མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་དབྱུག་རྩེད་སྤོ་ལོ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཤ་ཀླན་འཇམ་དབྱངས་གྲགས་པ།  

སྔོན་ཆད་དབྱིན་ཇིའི་མངའ་འོག་ཏུ་བསྡད་མྱོང་མཁན་རྒྱལ་ཁབ་སྤྱི་དང་། ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་འགའི་ཉིན་མོའི་ཟས་དང་མཚན་མོའི་རྨི་ལམ་དུ་གྱུར་ཡོད་པའི་དབྱུག་རྩེད་སྤོ་ལོ་འདི་ཐོག་མ་ག་དུས་དར་བ་དང་། རྒྱལ་ཁབ་གང་ནས་རྣམ་པ་ཇི་ལྟར་དར་བའི་ཚུལ་ཁ་གསལ་ཁུངས་དག་ཅིག་ཞུ་དཀའ་ཡང་། ཚོད་དཔག་བྱས་ན། དབྱིན་ཇིའི་རྒྱལ་ཁབ་ཀྱིས་གསར་གཏོད་བྱས་ཏེ་རང་གི་མངའ་འོག་གི་རྒྱལ་ཁབ་ཁག་ནང་དར་ཁྱབ་ཏུ་བཏང་སྟེ། རིམ་བཞིན་རྒྱལ་སྤྱི་ཅན་དུ་གྱུར་བ་ཞིག་ཡིན་པར་སྙམ། དཔེར་ན། ཨ་ཧྥི་རི་ཁ་ལྷོ་མ་དང་ཝེས་ཊ་ཨིན་ཌས། པ་ཀི་སི་ཐན། རྒྱལ་གར། སེང་གྷ་ལ། བྷང་གྷ་ལ། ཨོ་སུ་ཊོ་ལེ་ཡ། དབྱིན་ཡུལ་བཅས་དབྱུག་རྩེད་སྤོ་ལོ་དར་ཁྱབ་ཆེ་བའི་རྒྱལ་ཁབ་འདི་དག་ཡོངས་རྫོགས་དབྱིན་ཇིའི་འོག་བསྡད་མྱོང་བ་ཤ་སྟག་རེད།

རྩེད་མོ་གཞན་དག་ལྟར་དབྱུག་རྩེད་སྤོ་ལོ་འདི་ཡང་ཐོག་མར་བྱིས་པའི་རྩེད་མོ་ནས་རིམ་བཞིན་དར་མའི་རྩེད་མོའི་ངོ་བོར་འཕེལ་བ་ཞིག་ཏུ་ཡིད་ཆེས་བྱེད་ཀྱིན་ཡོད། བྱིས་པའི་རྩེད་མོ་ནས་དར་མའི་རྩེད་མོའི་བར་ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་ཡོད་པ་བྱ་དངོས་སྤྱིའི་འཕེལ་གྱུར་གྱི་ཆོས་ཉིད་ཅིག་ཏུ་གྲུབ་ལ། སྤྱི་ལོ་བརྒྱ་ཕྲག་བཅུ་དྲུག་དང་བཅུ་བདུན་ནས་རིམ་བཞིན་དར་མའི་རྩེད་མོར་གྱུར་བ་དང་། དེ་ནས་རིམ་པས་རྒྱལ་སྤྱི་ཅན་དུ་འགྱུར་མགོ་ཚུགས་ཏེ།  སྤྱི་ལོ་ ༡༨༤༤ ལ་རྒྱལ་སྤྱིའི་རྩེད་འགྲན་ཐེངས་དང་པོ་དེ་དངོས་སུ་རྩེས་ཡོད། རྩེད་མོ་འདི་ཡང་ཀྱག་ཀྱོག་གི་དཀའ་ངལ་དང་ཕྱི་ནང་གི་བར་ཆད་མང་པོ་ཞིག་བརྒྱུད་མྱོང་བ་ལོ་རྒྱུས་སུ་གསལ་ཞིང་། དེའང་གཙོ་བོ་ལུང་པ་ཆུང་ཆུང་ཕར་ཚུར་དམག་རྒྱག་པའི་སྐབས་དང་། ལྷག་པར་དུ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་རྩེད་མོ་འདི་ཡང་རེ་ཞིག་ཆད་ཡོད། དམག་ཆེན་གཉིས་པའི་རྗེས་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་ཐོབ་སྟེ། རྒྱལ་ཁབ་ཀྱི་རྒྱལ་མཚམས་དང་མི་རིགས་ཀྱི་དབྱེ་མཚམས་སོ་སོར་ཕྱེས་ཏེ། འཛམ་གླིང་ཡོངས་ཅུང་ཞི་བདེ་ཡི་རྣམ་པར་གནས་བ་དང་ལྷན་དུ་རྩེད་མོ་འདི་ཡང་བསྐྱར་དུ་གསོན་ཤུགས་རྒྱས་མགོ་ཚུགས་ཡོད།

 

སྤྱིར་འཛམ་གླིང་ཡོངས་སུ་རྩེད་མོ་འདིར་དགའ་མོས་བྱེད་མཁན་བགྲང་གིས་མི་ལང་པ་ཡོད་ཀྱང་། རྒྱ་གར་མི་དམངས་ལྟ་བའི་དགའ་མོས་ཆེན་པོ་ཡོད་མཁན་ཞིག་རྒྱལ་ཁབ་གཞན་སུ་གང་ལའང་མེད་པར་གྲགས། མཁས་པ་འགའ་ཞིག་གིས་རྒྱ་གར་གྱི་འཕེལ་རྒྱས་ལ་བཀག་རྡོ་གསུམ་ཡོད་པར་བརྗོད་ལ། དེ་དག་ནི་དབྱུག་རྩེད་སྤོ་ལོ་དང་གློག་བརྙན། ཆང་ས་བཅས་ཡིན་སྐོར་རྩེ་མཚར་གྱིས་བཤད། དོན་ལའང་དེ་འདྲ་ཞིག་སྟེ། ལས་རིགས་སོ་སོའི་ལས་བྱེད་ཚོས་དབྱུག་རྩེད་སྤོ་ལོ་ལ་དགའ་དྲགས་པའི་དབང་གིས་ལས་དོན་གང་མང་ཞིག་འཐུས་ཤོར་དུ་གཏོང་གི་ཡོད་ལ། གློག་བརྙན་ལ་དགའ་དྲགས་པའི་རྐྱེན་གྱིས་གློག་བརྙན་འཁྲབ་སྟོན་པ་ཚོ་ཕྱུག་པོར་གྱུར་ཅིང་། རྒྱ་གར་མི་མང་རྒུད་པ་ནས་རྒུད་པའི་མཐའ་རུ་སྙེག་གིན་ཡོད། ཆང་ས་ལ་ཚད་ལས་བརྒལ་བའི་འགྲོ་སོང་བཏང་བའི་དབང་གིས་ལོ་ངོ་མང་པོར་ཁྲག་གསོག་རྣག་གསོག་བྱས་པའི་རྒྱུ་དངོས་ཡོད་ཚད་སྡེབ་གཅིག་ལ་གཉེན་སྒྲིག་གི་བྱེད་སྒོར་བཏང་སྟེ། ཕྱིར་ཉིན་ནས་བཟུང་བཟའ་མི་ཚང་མའི་ཁ་ལ་ཟས་མ་རག་ཅིང་། རྒྱབ་ལ་གོས་མ་འདང་བའི་དཀའ་ངལ་མྱོང་བཞིན་ཡོད་པའང་ཉུང་ཉུང་མིན། 

ལོ་འདི་འགར་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་མི་སྣ་སྟེ་ཚོང་པ་དང་གཞུང་གི་དཔོན་རིགས། གློག་བརྙན་འཁྲབ་སྟོན་པ་བཅས་ཀྱིས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་མཚན་མཐོང་མཐོ་སར་འཇོག་མཁན་གྱི་རྩེད་མོ་བ་ཚོ་བེད་སྤྱོད་ཀྱིས་(IPL)ཞེས་རྒྱལ་ནང་དུ་རུ་ཁག་བགོས་ཏེ། རྩེད་མོ་འདི་རྩེ་མགོ་ཚུགས་ཡོད་ལ། ད་བར་ཐེངས་གཉིས་རྩེས་ཚར་བ་དང་། འདི་ལོའི་རྩེད་མོ་མགོ་ཚུགས་ཚར་ཙམ་རེད། རྩེད་མོ་སྔ་ཕྱིའི་རྒྱུད་རིམ་ཁྲོད་རྒྱལ་ཁབ་འགྱེལ་ས་ནས་ལངས་མི་འཇུག་པའི་ལྐོག་ཟ་རུལ་སུངས་ཀྱི་ནད་རྙིང་བསྐྱར་དུ་འཕར་ཏེ། མི་མང་གི་རྔུལ་ཁྲག་ལས་གྲུབ་པའི་དངུལ་སྒོར་དག་རིམ་པ་མཐོ་བའི་མི་འདི་དག་གི་ཨམ་ཕྲག་ཏུ་ལྡུག་བཞིན་ཡོད།  

དེ་ལས་ཀྱང་གནོད་ཚབས་ཆེ་བ་ཞིག་ནི་དབྱུག་རྩེད་སྤོ་ལོ་རྩེད་མཁན་ཚོར་གཞུང་ཕྱོགས་ནས་མཐུན་འགྱུར་སྤྲོད་རྒྱུ་མང་དྲགས་པའི་དབང་གིས། རྩེད་མོ་བ་གཞན་དག་སྟེ། ཨོལ་རྩལ་འགྲན་ཚོགས་སུ་ཞུགས་ཏེ་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་ལ་བསྒྲགས་ཐུབ་མཁན་ཚོར་འདང་ངེས་ཀྱི་མཐུན་འགྱུར་རག་གི་མེད་ལ། ད་བར་རྒྱལ་ཁབ་སྟོབས་ཆེན་འདིས་གསེར་གྱི་རྟགས་མ་གསུམ་བཞི་ཞིག་ལས་ལེན་མྱོང་མེད། དེ་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཨང་གཉིས་པར་བསླེབས་ཡོད་པའི་རྒྱ་གར་རྒྱལ་ཁབ་འདིའི་ཆེས་ཆེ་བའི་ངོ་ཚ་ཞིག་དང་། གསབ་ཏུ་མེད་པའི་འཐུས་ཤོར་ཆེན་པོ་ཞིག་ཅི་ལ་མིན། འོན་ཀྱང་། རྩེད་མོ་འདིས་རྒྱ་གར་ལ་གྱོང་རྐྱང་རྐྱང་བསྐྱལ་འོང་པ་ཞིག་ཀྱང་མིན་ཏེ། ༡༩༨༣ ལོར་རྒྱལ་སྤྱིའི་འགྲན་བསྡུར་ལས་མཐའ་མའི་རྒྱལ་ཁ་ཐོབ་སྟེ། རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་ལ་བསྒྲགས་ཡོད་ལ། ལྷག་པར་དུ་འདི་ལོར་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་ཐེངས་གསུམ་ཙམ་རྒྱལ་ཁ་བླངས་མྱོང་མཁན་ཨོ་སུ་ཊོ་ལི་ཡ་ཕམ་པར་བརྒྱབ་ཅིང་། ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་སེང་གྷ་ལ་སོགས་ལས་ཀྱང་རྣམ་པར་རྒྱལ་ཏེ། མཐའ་མའི་འགྲན་བསྡུར་ཁྲོད་ཨང་དང་པོའི་རྒྱལ་ཁ་བླངས་ཏེ། རྒྱལ་ཁབ་ཀྱི་སྙན་པའི་གྲགས་པ་སྲིད་རྩེར་བསྒྲེངས་ཡོད།

 

དབྱུག་རྩེད་སྤོ་ལོ་ཆོས་ལུགས་སུ་བརྩི་ཞིང་རྩེད་མོ་བ་ཚོ་ལྷ་རུ་སྒོམ་པའི་རྒྱལ་ཁབ་འདིའི་ནང་སྲིད་དོན་གྱི་སྐྱབས་བཅོལ་དུ་སྡོད་མཁན་ང་ཚོ་བོད་མི་རིགས་ལ་མཚོན་ཡང་། གནའ་སྔ་མོ་རྩེད་མོ་འདིར་དགའ་མོས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ད་ཆར་ཚད་ལས་བརྒལ་བའི་དང་དོད་བྱེད་བཞིན་ཡོད། སྐྱ་སེར་རིས་མེད་དང་། རྒན་གཞོན་ཁྱད་མེད་ཀྱིས་རྩེད་ཐུབ་མཁན་ཚོ་ཐང་ལ་བུད་དེ་རྩེ་བ་དང་། རྩེ་མི་ཐུབ་མཁན་ཚོས་བརྙན་འཕྲིན་གྱི་ཤེལ་ཡོལ་ངོས་ལ་ཅེར་ནས་ཉིན་འགྱང་མཚན་འཕུད་བྱེད་མཁན་ཇེ་མང་རེད། དེ་སྔ་བོད་པ་ཚོའི་དགའ་ཁ་འཁྱེར་ཕྱོགས་དེ་རྐང་རྩེད་སྤོ་ལོ་དང་བསྡུར་ན། དབྱུག་རྩེད་སྤོ་ལོ་ལ་དེ་ཙམ་དོ་སྣང་མི་བྱེད་ཀྱང་།  ལོ་འདི་འགར་དབྱིངས་གསར་པ་འཕར་བཞིན་ཡོད་པ་དང་། ན་ནིང་ས་ཆ་ག་གེ་མོ་ཞིག་ཏུ་འགྲན་བསྡུར་ཞིག་མགོ་འཛུགས་བྱས་ཡོད་རབས་ཀྱང་ཐོས་བས། ད་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཡང་དབྱུག་རྩེད་སྤོ་ལོའི་བསྟན་པ་ས་དར་རྡོ་དར་དུ་འགྲོ་རྒྱུ་གདོན་མི་ཟའོ།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 4

  1. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    རེད། རེད། མི་ཚང་མའི་མཛེས་དཔྱོད་ལྟ་ཚུལ་མི་གཅིག་པས་ངས་སྡེབ་སྦྱོར་མཛེས་པོར་མཐོང་བ་ཞིག་ཁྱེད་ཀྱིས་མི་མཛེས་པར་མཐོང་སྲིད་ལ། ཁྱེད་ཀྱིས་སྙིང་དུ་སྡུག་པར་མཐོང་བ་ཞིག་ངས་སྐྱུགས་མེར་ལངས་པར་མཐོང་སྲིད། ཡིན་ཡང་བོད་ཀྱི་དུས་བབ་ནི་ཁྱེད་ཀྱི་དུས་བབ་རེད་ཅེས་པའི་ལྟ་བར་གཞི་བཟུང་ན་གོང་གི་ཞུ་དག་དེ་ཚོ་ས་མཚམས་ལས་བརྒལ་འདུག
    ཡིག་ནོར་དང་སྡེབ་ནོར་དག་བཅོས་བྱས་པ་ལས་འདས་ཏེ་ངས་བཤད་པ་མང་པོ་ཞིག་སྦས་སྐུངས་བྱས་ཤིང་ངས་མ་བཤད་པ་མང་པོ་ཞིག་ཁ་སྣོན་བྱས་འདུག དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ་བྱེད་མེད་ལས་ཚིག་འགའ་བྱེད་འབྲེལ་ལས་ཚིག་ཏུ་བསྒྱུར་ཞིང་། གནད་དོན་མེད་སར་ཞིབ་འགྲེལ་བྱེད་པ་དེ་རེད། དཔེར་ན། སྲིད་དོན་གྱི་སྐྱབས་བཅོལ་དུ་སྡོད་མཁན་ང་ཚོ་ཞེས་བོད་པ་ཚོ་ཚོང་དོན་དང་ཆོས་ལུགས་ཀྱི་སྐྱབས་བཅོལ་བ་མ་ཡིན་པར་སྒྲུབ་ཁུལ་ཡིན་ཡང་བོད་པ་ཚོ་སྲིད་དོན་གྱི་སྐྱབས་བཅོལ་བ་ཡིན་མིན་ཐད་སུ་ལ་དོགས་པ་ཡོད།
    ཡང་དགོད་བྲོ་བ་ཞིག་ལ་རྒྱ་གར་རྒྱལ་ཁབ་སྟོབས་ཆེན་རྒྱལ་ཁབ་ཡིན་པའི་སྒྲུབ་བྱེད་དུ་མི་འབོར་མང་ཤོས་ཨང་གཉིས་པ་ཡིན་པའི་ཞེས་བཤད་འདུག དེ་རྒྱུ་མཚན་ཡང་དག་ཡིན་ན། ལོ་ཤས་སྒུགས་དང་རྒྱུ་གར་འཛམ་གླིང་གི་མི་འབོར་མང་ཤོས་དེ་ཆགས་རྒྱུ་རེད། དེ་བས་ང་ཚོ་ཕྱི་རྒྱལ་དུ་འགྲོ་དགོས་དོན་མེད།
    ད་དུང་མང་པོ་ཞིག་འདུག་མོད། མི་བཤད། བཤད་ནས་ཕན་ཐོགས་མེད་པར་གསལ་བོ་རེད། རེ་བ་ཞུ་རྒྱུར་རྗེས་མར་མི་གཞན་གྱི་རྩོམ་ཡིག་འདི་ལྟར་ཚོད་ལས་བརྒལ་བའི་”ཞུ་དག”མི་གནང་བར་འཚལ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཀླན་འཇམ་དབྱངས་ལགས་ཀྱི་རྩོམ་ཡིག་༼ འཛམ་གླིང་དབྱུག་རྩེད་སྤོ་ལོ ༽ ཞེས་པར་ཞུ་དག་གང་འཚམ་ཞིག་གཏོང་དགོས་བྱུང་བ་དངོས་ཡོད་ཡིན། དེང་སྐབས་རྩོམ་ཡིག་མང་པོ་འབྲི་མཁན་མེད་པ་དང་། བྲིས་པ་དག་ཀྱང་ཆབ་སྲིད་ཁོ་ན་དང་། ཆབ་སྲིད་ལས་ཀྱང་སྐབས་དོན་ཆབ་སྲིད་ངྷ་རམ་ས་ལ་གཡས་གཡོན་ལ་སྐོར་བ་བརྒྱབ་བསྡད་ཡོད་པའི་བཟོ་འདྲ་ཞིག་ཏུ་འདུག་མཐོང་གི་ཡོད། དེ་བས་ཉིད་ཀྱི་རྩོམ་ཡིག་དེ་གླེང་གཞི་ཅུང་མ་འདྲ་བ་ཞིག་དང་། ནང་དོན་གྱི་ཆ་ནས་ཀྱང་བོད་པའི་སྤྱི་ཚོགས་ཆུང་ཆུང་ལས་བརྒལ་ཡོད་སྟབས། རྩོམ་སྒྲིག་པས་གཞན་ལ་རྟིང་སྐུལ་ལམ། མིག་དཔེ་ཕྲན་བུའི་ནུས་པ་འཐོན་ཐུབ་ན་སྙམ་པའི་རེ་བའི་འོག སྐུ་ཉིད་ཀྱི་རྩོམ་ཡིག་དེ་དྲ་ཐོག་ལ་འགོད་རྒྱུར་བདམས་པ་ཡིན། འོན་ཀྱང་། ཉིད་ཀྱིས་གང་བྲིས་ཡོད་པ་རང་སོར་བཞག་ན། ཡིག་ནོར་ཙམ་དུ་མ་ཟད་ཚིག་སྦྱོར་དང་གོང་འོག་སྒྲིག་སྟངས་ཐད་ནས་ཀྱང་ཞན་ཆ་མི་ཉུང་བ་ཞིག་འདུག་སྟབས། རྩོམ་ཡིག་གི་ནང་དོན་ལ་དོ་ཕོག་མེད་པ་དང་། རྩོམ་པ་པོའི་རྩོམ་ཡིག་ནང་རྩོམ་སྒྲིག་པའི་དགོངས་ཚུལ་མ་འདྲེས་པའི་ཐོག་ནས་ཞུ་དག་གང་འཚམ་བཏང་སྟེ། འདི་གའི་དྲ་ཐོག་ལ་གཏོང་ཐབས་བྱས་པ་ཡིན།

    Reply
  3. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཁ་སང་ཁ་བརྡ་དྲ་བས་རྩོམ་འདི་ལ་ཞུ་དག་བྱས་མི་འདུག་ཅེས་སྡུག་སྨེ་འདོན་དགོས་བྱུང་། དེ་རིང་ཡང་དུས་བབ་དྲ་བས་འདི་ལ་ཞུ་དག་བྱས་པ་མང་དྲགས་འདུག་ཅེས་ཟེར་དགོས་བྱུང་།
    བོད་ནང་གི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་དོན་འགྲུབ་ཀྱིས་སྦྲང་ཆར་རྩོམ་སྒྲིག་ཁང་གིས་ཁོང་གི་རྩོམ་ལ་ལག་པ་འཆང་རྒྱུ་མང་དྲགས་ཅེས་གསུང་སྐད་ཤོར་བའི་རྒྱུ་མཚན་དེ་རིང་གཞི་ནས་ཧ་གོ་སོང་། རང་གི་རྩོམ་ལ་མི་གཞན་གྱིས་སྲིན་ལག་འཆང་དུས་ན་ཟུག་ཇི་ཙམ་ཡོད་མེད་ཀྱང་དེ་རིང་གཞི་ནས་ཧ་གོ་སོང་། དེ་ནི་སྲིན་པོ་མགྲིན་བཅུས་ངའི་ཁ་ནང་ནས་ལག་པ་བཅུག་ཏེ་དོན་ལྔ་སྣེ་དྲུག་ཕྱི་རུ་བཏོན་པ་དང་ཁྱད་པར་མི་འདུག་ཡ།

    སྤྱིར་རྩོམ་ཡིག་ཁ་ཐུག་དྲ་ཐོག་ཏུ་བྲིས་ནས་བཏང་བ་ཡིན་པས་ཞུ་དག་དགོས་ངེས་རེད་མོད། ཡིན་ཡང་འདི་འདྲའི་ཞུ་དག་ཐལ་ཆེ་འདུག
    དེ་བས་རྩོམ་ཡིག་འདི་ནི་ང་དང་རྩོམ་སྒྲིག་པ་ཟུང་གིས་བྲིས་པ་ཞིག་ལས་ང་གཅིག་པུས་མ་རེད་དོ།།

    སྔོན་མ་ང་མི་གཉིས་ཀྱིས་རྩོམ་གཅིག་བྲིས་ཟེར་བ་དེར་སྣང་བ་དེ་ཙམ་མི་འགྲོ་ལ་མི་གཉིས་ཀྱིས་ཇི་ལྟར་བྲི་དགོས་མིན་ཀྱང་མི་ཤེས། ཡིན་ཡང་དེ་རིང་ངའི་མིང་གི་ཟུར་དུ་རྩོམ་སྒྲིག་པའི་མཚན་དེའང་བྲི་ཐུབ་ན་དགེ་མཚན་འདུག་སྙམ།

    Reply
  4. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 15 སྔོན།

    ཤ་ཀླན་འཇམ་གྲགས་ལགས། བྱུང་རབས་དང་མཐུན་ཞིང་། དངོས་ཡོད་ལ་རན་པར་དཔྱོད་པའི་རྣམ་དཔྱོད་ཀྱི་རྩལ་ཞིག་མངོན་འདུག་པས། ལེགས་པོ་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese