན་ལ། དེ་དུས་ཀྱང་སྡེ་བ་གཞུང་གི་སྐུ་དྲག་རྙིང་པ་སྐོར་ཞིག་གིས་དམངས་གཙོའི་མེ་སོན་འདི་ཉིད་གཟིམ་ཐབས་ལ་འབད་བརྩོན་གནང་ཡོད་ཀྱང་། དེ་ནི་བྱ་བ་ལམ་དུ་མ་སོང་བར་མཐར་༧གོང་ས་མཆོག་གི་དགོངས་གཞི་ལ་རྒྱལ་ཁ་ཐོབ་ནས། བོད་དམངས་གཙོའི་ལམ་དུ་ཤར་བསྐྱོད་བྱས་པའི་ལེའུ་གསར་བ་ཞིག་གི་སྒོ་ཕྱེའོ།། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་དམངས་གཙོའི་ལམ་ལུགས་གསར་བ་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

༣། དབུ་མའི་ལམ་གྱི་ཐབས་ཇུས་རིགས་ལམ།
ང་བཅུའི་ནང་ཙམ་ནས། ༧གོང་ས་མཆོག་ལ་བོད་རྒྱའི་དཀའ་རྙོག་འདི་ཞི་བའི་ལམ་ནས་ཐག་གཅོད་བྱེད་རྒྱུའི་འདུན་པ་ཤུགས་དྲག་ཡོད་ཀྱང་། རྒྱ་ནག་གི་བྱེད་བབ་དང་བོད་མི་རྙིང་བ་འགའ་ཞིག་གི་འགོག་རྐྱེན་ལ་བརྟེན་ནས་ལས་དོན་འདིར་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད།
བདུན་ཅུ་དོན་གྲངས་ནས་དབུ་བརྙེས་པའི་ད་ལྟའི་དབུ་མའི་ལམ་འདི། ༧གོང་ས་མཆོག་གི་བྱམས་བརྩེའི་ཐུགས་བསྐྱེད་ལས་འཁྲུངས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལམ་བུ་ཡག་ཤོས་དེ་ཡིན་ལ། རྒྱལ་སྤྱིའི་གོམ་འགྲོས་དང་མཐུན་པ་ཞིག་ཀྱང་ཡིན་སྟབས། དབུ་མའི་ལམ་བུ་འདི་ཉིད་ལ་རྒྱལ་ཁབ་གཞན་མང་པོ་ཞིག་དང་འཛམ་གླིང་གི་མི་གྲངས་མང་པོ་ཞིག་གིས་རོགས་རམ་དང་དགའ་བསུ་བྱེད་ཀྱིན་ཡོད།
གལ་སྲིད་དབུ་མའི་ལམ་གྱི་ཐབས་ཇུས་འདི་དམག་སའི་མཚོན་ཆ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། ཕར་ཕྱོགས་དགྲ་བོའི་ངོས་ནས་བཤད་ན་ལམ་ལུགས་འདི་ཉིད་ཀྱིས་རང་ཕྱོགས་ལ་ནཱེ་ཁི་ལེ་འབོམ་ལྟ་བུའི་ནུས་པ་ཐོན་ཡོད་པར་འདོད་དོ།། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་དབུ་མའི་ལམ་གྱི་ཐབས་ཇུས་རིགས་ལམ་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

༤། ཆོལ་ཁ་དང་ཆོས་ལུགས་གཅིག་བསྒྲིལ་གྱི་འོད་སྣང་།
བོད་རང་ལ་ཆ་མཚོན་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་ནང་རྙོག་འདི་ཧ་ཅང་བློར་མི་ཤོང་བའི་ལོ་རྒྱུས་རང་བཞིན་གྱི་གོད་ཆག་ཆེན་པོ་ཞིག་རེད། བོད་པ་ནང་ཁུལ་ལ་ནང་རྙོག་འདིའི་ཕྱིར་དུ་མི་ཤི་རྟ་འགྱེད་ཀྱི་སྡེ་གཟར་དང་དམར་གསོད་མང་པོ་བྱུང་མྱོང་།
ང་དགུ་ལོར་ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ཡུལ་གཞན་དུ་སླེབས་ན་ཡང་། ནང་རྙོག་འདི་ཉིད་ཀྱི་མེ་དཔུང་ཡལ་རྒྱུ་ལྟ་ཞོག་ད་དུང་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཏེ། བོད་མི་ས་ཡ་དྲུག་གི་བདེ་དོན་མང་པོ་ཞིག་ལ་ནང་རྙོག་འདིས་ཁྲག་གི་ཐམ་ཀ་བཏབ་པ་མང་པོ་བྱུང་ཡོད། ད་ལྟའི་ཆར་མཚོན་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་ནང་རྙོག་འདི་རྩ་བ་ནས་བྲུས་ཚར་བར་སྨྲ་མི་སྤོབས་ཀྱང་། སྔོན་གྱི་དེ་ཉིད་དང་བསྡུར་ན་དབྱར་གཞུང་གི་ནམ་མཁའ་སྔོན་པོ་བཞིན་དྭངས་གསལ་དུ་སོང་ཡོད། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་ཆོལ་ཁ་དང་ཆོས་ལུགས་གཅིག་བསྒྲིལ་གྱི་འོད་སྣང་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

༥། ཤུགས་ལྡན་དམ་འགོག་གི་ཕྱག་ལེན་དངོས།
བོད་བཙན་བྱོལ་གཞུང་གི་གནས་བབ་དང་། རྒྱལ་སྤྱིའི་བོད་དོན་ཁྱབ་བསྒྲགས་ཀྱི་ཐད་ནས་བཤད་ན། ཤུགས་ལྡན་གྱི་ནང་རྙོག་འདི་ཆུང་ཆུང་ཞིག་གཏན་ནས་མིན། ནང་རྙོག་འདི་ཐོག་མའི་ཆོས་ལུགས་རྐྱང་པོའི་ངོ་བོ་ནས་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འདིར་ཐོན་པའི་བར་ལམ་ནས། ནང་རྙོག་འདིས་བོད་ཀྱི་བཀྲ་ཤིས་པའི་ལས་དོན་མང་པོ་ཞིག་ལ་བཀྲ་མི་ཤིས་པའི་སྒོ་ལྕགས་ཡང་ཡང་གཏད་མྱོང་།
མཚམས་རེ་ཆེས་མངོན་གསལ་དུ་ཡོད་ལ། མཚམས་རེ་ཆེས་མངོན་གསལ་དུ་མེད་པར་སྣང་བའི་ཤུགས་ལྡན་གྱི་གནད་དོན་འདི། བཙན་བྱོལ་གྱི་ལོ་ཟླའི་ནང་རྒྱུ་མཚན་གཏན་ནས་མེད་ཀྱང་གནོན་ཤུགས་ཆེས་ཐེག་པར་དཀའ་བའི་བོད་པ་ནང་ཁུལ་གྱི་ཆག་སྒོ་དེ་ཡིན། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་ཤུགས་ལྡན་དམ་འགོག་གི་ཕྱག་ལེན་དངོས་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

༦། རྒྱལ་སྤྱིའི་མིག་ནང་གི་བོད་ཀྱི་གཟུགས་རིས།
༧གོང་ས་མཆོག་བཙན་བྱོལ་ལ་མ་ཕེབས་སྔོན་གྱི་རྒྱལ་སྤྱིའི་མིག་ནང་གི་བོད་ཀྱི་གཟུགས་རིས་ནི་དེ་ཙམ་གསལ་བོ་དང་ཡག་པོ་གང་ཡང་མིན། དེ་དུས་ཀྱི་རྒྱལ་སྤྱིའི་མིག་ནང་གི་བོད་ཀྱི་གཟུགས་རིས་ནི། ནུབ་ཕྱོགས་པ་ཁག་གཅིག་གིས་བྲིས་པའི་བོད་བསྐྱོད་སྐོར་གྱི་ཉིན་ཐོ་ཙམ་དང་རྩོམ་ཡིག་ཕྱོགས་རེ་བ་ཁག་གཅིག་གཞི་ལ་བཞག་པ་ཙམ་མོ།།
ང་དགུ་ལོར་བོད་པ་མང་པོ་ཞིག་བཙན་བྱོལ་དུ་འབྱོར་བ་ནས། རྒྱལ་སྤྱིའི་མིག་ནང་གི་བོད་ཀྱི་གཟུགས་རིསཇེ་གསལ་ཇེ་གསལ་དང་མཐུས་སྒོ་ཇེ་ཚང་དུ་སོང་ནས། ད་ལྟ་རྒྱལ་སྤྱིའི་མིག་ནང་གི་བོད་ནི་ཆེས་སྙིང་རྗེ་བོ་དང་ཡིད་དུ་འོང་བ། བོད་པ་ཐམས་ཅད་༧གོང་ས་མཆོག་ལྟ་བུའི་བླ་མེད་ཀྱི་མི་བུ་རྐྱང་རྐྱང་ལ་ཆེ་ཕྱོགས་ནས་ངོས་འཛིན་བྱེད་བཞིན་ཡོད་དོ།། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་རྒྱལ་སྤྱིའི་མིག་ནང་གི་བོད་ཀྱི་གཟུགས་རིས་སྙིང་རྗེ་བོ་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

༧། བོད་གཞིས་བྱེས་གཉིས་ཀྱི་གསོན་ཤུགས་དང་ཚེ་སྲོག
ང་ཚོ་བོད་གཞིས་བྱེས་གཉིས་མི་རིགས་ཕན་ཚུན་ཁ་བྲལ་ནས་མི་ལོ་ལྔ་བཅུ་འགྲོ་བཞིན་ཡོད་ན་ཡང་། གཅིག་སེམས་གཅིག་ལ་གཅིག་ཐོག་གིས་ཡིད་ཆེས་དང་དམ་ཚིག་གཙང་སེང་ངེར་གནས་ཡོད། གཞིས་ལུས་པ་མང་པོ་ཞིག་གིས་བཙན་བྱོལ་ནང་གི་བོད་མི་སྤུན་ཟླ་དག་ལ་རང་གི་གཅེས་པའི་སྲོག་གིས་བློ་གཏད་བྱེད་པ་འདི་འགྲིག་མིན་གྱི་ཁ་ཚོན་གཅོད་དཀའ་ན་ཡང་། དོན་དངོས་འདིའི་ཐོག་ནས། ང་ཚོས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་བ་འདི་རང་དགར་ཙམ་ཞིག་མིན་པའི་གནས་ལུགས་དམར་དམར་རྗེན་རྗེན་དུ་རྙེད་ཐུབ་པ་ཡིན།
བོད་ཀྱི་གཏམ་དཔེ་ལྟར། མཚམས་མཚམས་སུ་མེ་བོད་ནང་ནས་བུས་ན་དུ་བ་བཙན་བྱོལ་ནས་འཕྱུར་གྱིན་ཡོད་ལ། ཡང་མཚམས་མཚམས་སུ་མེ་བཙན་བྱོལ་ནས་བུས་ན་དུ་བ་བོད་ནང་ནས་འཕྱུར་བཞིན་ཡོད། འདི་ནི་ཆེ་ཕྱོགས་ནས་བསམ་ན་ད་ལྟའི་བར་བོད་དོན་འདི་མ་ཤི་གསོན་གནས་སུ་ཡོད་པའི་རྒྱུ་མཚན་གཙོ་བོ་དེ་ཡང་ཡིན། ང་ཚོར་ངེས་དགོས་པ་ནི། གལ་སྲིད་༧གོང་ས་མཆོག་མེད་ཚེ་ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་མཐུན་འབྲེལ་གྱི་གསོན་ཤུགས་དང་ཚེ་སྲོག་འདི་ཡང་ཕལ་ཆེར་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ།

གཉིས་པ། བར་གྱི་འཚམས་སྦྱོར་བའི་གཏམ།

གོང་དུ་ཕྲན་པས་ལོ་རྒྱུས་དང་འབྲེལ་ནས། ༧གོང་ས་མཆོག་གིས་སྒང་བ་བོད་པ་ཚང་དུས་རབས་དང་མཐུན་ཞིང་། མི་ཚུགས་དང་ལྡན་པར་འཛུགས་བསྐྲུན་བླ་མེད་མཛད་ཚུལ་བཀོད་པ་དེ་ནི། བོད་པ་མང་པོ་ཞིག་ལ་དོན་དམ་གྱི་༧གོང་ས་མཆོག་ངོ་འཕྲོད་ཆེད་དང་། ཁ་སང་དེ་རིང་གི་བོད་ཀྱི་ངོ་གདོང་གཙང་མ་འདི་ཅི་ནས་ཀྱང་༧གོང་ས་མཆོག་གི་སྐུ་ངལ་འབད་བརྩོན་ཉག་གཅིག་ལ་ཁེན་ནས་བྱུང་བ་དང་། མ་འོངས་པའི་བོད་ཀྱི་ངོ་གདོང་གཙང་ཉེས་སོགས་ཀྱང་ཐད་ཀར་དུ་ཆེ་ས་ནས་༧གོང་ས་མཆོག་ཡོད་དང་མེད་དང་། ཆུང་ས་ནས་ཆེས་ཛ་དྲག་གི་སྐབས་འདིར་༧གོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་བཞུགས་མིན་གྱི་གནད་དོན་འདི་དང་རག་ལས་པ་གསལ་བར་འདོན་པའི་ཆེད་དུ་ཡིན།
ཞོར་ལ། བོད་རང་ལ་མཚོན་ན། ༧གོང་ས་མཆོག་མེད་ཚེ་རང་མགོ་རང་གིས་ཐོན་པའི་ནུས་པ་དང་། ནང་ཁུལ་ཕན་ཚུན་འཆམ་མཐུན་གྱི་གསོན་ཤུགས། དུས་རབས་དང་རྒྱལ་སྤྱིའི་ནང་བོད་ཀྱི་གོམ་པ་སྤོ་ཤུགས་བྲལ་བའི་རིགས་ལགས་ཏེ། གནས་ལུགས་འདི་དག་དང་བསྡོངས་ནས། ང་ཚོས་༧གོང་ས་མཆོག་མེད་ན། བོད་ལ་རེ་བ་དེ་ཙམ་མེད་པའི་ཕྱོགས་དེ་ཡོངས་སུ་གསལ་ལེ་མཐོང་ཐུབ་པར་ཕྲན་པས་འབད་བརྩོན་དང་རེ་བ་བྱེད་ཀྱིན་ཡོད་ཀྱང་། ལོ་རྒྱུས་ལ་ལྟ་ཚུལ་མི་གཅིག་མཁན་དང་། ཕྲག་དོག་ཁྲག་གིས་མྱོས་པའི་ཧམ་པ་ཨུ་ཚུགས་ཅན་དང་། ལྕི་བ་ལ་ཐུག་ན་ལྕི་འབུ་དང་སྐྱག་པ་ལ་ཐུག་ན་སྐྱག་འབུ་ཡིན་མཁན་ཁྲམ་པའི་རིགས་ཀྱི་བསམ་བློའི་ཐག་གཅོད་ཀྱི་ལོག་རྟོགས་ནི་འདི་ཙམ་གྱིས་ལྡོག་ཐུབ་པའི་བློ་གདེང་ནི་ཕྲན་པར་ཡང་མེད་དོ།།

གསུམ་པ། བོད་ཀྱི་མ་འོངས་པ་དང་༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་དངོས།

སྤྱིར་བགྲེས་ཡོལ་ཐད་ཀྱི་ཕྲན་པའི་བསམ་ཚུལ་དང་འདོད་ཕྱོགས་ནི། རང་རྩོམ་སྔོན་མ་༼ ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོ། ༽དེ་དང་རྩོམ་ཡིག་འདིའི་བར་གྱི་འཚམས་སྦྱོར་བའི་གཏམ་ཟེར་བའི་ཚན་པའི་ནང་དུ་གསལ་བོ་བཀོད་ཡོད།
ཆེ་ཕྱོགས་ནས་བཤད་ན། ཕྲན་པའི་རྩོམ་ཡིག་སྔ་ཕྱི་གཉིས་དེ་ལོ་རྒྱུས་ཀྱི་བྱུང་བའི་ངོས་ནས་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་མི་རིགས་པ་དང་། ༧གོང་ས་མཆོག་ནི་བོད་ཀྱི་བླ་སྲོག་དངོས་ཡིན་པའི་ལྟ་སྟངས་ཀྱི་ངོས་ནས་ཤུགས་ཆེར་གླེང་ཡོད་པ་ཞིག་ཡིན། ཡིན་ནའང་། གནད་དོན་ཞིག་ཐག་གཅོད་བྱེད་པར་ཕྱོགས་དང་ངོས་མང་པོ་དང་། མདུན་དང་རྒྱབ་སོགས་ཕྱོགས་ཡོངས་ནས་བསམ་གཞིག་ནན་ཏུར་གྱིས་དབྱེ་ཞིབ་གསལ་འདོན་དགོས་པར་བརྟེན། གཤམ་དུ་ཕྲན་པས་དུས་བབ་ཚགས་པར་སྟེང་གི་བཀའ་ཤག་གི་གསུང་བཤད་ཅིག་སྟེ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ད་ལྟའི་བཙན་བྱོལ་བོད་གཞུང་གི་གནས་བབ་དགོས་དམིགས་དང་། རྒྱལ་སྤྱིའི་གནས་བབ་ཐད་ནས་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། ང་ཚོ་ལ་ཁ་ཡོད་ལག་ཡོད་དང་མ་འོངས་པའི་ནང་དཀའ་ངལ་གང་ཡོད་སྐོར་ཁ་གསལ་དོན་འདུས་སུ་གསུངས་འདུག་པ། རྩོམ་མཇུག་འདིར་བཤུ་འགོད་བྱེད་པ་འདིས་ཀྱང་ཕྲན་པའི་བསམ་ཚུལ་ལ་རྒྱབ་དཔུང་དང་མི་མང་པོ་ཞིག་ལ་བློ་བསྐྱེད་འབྱུང་བའི་རེ་སྨོན་ཞུའོ།།
དེ་ཡང་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས༥༡༠ཤོག་ངོས༤བར། དང་པོ། རྒྱལ་སྤྱིའི་ནང་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྲུང་ཐག་དེ་༧གོང་ས་མཆོག་གིས་བཟུང་ཡོད་པས། ༧གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ལས་ཟུར་བཞུགས་མཛད་པ་ཡིན་ན། རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་ཐབས་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་བ་དང་། གཟུགས་བརྙན་གསར་བ་བསྐྲུན་པའི་ནུས་པ་ང་ཚོ་ལ་ཡོད་མེད། གལ་སྲིད། ཡོད་ན་གཟུགས་བརྙན་གསར་བ་བསྐྲུན་པར་དུས་ཚོད་ག་ཚོད་འགོར་མིན།
གཉིས་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་༧གོང་ས་ལྔ་པ་ཆེན་པོའི་ཕྱག་བཏབ་པའི་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་ཡིན་པ་དང་། བོད་མི་རིགས་ཀྱི་ངོ་ཚབ་མཚོན་ནུས་པའི་༧གོང་ས་མཆོག་གིས་དབུ་ཁྲིད་ཡོད་པ་དེ་གཉིས་ལ་བརྟེན་ནས་བོད་མིའི་ཆེ་མཐོང་གི་མགྲིན་ཚབ་ལ་ངོས་ལེན་བྱེད་ཀྱིན་ཡོད། ༧གོང་ས་མཆོག་ཟུར་བཞུགས་གནང་བ་ཡིན་ན་ངོས་འཛིན་དེ་ཐོབ་ཐུབ་མིན།
གསུམ་པ། བཙན་བྱོལ་སྒྲིག་འཛུགས་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁྲིམས་མཐུན་ཡོང་བའི་གཞི་རྩ་དེ་ཡང་༧གོང་ས་མཆོག་གི་དབུ་ཁྲིད་ལ་ཐུག་བསྡད་ཡོད་པས། དེ་མེད་པ་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་མཐུན་འབྱུང་ཁུངས་དེ་གནས་སྟངས་ག་འདྲ་ཆགས་མིན།
བཞི་པ། རྒྱལ་སྤྱིའི་ནང་གི་གཞུང་ཁག་དང་བོད་དོན་རྒྱལ་སྐྱོར་ཚོགས་པ་ཁག་གིས་མཚོན་པའི་མང་ཚོགས་ཀྱི་ངོས་ནས་བཙན་བྱོལ་སྒྲིག་འཛུགས་ངོས་ལེན་དང་འབྲེལ་བ་གནང་ཕྱོགས་དེ་སྔར་བཞིན་གནས་ཐུབ་མིན་དང་། མ་གནས་པ་ཡིན་ན། གནས་ཚུལ་གསར་བ་དང་ལམ་ཁ་གསར་བ་ག་འདྲ་ཞིག་ཆགས་མིན། བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཡོངས་རྫོགས་ད་ལྟའི་བར་༧གོང་ས་མཆོག་གི་མཚན་ཐོག་ནས་འགྲོ་བཞིན་པ་དེ་མུ་མཐུད་གནས་ཐུབ་མིན།
ལྔ་པ། རྒྱ་གར་མང་ཚོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཚོའི་ལངས་ཕྱོགས་དང་ཆིག་སྒྲིལ་གྱི་ནུས་པ་ག་འདྲ་ཆགས་མིན།
དྲུག་པ། གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་དང་མང་ཚོགས་ཀྱི་ཆིག་སྒྲིལ། གཞིས་བཞུགས་བོད་མི་ཚོས་སྲོག་ལ་བརྟེན་ནས་རྒྱ་གར་ནང་བསླེབས་ཐབས་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ལ་འབྲེལ་ལམ་བཞག་པ་བཅས་ནི། ༧གོང་ས་མཆོག་གི་དབུ་ཁྲིད་ལ་བརྟེན་ནས་གནང་གི་ཡོད་སྟབས། འབྱུང་འགྱུར་ག་འདྲ་ཞིག་ཆགས་མིན།
ད་ལྟ་རྒྱལ་སྤྱིའི་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ཁང༡༤ཙམ་ཡོད་པ་དེ་དག ༧གོང་ས་མཆོག་གི་མཚན་ཐོག་ནས་ལས་དོན་གནང་བཞིན་པའི་རྒྱལ་སྤྱིའི་གནས་བབ་དེ་མ་འོངས་པར་ག་འདྲ་ཞིག་ཆགས་མིན་བཅས་དང་། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ནང་ཁུལ་དུ་རང་དོན་བློས་གཏོང་བྱས་ཏེ་སྲིད་ཞུ་བསྒྲུབ་མཁན་མི་ཉུང་བ་ཞིག་གིས་༧གོང་ས་མཆོག་གི་ཞལ་རས་ཁོ་ན་སྒོམ་ནས་ཞབས་འདེགས་སྒྲུབ་བཞིན་ཡོད་པར་བརྟེན། དེ་ཚོ་ཚང་མ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཆགས་
ཡོད། ཅེས་གསུངས་པ་དངོས་ཡོད་གནས་ཚུལ་དང་མཐུན་པའི་གཏམ་མོ།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 9

  1. ལྷ་ཐོག་ཟླ་ཞུན། says:
    ལོ་ 15 སྔོན།

    བདེ་སྒྲོན་ལགས། རེ་བ་ནི་སྟོང་པ་རེད། སྐད་ཆ་ནི་སྐབས་དོན་བོར་བའི་གཏམ་ཉོགས་རེད། ད་ཐེངས་གླེང་དགོས་པ་ནི་༸གོང་ས་མཆོག་གི་རིན་ཐང་དེ་མ་ཡིན་པར། ཁོང་མི་བཞུགས་པའི་ཉི་མར་ངེད་ཅག་གི་དབུགས་རྔ་དེ་ཇི་ལྟར་བསྲིང་དགོས་པ་སྟེ། མི་རིགས་འདིའི་མདུན་ལྗོངས་ཡིན། གང་གི་ཕྱིར་ཞེ་ན། སྔ་མ་ནི་གྲུབ་ཟིན་བསྒྲུབས་པ་ཙམ་དང་། ཕྱི་མ་ནི་དུས་ལ་བབ་པས་སོ།།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    མི་མང་པོ་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་༧གོང་ས་མཆོག་གི་རིན་ཐང་དངོས་དེ་ཕྱོགས་མང་པོ་ཞིག་ནས་ངོས་ཟིན་གྱི་མེད་པའི་ཚོར་སྣང་བྱུང་། དེ་ནི་སྐུ་ཉིད་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མེད་ཀྱི་རང་རྟགས་ཙམ་ལས་གཞན་གྱི་གཉེན་ཁ་ནི་མ་ཡིན། ལྷག་པར་ཁྱོད་ཀྱི་བསམ་ཚུལ་ལ་བལྟས་ན་ཁྱོད་ནི་སྐྱབས་ཁོ་ན་བརྟེན་ནས་འཚོ་བ་ཞིག་ཡིན་སྟབས་དོན་དམ་གྱི་གཉེན་ཁ་ནི་ཁྱོད་ལ་བདོག

    Reply
  3. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ཆེད་རྩོམ་ཡག་པོ་འདི་རིགས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་སོགས་ནས་རྒྱང་སྒྲོག་བྱེད་དགོས་ཀྱང་། ཁོང་ཚོའི་ཆེད་རྩོམ་གྱེར་འདོར་མང་ཤོས་རྒྱ་རྩོམ་མིན་ན་དབྱིན་རྩོམ་རེད། འདི་ལ་རེ་བ་རེ་འདོན་ཐུབ་ན་ལེགས།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    འདྲ་ས་མི་འདུག མིང་བཏགས་ཚོར་སྐད་ཆ་དྲིས་ན་འདི་འདྲ་ཞིག་བཤད་རྒྱུ་ཡོད་མེད་ཀྱང་ཐེ་ཚོམ་རེད། ཕྱོགས་ཚང་མ་ཀླད་པར་འཁོར་འདུག་པས། དེས་དགའ་བྱུང་།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བདེ་སྒྲོལ་ལགས་གུས་པས་དྲི་བ་ཐུང་ཐུང་ཞིག་འགོད་ཉན་སྤྲོ་སོང།

    (1)བོད་གཞིས་བྱས་གཞིས་གཉིས་ཀྱིས་གཙོས་པའི་བོད་མི་རིགས་ལ་ཤ་ཚ་སྙིང་ཉེ་ཡོད་ཚད་ཀྱིས་སེམས་ནང་ལ་༧གོང་ས་མཆོག་གིས་སྒྲེས་ཡོལ་ཞེས་པའི་གསུང་དེ་ཐོས་པ་ཙམ་གྱིས་སེམས་ཚོར་ག་འདྲ་ཞིག་ཡོད་དམ?

    (2) ཡིན་ན་ཡང་གོང་ས་མཆོག་གི་གསུངས་པའི་དགོང་གཞིར་བོད་མི་རིགས་འདི་བློས་བཏང་གི་རྒྱུར་བཞག་ནས་གསུང་པ་ཞིག་རེད་དམ་ཡང་ན་ཁྱེད་ཀྱི་གསུང་པ་དེ་ཚོ་མ་མཁྱེན་པས་རེད?

    (3) ཉེན་ཁ་འདི་ཚོ་མ་འོངས་པ་ན་བོད་མི་ཡོངས་ལ་འོང་བའི་དུས་ཤིག་ཤར་རྒྱུ་ཡོད་དམ་མེད་ཡོད་ན་ད་ལྟ་ནས་གྲ་སྒྲིགས་མི་བྱེད་པར་སྡོད་དགོས་སམ་མི་དགོས?

    (4) ༧གོང་ས་མཆོག་གི་བོད་མི་རིགས་འདི་ལ་ཕུག་རྒྱང་རིང་པོའི་ཕན་ཐོག་ཆེན་པོ་ཡིན་ཚུལ་གསུང་པ་དེ་གོང་ས་མཆོག་གི་རྒྱབ་ལྗོངས་སུ་ད་དུང་ཨུ་ཚུག་བྱས་ནས་དེ་སྔ་མུ་བཞིན་བཞུགས་པར་གསོལ་བ་བཏབ་ན་ཕན་ཐོག་ཆེན་པོ་ཡོད་པའི་ཇུས་གཞི་ཡིག་ཡོད་དམ་མེད?

    (5) གོང་བཤད་བཀའ་ཤག་གི་རྒྱབ་གནོན་བཞིན་གཞིས་བྱས་གཉིས་ཀྱི་བོད་མི་ཡོངས་ལ་དཀའ་ངལ་དེ་ཚོ་གལ་སྲིད་འཕྲད་ཡོང་ན་གོང་ས་མཆོག་བཞུགས་པའི་རིང་དེ་ཚོ་ལ་ལམ་སྟོན་ཙམ་ཡང་མེད་པར་རང་གར་བ་ཁ་ཁུ་སིམ་པོ་ཇི་མི་སྙོམས་པ་ཞིག་བཞུགས་པར་སེམས་སམ?
    ཁྱེད་རང་བོད་སྤྱི་ཡོངས་ལ་སེམས་ཁུར་དང་བརྩེ་སེམས་ཟབ་མོ་འཆང་བས་བསམ་འཆར་འདོན་པ་ལ་ངོས་རང་ནས་རྗེས་སུ་ཡི་རང་ཡོད། བསྟན་པ་ཉམས་ཀྱི་དོགས་པ་ལ། །སེམས་ཁུར་ཙམ་ཡང་འབྱུང་བར་ཤོག་ཞེས་པར་འདུག་པས་ཐུགས་རྗེ་ཆེ། ཁྱེད་རང་བོད་ཀྱི་བུད་མེད་ལ་རིན་ཐང་ཡོད་པ་ཞིག་འདུག་པར་སེམས་སོང། དེ་ལྟར་བསམ་འཆར་གང་མང་བཏོན་གནང་ཡོང་བའི་རེ་བ་ཡོད།

    Reply
  6. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    སྲས་བདེ་ཆེན་སྒྲོལ་མ་ལགས་ཀྱི་ཆེད་རྩོམ་དེ་ཉིན་ཤས་རིང་སྒུག་པ་ཡིན།
    གྲ་རྒྱས་པོ་བྲིས་འདུག

    Reply
  7. donglokyima says:
    ལོ་ 15 སྔོན།

    མང་གཙོའི་མེ་སོན་བླ་ཆེན་དང་སྐུ་དྲག་གིས་གཟིམ་བཞག་པ་ གུང་ཁྲན་ཏང་གིས་གཟིམ་བཞག་པ། ཟེར་བ་དེ་ཚོ་ཟིན་པ་ཞེས་བཅོས་ན་ཇི་འདྲ་རེད།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གནས་ལུགས་འདུག

    ཕྱོགས་གཞན་ལ་ཡང་རྒྱུ་མཚན་ཡོད་པ་རེད་་་འོན་ཀྱང་མ་འོང་བར་བལྟ་རྒྱུ་ཞིག་རེད

    གང་ལྟར་ང་སྐྲག་ནི་ཞིག་རེད

    Reply
  9. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    བདེ་ཆེན་སྒྲོལ་མ་ལགས།ཁྱོད་རང་གིས་བཤད་པའི་སྐད་ཆ་ལ་ངས་ངོས་ལས་མེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese