གསུམ། སྲིད་འགན་རྩིས་སྤྲོད་ཀྱི་ལྷག་འཕྲོས།
ལྷ་སྡེ་གནམ་ལོ་ཡག
རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་གནང་བའི་རྒྱབ་ལྗོངས་དང་ཤུགས་རྐྱེན་གང་གི་ཆ་ནས་བལྟས་ཀྱང་སྟོན་པ་ཤཀྱཱ་ཐུབ་གཉིས་པ་ཞིག་བོད་ཀྱི་བགོ་སྐལ་དང་འཛམ་གླིང་སྤྱི་སྐལ་དུ་གྱུར་ཡོད་པས། མ་གྱུར་སེམས་ཅན་མ་རུ་བསྒོམ་པ་དང་བདག་གཞན་མཉམ་བརྗེ་སྤྱི་བོར་བཀུར་བཞིན་པའི་བོད་མི་ཞིག་ཡིན་ཕྱིན་བོད་ཀྱི་མཚོན་རྟགས་དང་མགྲིན་ཚབ་པ་གནང་རོགས་ལྟ་བུའི་ཨུ་ཚུགས་དོར་འོས་པར་མ་ཟད། དེ་དག་པེ་ཅིན་སྲིད་གཞུང་གི་འདོད་ཐོག་དང་རླབས་ཆེན་དགོངས་གཞི་ལེགས་འགྲུབ་བྱུང་བའི་བར་ཆད་དུ་འགྱུར་མི་སྲིད་པ་མིན་པས། ད་ལྟ་རྒྱལ་བ་རིན་པོ་ཆེ་ཡིས་གསུངས་ཟིན་པ་ལྟར༼དཀའ་ངལ་འཕྲལ་སྐབས་ངོས་ཀྱིས་གཞོགས་འདེགས་གནང༽ཞེས་པར་ཡིད་ཆེས་གཙང་བཅོལ་བྱེད་རན་ཡོད་པ་གནས་དུས་གང་གི་ཆ་ནས་ཀྱང་སྐབས་སུ་བབས་ཡོད་པ་ཞིག་ཡིན། མེས་པོ་གོང་མ་ཚོས་ཀྱང༼བོད་ཚིག་ཐོག༽ཅེས་པའི་གདམས་པ་འདི་ཕྱི་རབས་པར་བཞག་ཡོད་པས། ཚིག་ཐོག་ལས་ཡིག་ཐོག་ཏུ་ཅི་ཡང་ཕབ་མི་དགོས་པ་ཞིག་ཏུ་འདོད།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་བཤད་སྟངས་རིགས་ཤིག་ལ་དགག་རྒྱག་མ་ཡིན་པའི་དབྱེ་ཞིབ་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་འཚོལ་རྒྱུའང་རྩོམ་འཁྱོག་འདི་འབྲི་དགོས་པའི་བསམ་བྱ་གཙོ་བོ་གཞན་གཅིག་ཡིན་ཞིང་། གཤམ་དུ་རྒྱལ་བ་རིན་པོ་ཆེ་མཆོག་གིས་བགྲེས་ཡོལ་ལམ་སྲིད་འགན་རྩིས་སྤྲོད་གནང་རྗེས། འཕྲད་སྲིད་པའི་ཉེན་ཁ་ཁག་ཅིག་འདུག་ཅེས་པའི་སེལ་ཐབས་འབྲི་ཨེ་ཐུབ་ལ་བརྩོན་པ་བསྐྱེད་རྩིས་ཡིན།
༡ ༼ ཡང་དག་པའི་མང་གཙོའི་རིང་ལུགས་ཚད་ལྡན་ཞིག་ལག་བསྟར་ཡོང་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད་རེད། དང་པོ་དེར་མངོན་པར་བྱང་ཆུབ་པའི་དབུ་ཁྲིད་ཡོད་པ། གཉིས་པ་བསླབ་བྱ་ལྡན་པའི་སྤྱི་ཚོགས་ཡོད་པ། གསུམ་པ་ཡང་དག་པའི་སྲིད་དོན་གྱི་ལྟ་གྲུབ་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ད་ལྟ་ང་ཚོའི་བོད་མི་ཚོ་ལ་ྋགོང་ས་མཆོག་ལྟ་བུའི་མངོན་པར་བྱང་ཆུབ་པའི་དབུ་ཁྲིད་ཅིག་ཡོད་ཀྱང༌། མ་འོངས་པར་དེ་འདྲའི་དབུ་ཁྲིད་ཅིག་རྙེད་ཐབས་མེད་པ་ཞིག་གཟིགས་ཀྱི་ཡོད།༽
དྲི་བ་འདི་བཞིན་ཕྱོགས་གཅིག་ནས་བདེན་པ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ལྟ་བུའི་དབུ་ཁྲིད་ཅིག་བསྐྲུན་པར་ཕྱི་ནང་གི་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་ཀྱི་ཡོད་པར་མ་ཟད། ཡུལ་དུས་གནས་བབ་སོགས་ལའང་རག་ལས་ཀྱི་ཡོད་པ་གསལ་བོ་རེད། ཕྱོགས་གཞན་གཅིག་ནས་བཤད་ན། དམངས་གཙོའི་སྤྱི་ཚོགས་ནང་དུ་འོས་འདེམས་ཀྱི་ལམ་ནས་དབུ་ཁྲིད་ཡོང་གི་ཡོད་པས། རྒྱལ་བ་རིན་པོ་ཆེ་ལྟ་བུའི་མཁས་བཙུན་བཟང་གསུམ་འཛོམས་པའི་དབུ་ཁྲིད་ཅིག་བསྐྲུན་རྒྱུའང་དུས་ཀྱི་བཀག་རྒྱ་ངེས་ཅན་ཞིག་ཡོད་པ་རེད།
འོ་ན། ད་ག་རེ་གནང་དགོས་པ་རེད་དམ། བོད་ཀྱི་གཏམ་དཔེ་ཞིག་གིས་ཚང་མར་བློ་སྒོ་གསར་བ་ཞིག་འབྱེད་ཐུབ་ཀྱི་ཡོད་པར་མ་ཟད། མེས་པོ་གོང་མ་རྣམས་ཀྱིས་ཕྱི་རབས་པར་བཞག་པའི་ཉམས་མྱོང་ཕྱོགས་བསྡོམས་ལ་ཡིད་སྨོན་འཆོར་དགོས་པ་ཞིག་ཀྱང་ཆགས་ཡོད།
༼ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ༽ཞེས་པ་འདིར་གནའ་རབས་ཀྱི་ཉམས་མྱོང་དང་དེང་རབས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་ཡོད། ད་ལྟ་སླེབས་ལ་ཉེ་བའི་བཀའ་ཁྲི་ཡིན་ནའང་འདྲ། འབྱུང་འགྱུར་སླེབས་འགྱུར་གྱི་བཀའ་ཁྲི་སུ་ཡིན་ཡང་ཕྱི་འབྲེལ། ནང་སྲིད། སློབ་གསོ། དཔལ་འབྱོར། འཕྲོད་བསྟེན། བདེ་སྲུང་སོགས་ཁྱབ་ཁོངས་རེ་རེའི་ཐད་ཆེད་ལས་མཁས་པས་གྲུབ་པའི་བློ་འདོན་ལྷན་ཚོགས་འཛུགས་འོས་ཤིང་། བློ་འདོན་ལྷན་ཚོགས་ཀྱི་རྣམ་དཔྱོད་བཀའ་ཁྲི་རེ་རེ་ཡི་མཁས་བཙུན་བཟང་གསུམ་གྱི་རྒྱུ་འབྲས་གཉིས་སུ་བརྒྱུད་འགྱུར་བྱེད་ཐུབ་པས། འདས་པའི་རིང་ལ་མི་རང་ལས་མི་འཇོན་པ་བཀོལ་བའི་སྲིད་ཇུས་དེ་བཞིན་མི་རང་ལས་འཇོན་པའམ་ངར་བ་བཀོལ་བའི་སྲིད་ཇུས་ཤིག་གཏན་འབེབས་གནང་བ་ཡིན་ན། ཉུང་མཐར་སྲིད་དོན་གྱི་ཆ་ནས་རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་ཅིག་མི་བརྙེད་པའི་དཀའ་ངལ་དེ་ཡོངས་སུ་སེལ་ཐུབ་ཡོད།
གལ་སྲིད་རྒྱལ་དབང་བཅུ་གསུམ་པ་ཆེན་མོ་མཆོག་གིས་སོག་པོ་རྡོ་རྗེ་དབྱིབས་ལྟ་བུའི་མི་ནུས་པ་ཅན་ཕྱི་འབྲེལ་ཐད་བཀོལ་བའི་སྙིང་སྟོབས་དང་བློ་མིག་ལྡན་མཁན་གྱི་བཀའ་ཁྲི་ཞིག་བྱུང་བ་ཡིན་ན། ས་སྐྱ་པཎ་ཆེན་གྱི་ཞལ་སྔ་ནས༼ཐབས་ལ་མཁས་ན་ཆེན་པོ་ཡང་། བྲན་དུ་བཀོལ་བར་ག་ལ་དཀའ། མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། གེ་སར་ཅན་གྱི་བཞོན་པར་འགྱུར༽ཞེས་པ་རང་ལས་འདའ་མེད་པས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་རེ་བ་གཞན་ཞིག་བསྐྲུན་མི་སྲིད་པའང་མིན།
ཕྱོགས་གཅིག་ནས་ཆེད་མཁས་བློ་འདོན་འཛུགས་སྟངས་དང་བཀོལ་སྟངས། བསམ་ཚུལ་བླངས་ནས་སྲིད་ཇུས་འགོད་སྟངས་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། དེ་དག་ནང་འདྲེན་བྱེད་མ་ཆོག་པ་ཞིག་ཀྱང་ཡོད་མི་སྲིད་པར་འདོད། ཕྱོགས་གཞན་གཅིག་ནས་བཀའ་ཁྲི་སླེབས་ཐེངས་རེ་རེར་བློ་འདོན་ལྷན་ཚོགས་གསར་བ་རེ་རེ་འཛུགས་དགོས་པ་ལས་གཏན་འཇགས་རང་བཞིན་ཅན་ཞིག་འཛུགས་མི་རུང་། དེ་བས། བློ་འདོན་ལྷན་ཚོགས་ཞེས་པ་ནི་བཀའ་ཁྲི་སླེབས་ཐེངས་རེ་ཡི་འཕྲལ་སེལ་གྱི་ཚོགས་ཆུང་ཁ་ཤས་ཡིན་པ་ལས་གཏན་འཇགས་རང་བཞིན་ཅན་གྱི་ངོ་བོར་གནས་མེད་པར་བཀའ་ཁྲི་གསར་རྙིང་བརྗེ་བ་དང་བསྟུན་ནས་བློ་འདོན་ལྷན་ཚོགས་ལའང་འགྱུར་བ་འགྲོ་འོས་པ་ཞིག་ཡིན། དེ་ལ་རྒྱུ་མཚན་གཉིས་ཡོད།
༼༡༽ གལ་སྲིད་བློ་འདོན་ལྷན་ཚོགས་དེ་བཞིན་གཏན་འཇགས་རང་བཞིན་ཅན་གྱི་ངོ་བོར་གྱུར་ཚེ་མི་དེ་དག་གི་བསམ་བློ་ཙམ་ལས་བསམ་བློ་གསར་བ་དང་ལྟ་བ་གསར་བ། ཐབས་ལམ་གསར་བ་ཆེར་འབྱུང་མི་ཐུབ་པའི་ཁར། གཞུང་གི་ཁུར་བོ་ལྷག་མ་ཞིག་ཏུ་འགྱུར་ཉེན་མེད་པའང་མིན།
༼༢༽ དེ་ལྟར་འགྱུར་བའི་ཆོས་ཉིད་གཙོར་འཛིན་གནང་ཚེ་གསར་རྙིང་མཉམ་བསྡེབས་ཀྱིས་ཕྱོགས་གཉིས་སུ་མ་ལྷུང་བར་བཀའ་ཁྲི་རེ་རེ་ཡིས་སྲིད་ཇུས་གཏན་འབེབས་དང་བོད་དོན་མཐོར་འདེགས་ལ་ཕན་ཐོགས་ངེས་ཅན་ཞིག་འབྱུང་ཐུབ་པར་མ་ཟད། ཆེད་ལས་མཁས་པ་གསར་བ་མང་པོ་ཞིག་ལ་གོ་སྐབས་དང་བསྐྱེད་བསྲིངས་ཐད་ནུས་པ་ཆེན་པོ་འདོན་ཐུབ།
༢ ༼ དང་པོ་དེར་རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་དེ་ད་ལྟ་ྋསྐྱབས་མགོན་རིན་པོ་ཆེའི་སྐུའི་སྣང་བརྙན་དང་གཅིག་པ་རེད་མ་གཏོགས། དེ་ལས་གཞན་པའི་གཟུགས་བརྙན་ཞིག་ཡོད་མ་རེད། ྋགོང་ས་མཆོག་ཆབ་སྲིད་ཀྱི་དབུ་མ་ཁྲིད་ནས་ཟུར་བཞུགས་མཛད་པ་ཡིན་ན། རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་རྒྱུ་དང༌། གཟུགས་བརྙན་གསར་པ་བསྐྲུན་ཐུབ་རྒྱུའི་ནུས་པ་ང་ཚོར་ཡོད་དང་མེད། གལ་སྲིད་ཡོད་པ་ཡིན་ནའང་གཟུགས་བརྙན་གསར་པ་བསྐྲུན་རྒྱུའི་དུས་ཚོད་ག་ཚོད་འགོར་གྱི་ཡོད་པ་དེའི་གནས་ཚུལ་དེ་དྲི་བ་ཤུགས་ཆེན་པོ་གཅིག་རེད་བསམ་གྱི་ཡོད།༽
དྲི་བ་ཆེན་པོ་ཞིག་རེད་དེ། བོད་མི་རྣམས་རྒྱུ་འབྲས་མི་བསླུ་བ་ཁས་ལེན་མཁན་ཞིག་ཡིན་པས། རྒྱུ་བོད་ལས་འབྲས་བུ་རྒྱལ་བ་རིན་པོ་ཆེའི་སྐུའི་སྣང་བརྙན་བསྐྲུན་ཡོད་ཅིང་། ད་ལྟ་སྐུའི་སྣང་བརྙན་གྱི་ཆ་གཅིག་དེ་མང་ཚོགས་ཀྱི་གདམ་གའི་སྟེང་འཕོ་བསྒྱུར་གནང་བཞིན་ཡོད་པས། ཤུགས་ཆེ་ཆུང་གི་ཁྱད་པར་འབྱུང་སྲིད་པ་ལས་ཇི་སྲིད་བོད་མིས་རང་ཉིད་རང་གིས་མ་དོར་བར་དུ་བོད་དོན་འཐབ་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་ཐབས་མེད་པ་ཞིག་གི་གནས་རིམ་སྟེང་སླེབས་ཡོད། གཤམ་དུ་དེའི་ཐད་སྐྱ་ཐིག་ཁག་ཅིག་གི་གདོང་རིས་འདེབས་ཀྱི་ཡིན།
༼༡༽ གོང་དུ་སྲིད་འགན་རྩིས་སྤྲོད་ཀྱི་ཤུགས་རྐྱེན་སྐོར་གླེང་སྐབས་བརྗོད་ཟིན་པ་ལྟར་བོད་དོན་འདི་བཞིན་འགྲོ་བ་མིིའི་རིགས་ཀྱི་མདུན་དུ་ལྷགས་ཟིན་པའི་ཁོར་ཡུག་གི་འཇིག་ཉེན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པར་མ་ཟད། དཀའ་ངལ་གཞན་གཅིག་སྟེ། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་སླར་གསོར་ལག་སྐྱེས་འཇོག་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་སོགས་ལ་བསྐྱར་ཟློས་མི་བྱེད།
༼༢༽ བཙན་པོའི་སྲིད་གཞུང་ཉམས་རྒུད་དུ་སོང་བའི་རྗེས་ཀྱི་ལོ་ངོ་སྟོང་ཕྲག་རིང་མི་རིགས་འདིས་ཆོས་ལུགས་ལས་བོད་ཅེས་པའི་རིགས་ཀྱི་འདུ་ཤེས་གཙིགས་འཛིན་གནང་ཐུབ་མེད་མོད། དེང་གི་ཆར་བོད་ནང་དུ་རྒྱ་ནག་པ་གནས་སྤོ་ལས་བོད་མིའི་མ་མཐའི་འཚོ་ཐབས་ཐད་ཉེན་ཁ་བསྐྲུན་བཞིན་པར་མ་ཟད། དབང་བསྒྱུར་བས་རང་དབང་གི་ཁོར་ཡུག་ལ་རྡོག་རོལ་གཏོང་བཞིན་པས། མདོ་དབུས་ཁམས་གསུམ་ནང་གཅིག་གྱུར་རང་བཞིན་གྱི་རིགས་གཅེས་འཛིན་འོས་པའི་འདུ་ཤེས་སད་རྟོགས་བྱུང་ཡོད་པའི་ཁར། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་དངོས་གཞིའི་རྟོག་ཞིབ་འོག་བྲིས་པའི༼ཧི་མ་ལ་ཡའི་གཡོ་ཡོམ༽ལས་གསལ་བོར་བསྟན་ཡོད་པ་ལྟར་ཕྱི་ལོ ༢༠༠༨ལོར་བོད་མི་ཚོས་འཛམ་གླིང་སྟེང་ལག་ལེན་གྱི་སྒང་ནས་བསམ་འདུན་གསལ་སྟོན་གནང་ཡོད། རྒྱུས་པར་ཤེས་འདོད་མཁན་ཚོས་བོད་ཀྱི་བློ་འབྱེད་པ་ཆེན་མོ་ཞོགས་དུང་མཆོག་གི༼གནམ་ས་གོ་འབྱེད༽ལས་དོན་སྙིང་སྐོར་ཤེས་ཐུབ་ལ། སྐུ་ཞབས་སངས་རྒྱས་སྐྱབས་ཀྱིས་གཙོ་གཉེར་གནང་བཞིན་པའི་ཕྱི་དྲིལ་རྒྱ་ཡིག་དྲ་རྒྱ་དང་རྩོམ་པ་པོ་གྲགས་ཆེན་ཚེ་རིང་འོད་ཟེར་ལགས་ཀྱི༼གངས་སེང་གི་ངར་སྒྲ༽ལ་གཟིགས་དང་བྱུང་བ་ཆ་ཚང་གསལ་བོར་ཤེས་ཐུབ།
༼༣༽ དེ་ལས་ཀྱང་ཉམས་དགའ་བ་ནི་ན་གཞོན་ཤེས་ཡོན་པས་དབུ་ཁྲིད་པའི་སྟོབས་ཤུགས་གསར་བ་ཞིག་ཆར་རྗེས་ཀྱི་ཤ་མོ་ནང་བཞིན་བརྡོལ་ཡོང་བཞིན་པར་མ་ཟད། དེང་སྐབས་བོད་སྐད་གཙང་མ་བཤད་པའི་ལས་འགུལ་ཞིག་རིམ་གྱིས་བོད་སྒང་བའི་ཡུལ་ལུང་ཀུན་ལ་ཁྱབ་ཀྱིན་པར་མ་ཟད། རོང་འབྲོག་མང་ཚོགས་ཁྲོད་དུའང་བོད་སྐད་ནང་དུ་གཞན་སྐད་བསྲེས་ནས་བཤད་མཁན་ཚོར་གསོལ་སྟོན་བཤམས་པའི་ཆད་པ་རྒྱག་གི་ཡོད་ཅིང་། གསོལ་སྟོན་ཐེངས་གཅིག་བཤམས་པར་ཉུང་མཐར་རྒྱ་སྒོར་བརྒྱ་ཕྲག་ཁ་ཤས་འགྲོ་ཀི་ཡོད་པས། གཅིག་ནས་སྐད་གཙང་མ་རྒྱག་མ་ཐུབ་པ་ཐད་ཀར་མི་སྒེར་རེ་རེ་ཡི་དཔལ་འབྱོར་གྱི་གྱོང་གུད་ལ་གཏུགས་ཡོད་པ་དང་། གཉིས་ནས་བྱེད་སྟངས་དེ་བཞིན་སྤྱི་མོས་ཡོད་པའི་དར་སོ་ཞིག་ཆགས་ཀྱིན་ཡོད།
༣ ༼ གཉིས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས། གཞིས་བྱེས་བོད་མི་ཚང་མས་རང་གི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཡིན་པ་ངོས་འཛིན་བྱེད་རྒྱུ་དེའི་རྒྱུ་མཚན་གཙོ་བོ་དེ་ྋགོང་ས་ལྔ་པ་ཆེན་པོས་ཕྱག་བཏབ་པའི་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་ཡིན་པ་དང༌། བོད་མི་རིགས་ཀྱི་ངོ་ཚབ་མཚོན་ངེས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཡོད་པ་དེ་གཉིས་ལ་བལྟས་ནས་ང་ཚོའི་སྒྲིག་འཛུགས་དེ་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་ཡིན་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད་རེད། ྋསྐྱབས་མགོན་རིན་པོ་ཆེ་ཟུར་བཞུགས་གནང་བ་ཡིན་ན། ངོས་འཛིན་འདི་ཐུབ་ཀྱི་རེད་དམ་ཐུབ་ཀྱི་མ་རེད། དྲི་བ་ཆེན་པོ་གཅིག་ང་ཚོའི་མདུན་ལ་སླེབས་ཀྱི་ཡོད་རེད།༽
མ་གཞི་དྲི་བ་འདི་བཞིན་ཕྱི་ལོ ༢༠༠༨ལོའི་ཡར་སྔོན་ནས་དྲན་དགོས་པ་ཞིག་རེད་མོད། པེ་ཅིན་སྲིད་གཞུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཟུང་ནས་ཕྱི་རྒོལ་མ་བྱས་པར་དུ་དྲན་མ་ཐུབ་པར་ལེ་བདའ་བྱེད་སའང་མི་འདུག་ལ། སྔ་མའི་ནོར་འཁྲུལ་ཕྱི་མའི་མེ་ལོང་དུ་འགྱུར་བར་ཕན་ཐོགས་མེད་པ་ཞིག་ཀྱང་མིན། སྟབས་ཡག་ནས་ད་དུང་བཙན་བྱོལ་བོད་གཞུང་གིས་ལོ་ངོ ༤༠རིང་གཞུང་འབྲེལ་སྟེང་བཀོལ་བཞིན་པའི༼ The Central Tibetan Administration of His Holiness the Dalai Lama༽ལ་འགྱུར་བ་བཏང་མེད་པས། ད་ལྟ༼ The Central Tibetan Administration of the elected leader༽ལ་འགྱུར་བ་རེད་མ་གཏོགས་རྩ་བའི་སྒྲོམ་གཞིར་འགྱུར་བ་སོང་མེད་པའི་ཁར། ཐད་འདེམས་བརྒྱུད་ནས་དབུ་ཁྲིད་བསྐོ་འཇོག་གནང་གི་ཡོད་པས། དམངས་གཙོའི་རྒྱལ་ཁབ་སུ་ཞིག་གིས་ཀྱང་གཞུང་འབྲེལ་སྒང་དཀའ་ངལ་སྤྲད་ས་ལྷག་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྔར་བཞིན་བཙན་བྱོལ་བོད་གཞུང་དང་སྲིད་བློན་བཀོལ་རྒྱུ་རེད་ལ། དེ་དག་ངོས་འཛིན་རང་དབང་གི་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད་པས། བཙན་བྱོལ་གཞུང་གིས་ཐེ་གཏོགས་བྱེད་དགོས་དོན་ལྷག་མེད།
བཙན་བྱོལ་བོད་གཞུང་དེ་བཞིན་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་བརྒྱུད་འཛིན་ནས་ཡོངས་ཁྱབ་དམངས་གཙོར་འགྱུར་བ་ཞིག་དང་གནས་སྟངས་བཙན་བྱོལ་བ་ཆགས་ཡོད་པས། བཙན་བྱོལ་བོད་གཞུང་གི་མིང་གནས་མ་དོར་བ་ཡིན་ན། བོད་མིའི་ངོས་ནས་བསམ་ཚུལ་ཡོང་རྒྱུ་མ་རེད་ལ། པེ་ཅིན་སྲིད་གཞུང་གིས་ཕྱི་ལོ ༡༩༥༩ལོའི་ཟླ ༣ཚེས ༢༨ཉིན་བོད་ས་གནས་སྲིད་གཞུང་གི་ཚབ་ཏུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བྱེད་དགོས་ཞེས་པའི་ཕྱོགས་གཅིག་ཁོ་ནའི་བཀའ་རྒྱའི་རྩོད་གཞི་དེའང་ཁྲིམས་ཐོག་ནས་མུ་མཐུད་གནས་ཐུབ་པ་ཞིག་ཡིན། ཉིན་མོ་དེ་ན་ནིང་ནས་པེ་ཅིན་སྲིད་གཞུང་གིས༼ཞིང་བྲན་ས་ཡ་གཅིག་བཅིངས་འགྲོལ་བཏང་བའི་ཉིན་མོ༽ཟེར་བར་སྲུང་བརྩི་བྱེད་ཀྱིན་པའང་ཚང་མས་ཤེས་དགོས་ཀྱི་ཡོད། དེ་མིན་མགྲིན་ཚབ་པའི་ངོ་བོ་སྲ་བརྟན་ཡོང་མིན་ནི་བཙན་བྱོལ་བོད་གཞུང་གིས་བོད་ནང་གི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་པའི་ལས་ཀ་ག་ཚད་ཅིག་ལས་ཐུབ་མིན་དང་། རང་ཉིད་ཀྱི་གནས་བབ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཏུ་ངོས་ལེན་ཡོང་ཐབས་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་ཐུབ་མིན་ལ་ཐུག་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལྟར་བཤད་ན། ༼ལམ་གྱི་རྡོ་བ་བླངས་ནས་རུམ་གྱི་ལམ་རྒྱགས་བོར༽ཞེས་པའི་སུག་རྗེས་འབྲངས་མི་རུང་བ་སྟེ། བོད་ཀྱི་གནད་དོན་ཐག་གཅོད་གཙང་མ་བྱུང་རྗེས་མ་གཏོགས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་འདི་བཞིན་མིག་འབྲས་བཞིན་སྲུང་དགོས་ལ། རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་གསུངས་ཀྱིན་པའི་བོད་དོན་སེལ་རྗེས་བཙན་བྱོལ་བོད་གཞུང་སྒོ་རྒྱག་གི་ཡིན་ཞེས་པར་ཡོངས་སུ་མཐུན་པ་ཞིག་ཀྱང་ཡིན།
༼བཙན་བྱོལ་བོད་མིའི་བཅའ་ཁྲིམས༽ཀྱང་ཆོལ་ཁུངས་ཆོས་ལུགས་འདུ་བའི་ཁྲིམས་བཟོ་ལྷན་ཚོགས་ནས་གཏན་འབེབས་གནང་བཞིན་པ་ཞིག་དང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཡོང་ཁུངས་གྲོས་ཚོགས་ཆགས་ཡོད་པས། ༼ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁོ་རང་ཡང་ཁྲིམས་མཐུན་ཡོང་རྒྱུའི་གཞི་རྩ་དེ་ཡང་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་ལ་ཐུག་བསྡད་པ་གཅིག་རེད༽ཅེས་པ་འདིའང་ཕྱོགས་རེ་བའི་སྐད་ཆ་ཙམ་དུ་འདོད། རྒྱུ་མཚན་ནི་གྲོས་ཚོགས་ནི་བོད་ཀྱི་ངོ་ཚབ་ཏུ་འདེམས་ཀྱིན་པ་ལས་སྐུ་སྒེར་གྱི་ངོ་ཚབ་ཏུ་འདེམས་ཀྱི་མེད་པ་འོས་བསྡུའི་འགྲོ་རིམ་དང་སྒྲིག་གཞི་སོགས་ལས་གསལ་ཡོད་པ་ལྟར་ཡིན།
༤ ༼ བཞི་པ་དེར་རྒྱལ་སྤྱིའི་ནང་ལ་གཞུང་ཁག་དང༌བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཚོན་པའི་མང་ཚོགས་ཀྱི་ངོས་ནས་བཙན་བྱོལ་སྒྲིག་འཛུགས་ལ་ངོས་ལེན་དང༌། འབྲེལ་བ་གནང་ཕྱོགས་དེ་སྔར་ལྟར་གནས་ཐུབ་ཀྱི་རེད་དམ་ཐུབ་ཀྱི་མ་རེད། མ་གནས་པ་ཡིན་ན་གནས་ཚུལ་གསར་པ་དང་ལམ་ཁ་གསར་པ་གང་འདྲ་ཞིག་ཆགས་ཀྱི་རེད་དེ་ཡང་དྲི་རྟགས་ཆེན་པོ་ཞིག་རེད། ༽
དྲི་བ་འདིར་རིམ་པ་གཉིས་ཀྱི་སྟེང་ནས་དབྱེ་ཞིབ་བྱེད་འོས་པར་མཐོང་ཞིང་། ད་གཟོད་དྲི་བ་འདི་སེལ་ཐུབ་པར་སྣང་།
དང་པོ། རྒྱལ་སྤྱིའི་ནང་གི་གཞུང་ཁག་ལ་འབྲེལ་བ་གནང་མཁན་བཙན་བྱོལ་བོད་གཞུང་གི་དོན་གཅོད་ཁག་ཆགས་ཡོད་པ་དང་། བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཀོད་པའི་དོན་གཅོད་ཁག་གི་ངོ་སྤྲོད་ལ་བལྟས་ན། རྒྱ་གར། ཉི་ཧོང་དང་ཐའེ་ཝན་ནང་གི་དོན་གཅོད་ཁང་ཁག་མ་གཏོགས་གཞན་དག་རྒྱལ་བ་རིན་པོ་ཆེ་ཡི་མཚན་ཐོག་ནས་དེབ་སྐྱེལ་བྱས་མེད་པའི་ཁར། ཨ་རི་དང་དབྱིན་ལན། ཨ་ཕི་རི་ཀའི་ནང་གི་དོན་གཅོད་ཁང་གསུམ་བོད་ཀྱི་སྐུ་ཚབ་ལས་ཁུངས༼Representative The Office of Tibet༽ཀྱི་མིང་ཐོག་ཏུ་ཡོད་པ་དང་། ཧྥ་རན་སི་དང་སུད་སི་གཉིས་སུ་བོད་ཀྱི་སྐུ་ཚབ་སྡེ་ཚན༼Representative Bureau du Tibet༽མིང་ཐོག་ཏུ་ཡོད་ཅིང་། གཞན་དག་བོད་ཀྱི་བརྡ་འཕྲིན་ལས་ཁུངས་དང་། བོད་ཀྱི་ཤེས་རིག་དང་བརྡ་འཕྲིན་ལས་ཁུངས་སོགས་ཀྱི་སྟེང་ནས་དེབ་སྐྱེལ་བྱས་འདུག་པས། མདོར་ན་དོན་གཅོད་ཁང་གསུམ་གྱི་དེབ་སྐྱེལ་ལ་འགྱུར་བ་གཏོང་དགོས་པ་ལས་གཞན་དག་སོར་གནས་བྱེད་ཆོག་པ་དང་། དེ་དག་ཀྱང་བོད་ཀྱི་སྐུ་ཚབ་ལས་ཁུངས་སུ་བསྒྱུར་བར་དཀའ་ངལ་ཡོད་སྲིད་མོད། བོད་ཀྱི་བརྡ་འཕྲིན་ལས་ཁུངས་ལྟ་བུའི་མིང་བྱང་ཐོག་བསྒྱུར་བར་དཀའ་ངལ་ཆེར་འབྱུང་མི་སྲིད་པ་ཞིག་རེད། ཡིན་ནའང་། དོན་གཅོད་ལས་ཤོག་སྟེང་དོན་གཅོད་ལྷན་རྒྱས་ཀྱིས་བཀོལ་བཞིན་པའི༼ Representative of His Holiness the Dalai Lama ༽ཐད་ཀར༼ Representative of the elected leader༽བསྒྱུར་དགོས་ཀྱི་ཡོད་པ་རེད་ལ། དེ་ནི་ཡུལ་ཁྲིམས་དང་འགལ་བ་མི་ཆགས་པའི་ཁར། ༼མཐོང་མིག་བྱང་དང་ཉན་རྣ་བྱང༽ཞེས་པའི་དཔེ་བཞིན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་དཔོན་རིགས་ཚོར་དུས་རྒྱུན་བོད་ཀྱི་དམངས་གཙོའི་གྲུབ་དོན་གྱི་དྲན་བསྐུལ་དུ་བསྐྲུན་ཐུབ་ཡོད།
གཉིས། བོད་དོན་རྒྱབ་བསྐྱོར་ཚོགས་པ་ཁག་གི་གཙོ་ཤུགས་ནུབ་ཕྱོགས་སུ་ཡོད་ཅིང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སྤྱི་གཤིས་རྨང་གཞིར་བཟུང་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་པ་ཞིག་དང་། བོད་ཀྱི་གནད་དོན་འདི་བཞིན་དམངས་གཙོའི་བསྒུལ་ཤུགས་ཤིག་ལ་བསྐྲུན་ཨེ་ཐུབ་ལྟ་བཞིན་པས། རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་གནང་བ་འདིས་བོད་མི་རིགས་འདི་བཞིན་དམངས་གཙོ་དང་བཟང་སྤྱོད་སླར་གསོ་གང་རུང་ཐད་མིག་དཔེར་འཛིན་རུང་གི་སྣང་བརྙན་ཞིག་ཏུ་བསྐྲུན་ཡོད་ལ། བོད་དོན་རྒྱབ་བསྐྱོར་སྔར་ལས་ཤུགས་ཆེ་རུ་འགྲོ་སྲིད་པ་ལས་ཉམས་ཆག་ཏུ་འགྲོ་སྲོལ་མེད་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་སླར་གསོར་ཕྱག་ལས་རྒྱ་ཆེན་པོ་གནང་རྒྱུ་ཡིན་པ་དང་། བོད་ནང་དུ་སྡུག་སྦྱོང་མནར་གཅོད་ལ་ངོ་རྒོལ་འཕག་འཚག་མཐུད་གནས་ཀྱིས་བཙན་བྱོལ་བོད་གཞུང་ལ་བོད་དོན་འཐབ་རྩོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བར་སྡིངས་ཆ་བསྐྲུན་ངེས་ཡིན།
ཤར་ཕྱོགས་ཀྱི་བོད་དོན་རྒྱབ་བསྐྱོར་བ་ཁག་སྟེ། རྒྱ་གར་གྱིས་མཚོན་པའི་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ནང་བོད་ཀྱི་ཁོར་ཡུག་སྲོག་ཤིང་དུ་གྱུར་བའི་ཆུའི་དཀའ་ངལ་ཡོང་བཞིན་པར་བརྟེན་ནས་དེ་ལུགས་གཙོར་བཟུང་གི་དྲིལ་བསྒྲགས་ལས་འགུལ་མི་རེ་ངོ་རེི་ཡིས་སྤེལ་བ་ཡིན་ན། སྔར་བྱུང་མ་མྱོང་བའི་རྒྱབ་བསྐྱོར་གྱི་ཚ་རླབས་ཤིག་འབྱུང་སྲིད་པའི་མདུན་ལྗོངས་ཡངས་པོ་ཞིག་འདུག དཔེར་ན། ཁམས་རྒྱལ་མོ་དངུལ་ཆུ་འབབ་ཡུལ་རྒྱལ་ཁབ་ཁག་ནང Mekong River ཞེས་འབོད་ཀྱི་ཡོད་པ་དང་འབབ་ཡུལ་ཁམ་བྷོ་ལི་ཡ། ལའོ(Lao) ཐའེ་ལན་ཊི། བེ་ཐུ་ནམ་སོགས་ཡིན་པའི་ཁར། པེ་ཅིན་སྲིད་གཞུང་གིས་སྟོད་རྒྱུད་དུ་ཆུ་རགས་རྒྱག་པ་སོགས་ཀྱི་ལས་འཆར་བརྩམས་པར་བརྟེན་ནས་ཕྱི་ལོ ༡༩༩༥ལོའི་ཟླ ༤ཚེས ༥ཉིན་གོང་གསལ་རྒྱལ་ཁབ་ཁག་གིས༼The Mekong River Commission༽ ཞེས་པའི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ནས་མཉམ་རུབ་ཀྱིས་ལག་བསྟར་བྱེད་ཀྱིན་པས། བོད་མིར་མཚོན་ན་འདིའང༼ཨ་ཕོ་དཔའ་ཡོད་ན། ལག་ཆ་རི་ན་ཡོད༽ཅེས་པའི་དཔེ་རུ་གྱུར་ཡོད། གཞན་དག་དཔེར་མཚོན་འདི་བརྒྱུད་ནས་རིགས་འགྲེ་བྱས་ཆོག
༥ ༼ ལྔ་བ་དེ་བོད་དོན་བདེན་མཐའ་སེལ་རྒྱུའི་ཆེད་དུ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཡོངས་སུ་རྫོགས་པ་ད་ལྟ་བར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་འགྲོ་བཞིན་པ་རེད། དེ་ཡང་རྒྱུན་ཆད་འགྲོ་ཡི་རེད་དམ། མུ་འཐུད་ཐུབ་ཀྱི་རེད་ཟེར་རྒྱུའི་དྲི་བ་དེ་གནད་འགག་ཆེ་བའི་དྲི་བ་གཅིག་ཆགས་ཀྱི་རེད། ༽
དྲི་བ་འདི་གཙོ་གནད་ཅིག་རེད་ལ། བོད་མི་ཚང་མར་སེམས་ཁུར་ཡོང་འོས་པ་དང་ཡོད་སྲིད་པའི་ཁོངས་གཏོགས་ཤིག་ཀྱང་ཡིན་པས། རིམ་པ་བཞི་ནས་བལྟ་དགོས་པར་སྣང་།
གཅིག་ནས་ཕྱི་ལོ ༢༠༠༨ལོའི་རྗེས་སུ་རྒྱ་ནག་ཏུ་བསྐྱོད་པའི་སྐུ་ཚབ་ཐེངས་གཉིས་ལ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཅེས་པེ་ཅིན་གྱིས་ངོས་ལེན་གནང་ཡོད་པ་ལས་དེའི་ཡར་སྔོན་ཏེ། ཕྱི་ལོ ༡༩༧༩ལོ་ནས་ཕྱི་ལོ ༢༠༠༧ལོ་བར་གྱི་སྐུ་ཚབ་སྐུ་ཚང་མར་ཕྱི་སྡོད་བོད་མི་ཕ་ཡུལ་དུ་བལྟ་སྐོར་ལ་ཕེབས་པ་ཙམ་ལ་མ་གཏོགས་ངོས་ལེན་བྱས་མེད་ཅིང་། གྲོས་མོལ་ལ་གྲུབ་འབྲས་མ་ཐོན་ཀྱང་གྱོང་གུད་ཀྱང་ཆེར་རེག་ཡོད་པ་མ་རེད། དེ་ལས་ལྡོག་ནས་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ལ་ངོས་ལེན་བྱས་པ་དེ་བཞིན་པེ་ཅིན་གྱིས༼རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན༽ཟེར་བ་དེ་འབུར་ཐོན་རང་བཞིན་ཅན་དུ་བསྐྲུན་པའི་ལག་ཆར་བཀོལ་སྤྱོད་བྱས་ཡོད་པར་མ་ཟད། སྐབས་དེར་རྒྱལ་ཁབ་མང་ཆེ་བའི་དབུ་ཁྲིད་ཀྱིས་བོད་ནང་ཞི་བའི་ངོ་རྒོལ་དྲག་གནོན་བྱས་པར་ངོ་རྒོལ་མཚོན་སླད་ཕྱི་ལོ ༢༠༠༨ལོར་རྒྱ་ནག་ཏུ་འཚོགས་པའི་ཨོ་ལིམ་ཕའེ་ཁུ་ལུས་རྩལ་འགྲན་ཚོགས་མཛད་སྒོ་མི་ཞུགས་པར་སྟ་གོན་བྱས་མོད། རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ཚོ་ལུས་རྩལ་ཚོགས་རར་ལྟ་བསྐོར་བྱས་པའི་ཉེར་ལེན་གྱིས་གནོན་ཤུགས་དེ་རང་གིར་དུ་ཞི་ཡོད།
གཉིས་ནས་དེང་སྐབས་རྒྱ་ནག་སྤྱི་ཚོགས་ཀྱི་འགལ་བ་ཉིན་རེ་ལས་ཉིན་རེར་ཛ་དྲག་གི་ཕྱོགས་སུ་འཕེལ་བཞིན་པ་དང་དབུལ་ཕྱུག་གི་ཧེ་བག་ཚད་ལས་བརྒལ་ཡོད་པས། ཨ་ཕི་རི་ཀ་བྱང་མ་ནས་ཨེ་ཤི་ཡ་དཀྱིལ་མར་མཆེད་ཀྱིན་པའི་མེ་ཏོག་མ་ལི་ཀའི་གསར་བརྗེའི་ཤུགས་རྐྱེན་ལ་ཞེད་ནས་པེ་ཅིན་སྲིད་གཞུང་གིས་ཕྱུག་པོ་ཚོ་གསར་འགྱུར་བརྒྱུད་ལམ་དུ་ཡོང་བའམ། ཕྱུག་པོའི་སྐོར་གྱི་གནས་ཚུལ་གཏོང་བར་བཀག་འགོག་བྱས་ཡོད་པ་རེད་ལ། དེ་ནི་དམར་ཤོག་ཚོགས་པ་ཆགས་འཇིག་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་བཙན་བྱོལ་བོད་གཞུང་ལ་འབྲེལ་གཏུགས་ཀྱིས་རང་ཉིད་ཡུན་གནས་ཡོང་ཐབས་ལ་འབད་བརྩོན་བྱེད་སྲིད་པ་ཞིག་ཡིན། དེ་ནི་གོ་སྐབས་ཤིག་དང་ཡིག་ཚད་ཅིག་ཀྱང་ཡིན་པས། གོང་དུ་འོས་འདེམས་ལས་ཕེབས་པའི་དབུ་ཁྲིད་རེ་རེ་ཡིས་ནུས་པ་གོང་མཐོར་གཏོང་སླད་བློ་འདོིན་ལྷན་ཚོགས་འཛུགས་འོས་ཚུལ་བཤད་པའི་དགོས་པ་གཞན་ཞིག་གནད་དོན་འདིར་ཐུག་ཡོད་པ་ཞིག་ཡིན་ལ། པེ་ཅིན་གྱི་འཐབ་ཇུས་འཐབ་རྩལ་ལག་མཐིལ་དུ་ལོན་ཐབས་གནང་རྒྱུ་ནི་ཡིག་ཚད་འདིས་བརྒྱ་ཆའི་ག་ཚད་ཟིན་མིན་ལ་ཐད་ཀར་འབྲེལ་ནས་ཡོད།
གསུམ་ནས་མི་རྣམས་ཀྱིས་བོད་རྒྱ་ཞི་མོལ་ལམ་འབྲེལ་མོལ་ཐོག་མར་བྱུང་བའི་རྒྱབ་ལྗོངས་ཤེས་ཀྱི་མེད་པའམ། ཤེས་ཀྱང་དགོས་དབང་གཞན་ཞིག་གིས་གླེང་གི་མེད་པ་གང་ཡིན་མི་ཤེས་ཀྱང་དོན་ལ་སྐབས་དེར་རཱ་ཤི་ཡ་དམར་པོའི་གཞུང་དང་བཙན་བྱོལ་བོད་གཞུང་བར་འགྲོ་འོངས་ཀྱི་འབྲེལ་བ་ཚུགས་པར་ཐུག་ཡོད་ལ། དེའི་སྐོར་གྱི་ནང་ཁུལ་ཡིག་ཆ་ཞིག་མཁས་དཔོན་གཅིག་ལྕོགས་ཧོར་གཙང་འཇིགས་མེད་ལགས་ཀྱི་བརྩམས་ཆོས་ཤིག་ཏུ་གསལ་བོར་བཀོད་འདུག་པ་ཕྲན་གྱིས་ཀློག་མྱོང་ཡོད། གཞན་ཕྱི་ལོ ༡༩༧༩ལོར་རྒྱལ་བ་རིན་པོ་ཆེ་ཐོག་མར་ཨ་རིར་ཆིབས་བསྒྱུར་བསྐྱངས་ཐུབ་པ་བྱུང་བའང་དེར་འབྲེལ་བ་ཆགས་ཡོད། དོན་དག་འདིས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། བོད་ཀྱི་གནད་དོན་འདི་བཞིན་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་དུ་ལག་ཆ་རང་བཞིན་གྱི་རིན་ཐང་ཆེན་པོ་ཞིག་ལྡན་ཡོད་པ་དེ་སྟོན་གྱི་ཡོད་པས། དེང་ཕྱིན་རིན་ཐང་ཇེ་ཆེ་ནས་ཇེ་ཆེར་འགྲོ་མི་སྲིད་པའང་མིན། ད་ལྟའི་བར་དུ་རྒྱལ་ཁབ་མང་པོས་བོད་ཀྱི་གནད་དོན་ལག་ཆར་བཟུང་ནས་རང་དོན་ལས་བོད་དོན་ཆེར་སྒྲུབ་མེད་པས། སྲིད་དོན་གྱི་སྟེང་ནས་བདག་གཞན་མཉམ་བརྗེ་སྤང་ནས་བདག་གཞན་དོ་མཉམ་ཡོང་བར་བརྩོན་རན་ལ་སླེབས་ཡོད།
བཞི་ནས་འབྱུང་འགྱུར་གྱི་ཕྱི་ལོ ༢༠༡༢ལོ་ནང་པེ་ཅིན་སྲིད་གཞུང་ལ་དབུ་ཁྲིད་གསར་བ་སླེབས་དགོས་ཤིང་། དབུ་ཁྲིད་འདི་དག༼རིག་གནས་གསར་བརྗེ་ཆེན་པོའི༽འོག་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་པས། ལས་སྤོབས་པ་དང་སྙིང་སྟོབས་འཛོམས་ཡོད་མཁན་ཤ་སྟག་ཡིན། ཡིན་ནའང་། འོས་འདེམས་ཀྱི་ལམ་ནས་ཡོང་བ་མིན་པས། མི་དམངས་ཁྲོད་གུས་བརྩི་ཐོབ་མིན་རང་ཉིད་ཀྱིས་མི་དམངས་ལ་ཕན་པའི་བྱ་བ་ཅི་ཞིག་སྒྲུབ་ཐུབ་མིན་གྱིས་ཐག་གཅོད་བྱེད་ཀྱི་ཡོད་ལ། དེང་གི་མེ་ཏོག་མ་ལི་ཀའི་གསར་བརྗེའི་ཤུགས་རྐྱེན་འོག་དབང་ཆ་སྒེར་སྡེམ་པར་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་བྱུང་མི་སྲིད་པའང་མིན།
དུས་རིམ་འདི་བཞིན་རྒྱ་ནག་སྤྱི་ཚོགས་གནད་དོན་ཛ་དྲག་ཅན་དུ་འགྱུར་བཞིན་པའི་དུས་སྐབས་ཤིག་དང་། དཔལ་འབྱོར་འཕེལ་ཤུགས་མྱུར་ནའང་འཛམ་གླིང་ཚོང་ཚོགས་ནང་སྟོབས་ཆེན་རྒྱལ་ཁབ་གཞན་དང་འདྲ་མཉམ་གྱི་འགན་ལེན་དགོས་ཀྱི་ཡོད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ལྟ་སྐབས། མ་འོངས་པའི་ལོ་ལྔ་ནས་བཅུའི་ནང་རྒྱ་ནག་ནང་གཡོ་ཡོམ་གསར་བ་ཞིག་བྱུང་སྲིད་པར་མ་ཟད། དམར་ཤོག་ཚོགས་པའི་དབང་བསྒྱུར་མགོ་རྟིང་སློག་མི་སྲིད་པའང་མིན་པས། སྐབས་དེར་བཙན་བྱོལ་བོད་གཞུང་གིས་གོ་སྐབས་དེ་ལེན་ཐུབ་བམ་མི་ཐུབ། ཇི་ལྟར་ལེན་རྒྱུ་ཡིན་མིན་ཐད་ད་ནས་བཟུང་སྟེ་གྲ་སྒྲིག་ཨང་གསར་ཡོད་དགོས་ལ། གྲ་སྒྲིག་མེད་པའི་ཚོགས་སྡེ་མཐའ་དག་དུས་རབས་ཀྱི་གད་སྙིགས་ནང་ཟེགས་ཀྱི་ཡོད་པའང་ཆོས་ཉིད་ཅིག་ཡིན།
༦ ༼ དྲུག་པ་དེ་གཞིས་བྱེས་བོད་མི་དབར་གྱི་འབྲེལ་ལམ་དང་མང་ཚོགས་ཀྱི་ཆིག་སྒྲིལ་དང་གོང་འཕེལ་གྱི་ནུས་པ། ད་ལྟ་གཞིས་བཞུགས་བོད་མི་དེ་ཚོས་སྲོག་ལ་བསྡོས་ནས་རྒྱ་གར་གྱི་ནང་ལ་སླེབས་རྒྱུའི་ཐབས་ཤེས་བྱེད་རྒྱུ་དང། བཙན་བྱོལ་སྤྱི་ཚོགས་ལ་འབྲེལ་བ་གནང་རྒྱུ་དེ་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་ལ་དམིགས་ཡུལ་བཟུང་སྟེ་གནང་གི་ཡོད་རེད། དེ་ཚོའི་སྐོར་ལ་ཡང་འབྱུང་འགྱུར་གང་འདྲ་བྱས་ཏེ་ཆགས་ཀྱི་རེད། ༽
ཕྱོགས་གཅིག་ནས་བོད་མི་མང་ཆེ་བས་རྒྱལ་བ་རིན་པོ་ཆེ་མཆོག་འཕགས་པ་སྤྱན་རས་གཟིགས་མི་ཡུལ་དུ་བྱོན་ནས་བོད་ཀྱི་སྤྱི་སྐལ་དུ་བཞུགས་པར་ཡིད་ཆེས་བཅིངས་ཀྱིན་པའི་ཁར། ཁོང་ལ་མཇལ་ཁ་ཐེངས་གཅིག་ཞུ་ཐུབ་ན་རང་ཉིད་ཀྱི་བསོད་ནམས་འཕེལ་བ་དང་ཚོགས་རྒྱ་ཆེན་པོ་བསགས་ཡོད་ཅིང་། ཕྱི་མའི་མགོན་སྐྱབས་སུ་མཐོང་གི་ཡོད་པས། དེའི་ཤུགས་རྐྱེན་ལོ་གཞོན་རྣམས་ལའང་ཐེབས་ཡོད་པ་དང་། ཤེས་ཡོན་པའི་སྡེ་ནས་རྒྱལ་བ་རིན་པོ་ཆེ་མཆོག་རིག་གནས་ཀྱི་མཚོན་དོན་ཞིག་དང་རླབས་ཆེན་གྱི་སྐྱེས་བུ་ཞིག་ལ་ངོས་འཛིན་གནང་བཞིན་པས། རྒྱ་གར་ནང་སླེབས་མཁན་ཚང་མས་མཇལ་ཁ་ཞུ་འདུན་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། འདིར་དད་པའི་འབྲེལ་ཐག་ཅེས་བརྗོད་ཀྱང་མ་འགྲིག་པ་མེད་པས། ཆོས་ཀྱི་དམིགས་སྒོ་དང་པོར་བཞག་ཡོད་པ་ཞིག་རེད།
ཕྱོགས་གཞན་གཅིག་ནས་བོད་ནས་རྒྱ་གར་ནང་ཡོང་མཁན་ཧ་ལམ་རིགས་ལྔ་ལྷག་ཡོད་ཅིང་། དེ་དག་རེ་རེ་བཞིན་ངོ་འཕྲོད་པ་ཡིན་ན། ད་གཟོད་གཞིས་བྱེས་འབྲེལ་ལམ་སྲུང་འཛིན་བྱེད་སྟངས་ལའང་ཐབས་ཤེས་མེད་པ་ཞིག་རྩ་བ་ནས་མིན།
༼༡༽ དགེ་འདུན་པའི་སྡེ།
དགེ་འདུན་པས་བོད་ནས་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་མཁན་གྱི་གྲངས་ཚད་ངེས་ཅན་ཞིག་བཟུང་ཡོད་ཅིང་། རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུས་པ་བརྒྱུད་ནས་བསླབ་པ་སློབ་གཉེར་ཐད་འཇུག་གིན་ཡོད་ལ། དེ་དོན་ཆོས་སྡེ་ཁག་གི་སློབ་གཉེར་བའི་གྲངས་འབོར་གྱིས་གསལ་བཤད་བྱེད་ཐུབ་པ་ཞིག་ཡིན། དེ་བས། འབྱུང་འགྱུར་རྒྱལ་བ་རིན་པོ་ཆེ་སྐུ་མ་བཞུགས་པའི་ཕྱི་ཉིན་ཡང་སྐུ་གདུང་མུ་མཐུད་དུ་གནས་རྒྱུ་ཡིན་པས། གདུང་མཇལ་བླངས་རྗེས་བསླབ་པ་སློབ་གཉེར་ལ་འཇུག་མཁན་མཐུད་གནས་བྱེད་ངེས་པ་ཞིག་ཡིན། ཡིན་ནའང་། ཆོས་སྡེ་ཁག་གིས་སློབ་གཉེར་དགེ་འདུན་པ་རྣམ་པར་ཉུང་མཐར་ལྕག་གིས་བཞུ་བ་ལྟ་བུའི་ཁྲིམས་སྒྲིག་དང་འདྲ་མཉམ་མི་གཉེར་བའི་བྱ་སྤྱོད་མ་དོར་བ་ཡིན་ན། དེང་སྐབས་རང་གཤིས་གཙིགས་འཛིན་གྱི་ལྟ་བ་གོང་ནས་གོང་དུ་འཕེལ་བཞིན་པའི་དུས་རིམ་ཞིག་ཡིན་སྟབས། གཞིས་བྱེས་བར་གྱི་སྐས་རྐང་འདི་གཅོག་མི་སྲིད་པའང་མིན།
༼༢༽ སྲིད་དོན་བཙོན་མའི་སྡེ།
སྲིད་དོན་བཙོན་མ་དང་འབྲེལ་ཆགས་ལྷན་དུ་བསྡེབས་ན་བཙན་བྱོལ་བ་གསར་བའི་གྲངས་འབོར་གྱི་ཧ་ལམ་སྟོང་ཆའི་གཅིག་ཟིན་གྱི་ཡོད་པར་སྣང་ཞིང་། སྒོས་སུ་སྲིད་དོན་བཙོན་མ་ལྷན་རྒྱས་བོད་ཀྱི་དེང་རབས་རང་དབང་རྩོད་ལེན་གྱི་མཚོན་རྟགས་རེ་རེ་ཡིན་ལ། བོད་ནང་ནས་རང་དབང་རྩོད་ལེན་གྱི་མ་འོངས་པར་རྒྱང་ལྟ་བྱེད་སའི་ཐིག་ཤིང་རེ་རེའང་གྱུར་ཡོད། དེ་བས། ཁོང་རྣམ་པ་བཙན་བྱོལ་དུ་ཕེབས་རྐྱེན་ཁྲོད་དུ་དད་པའང་འདུ་མོད། གཙོ་བོ་རང་དབང་མ་རག་པའི་སྡུག་བསྔལ་མ་བཟོད་པར་ཕེབས་པ་ཡིན་ཞིང་། སྡེ་འདིའི་ནུས་པ་གང་ལ་གང་འཚམས་བསྔོག་འདོན་གནང་ཡོད་ནའང་། ད་དུང་རེ་འགའ་ལས་ནུས་པ་བསྔོག་འདོན་ནས་གཞི་རྒྱ་ཆེ་བའི་བེད་སྤྱོད་ཀྱི་རིམ་པར་ལྷགས་མེད་པས། བོད་ནང་གི་བོད་མིར་རང་དབང་བརྩོན་ལེན་ལ་རེ་བ་རྒྱག་རན་ཡོད་མེད་སྟོན་བྱེད་ཁོང་ཚོ་ལས་གཞན་མེད་ལ། རེ་བ་དེ་བཞིན་མཐུད་གནས་བྱེད་ཐུབ་མིན་ཡང་ཁོང་རྣམ་པར་གོ་སྐབས་ག་ཚད་ཅིག་བསྐྲུན་ཐུབ་མིན་ལ་ཐུག་ཡོད། འདིར་གོ་སྐབས་ཞེས་པ་རྒྱལ་སྤྱིའི་ཚོགས་འདུ་འདྲ་མིན་ལ་མཉམ་ཞུགས་གནང་བར་གཞོགས་འདེགས་བྱེད་པ་དང་བརྒྱུད་ལམ་འདྲ་མིན་ནས་རང་མྱོང་ལ་སྦྱར་བའི་བོད་གནས་གླེང་བར་སྡིངས་ཆ་བསྐྲུན་པ། རྒྱལ་ཁབ་འདྲ་མིན་ནང་ཚན་ཆུང་བགོས་ནས་ཁྱབ་བསྒྲགས་ལ་གཏོང་བ་སོགས་ལ་གོ་དགོས།
འཚོ་བའི་ཐད་ནས་བཙན་བྱོལ་བོད་གཞུང་ནས་འཚོི་གཟིགས་གནང་བཞིན་པ་དང་སྔ་རྗེས་མ་ལྟོས་པར་ཨོ་སི་ཁྲི་ལི་ཡར་རྒྱན་གྱི་ལམ་ནས་ཕེབས་ཀྱིན་པ་འདིས་བོད་ནང་ཤུགས་རྐྱེན་གཞན་ཞིག་བསྐྲུན་ཡོད་པས། གོ་ཐོས་ཡིན་ན་སྲིད་དོན་བཙོན་མ་ཟུར་བ་དང་འབྲེལ་ཆགས་སོ་སོར་ཕྱེས་ནས་རྒྱན་ནང་འཛུལ་ཞུགས་བྱེད་དུ་འཇོག་དགོས་ཐུག་ཡོད་པ་ལྟར་ཡིན། འདིས་གྲངས་ཚད་ཅིག་སྟོན་བཞིན་ཡོད་ལ། གྲངས་ཚད་དེའི་སྤུས་ཀར་དག་གཙང་བཟོ་ཐུབ་མིན་ནི་གཞིས་བྱེས་བར་གྱི་རང་དབང་འཐབ་རྩོད་ཀྱི་རྒྱུན་ཐགས་སུ་གྱུར་ཡོད་པས། རྒྱུན་ཐགས་མ་ཆད་པར་དུ་གཞིས་བྱེས་བར་གྱི་རང་དབང་འཐབ་རྩོད་ཀྱི་སྤོབས་པ་མཉམ་གནས་གནང་ཐུབ་ཀྱི་ཡོད།
༼༣༽ ཤེས་ཡོན་པའི་སྡེ།
ཤེས་ཡོན་པས་བཙན་བྱོལ་བ་གསར་བའི་གྲངས་འབོར་གྱི་ཆེས་ཉུང་ཉུང་ཞིག་མ་གཏོགས་ཟིན་གྱི་མེད་ཅིང་། མང་ར་བ་གདུགས་དཀར་འབུམ་ལགས་སྲིད་དོན་གྱི་སྡུག་སྦྱོང་འོག་ནས་བཙན་བྱོལ་ལ་ཐེངས་གཉིས་པར་འབྱོར་མཚམས༼ང་རང་རིག་གནས་ཀྱི་སྐྱབས་བཙོལ་བ་ཞིག་ཡིན༽གསུངས་ཡོད་པ་ནི་བསྡུས་གཟུགས་རང་བཞིན་གྱི་སྤྱི་བསྡོམས་ཤིག་ཡིན་མོད། བཙན་བྱོལ་བོད་གཞུང་གིས་རིག་གཞུང་སྲུང་སྐྱོབ་ཀྱི་དར་ཆ་ཕྱར་ཡོད་པ་ལས་རིག་གནས་པར་མཐོང་ག་ཚད་ཅིག་སྤྲད་ཡོད་མེད་བཀའ་ཤག་སྐབས་གསུམ་པས་གཞུང་ནང་དཀའ་ལས་བརྒྱབ་ནས་ཧུར་ཐག་བྱེད་ཀྱིན་པའི་གསར་འབྱོར་ལས་བྱེད་རྣམས་རང་ཁོངས་སོར་འཇོག་ལས་གཞུང་ཁུངས་སུ་འཛུལ་ཞུགས་བྱེད་མི་ཆོག་པ་ལྟ་བུའི་བཀའ་རྒྱ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་སྤྱི་ཚོགས་གང་དང་གང་ལའང་ཤེས་ཡོན་པས་སྣེ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད་པས། ཤེས་ཡོན་པར་མཐོང་སྤྲད་མ་སྤྲད་ནི་སྤྱི་ཚོགས་ཀྱིས་དབང་འཛིན་པ་དེ་དག་དང་ལེན་བྱེད་འོས་མིན་གྱི་ཚད་གཞིར་གྱུར་ཡོད་ལ། བཀག་རྒྱ་འདི་སུས་གཏོར་བ་ཡིན་ན་དེ་ཡིས་གཞིས་བྱེས་བར་གྱི་ཤེས་ཡོན་པའི་ཟམ་པ་དེ་སྲུང་འཛིན་བྱེད་ཐུབ་ཀྱི་ཡོད།
༼༤༽ སློབ་གྲྭ་བའི་སྡེ།
སློབ་གྲྭ་བའི་སྡེ་ཡིས་བཙན་བྱོལ་ལ་འབྱོར་མཁན་གྱི་གྲངས་ཚད་དགེ་འདུན་པའི་སྡེ་དང་དོ་མཉམ་པའམ། ཡང་ན། དེ་དང་ཕྱོགས་མཚུངས་ཀྱི་གྲངས་འབོར་ཞིག་ཟིན་གྱི་ཡོད་ལ། ཁོང་ཚོ་ནི་སློབ་སྦྱོང་གི་བཙན་བྱོལ་བ་ཡིན་པར་མ་ཟད། བོད་ནང་གི་མ་འོངས་གསོན་རྩར་མིག་དཔེ་བསྐྲུན་བྱེད་ངོ་མ་དེ་ཆགས་ཡོད་པས། སློབ་སྦྱོང་སྤྲད་སྟངས་ནས་སློབ་གཉེར་བྱེད་ཕྱོགས། རིགས་གཅིག་རྐང་འཛིན་མི་སྣའི་རྨང་གདན་དུ་བསྒྱུར་ཐབས་གང་ཅིའི་ཐད་ནས་བསྐྱེད་བསྲིངས་གནང་འོས་ཀྱི་ཡོད་པའི་ཁར། བོད་མི་ཕལ་ཆེ་བའི་ནད་ཚ་སྟེ། རང་ལས་མཁས་པ་བྱུང་མི་ཆོག་པ་དང་རང་ལས་འཇོན་པོར་ཕྲག་དོག་བྱེད་པ་ལྟ་བུའི་བྱེད་བབས་འགོ་བཀའ་ཁྲི་ནས་བརྩམས་ཏེ་དོར་ནས་རིམ་པས་སྤྱི་ཚོགས་སྟེང་དུ་མིང་དོན་མཚུངས་པའི་འདྲ་མཉམ་འགྲན་རྩོད་ཁྱབ་བརྡལ་དུ་གཏོང་ཐུབ་པ་ཡིན་ན། གནམ་འོག་གི་ཕ་མ་སུ་ཞིག་ཀྱང་རང་ཉིད་ཀྱི་བུ་ཕྲུག་ལ་མདུན་ལམ་ཡག་པོ་ཞིག་ཡོད་ན་མི་འདོད་མཁན་གཅིག་ཀྱང་མེད་པས། འབྲེལ་ཟམ་འདི་བཞིན་ཡུན་གནས་བྱེད་མི་ཐུབ་པ་ཞིག་རྩ་བ་ནས་མིན།
ཡང་ཅིག་བཤད་ན། འབྱུང་འགྱུར་བོད་ལ་རང་དབང་རེག་རྗེས་ལས་རིགས་མཐའ་དག་སྒང་རང་མགོ་རང་ཐོན་བསྐྲུན་ཐུབ་མིན་གྱི་གནད་དོན་ཡང་འདི་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས། དེ་ལུགས་ཞོར་འཕྲོས་ཙམ་ཡིན།
༼༥༽ བཀའ་ཆོས་ཞུ་མཁན་གྱི་སྡེ།
བཀའ་ཆོས་ཞུ་མཁན་གྱི་ཁ་གྲངས་བཙན་བྱོལ་ལ་འབྱོར་མཁན་གྱི་གྲངས་འབོར་ཁྲོད་འདུ་ཡི་མེད་ནའང་། ཆོས་ཞུས་རྗེས་ཕྱིར་ལོག་མཁན་གྱི་གྲས་ཡིན་པས། དད་པའི་འབྲེལ་ཟམ་ཏན་ཏན་ཆགས་ཀྱི་ཡོད་པ་རེད་ལ། ད་རེས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་མི་དམངས་ལ་རྩིས་སྤྲོད་གནང་བ་རེད་མ་གཏོགས་མནབ་བཟའ་གསར་རྙིང་བརྗེ་བ་མིན་པས། སྲིད་འགན་རྩིས་སྤྲོད་བྱས་པ་ཙམ་གྱིས་དད་པར་འགྱུར་བ་གཏོང་ཐུབ་རྒྱུ་མ་རེད་ལ། འབྲེལ་ཟམ་འདི་བཞིན་རྦད་དེ་ཆད་འགྲོ་བ་ཞིག་དེ་བས་ཀྱང་མ་རེད།
༧ ༼ མཐའ་མ་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་གི་ཡོད་རེད་ལ་ལས་དོན་གྱི་རྒྱབ་སྐྱོར་གནང་གི་ཡོད་རེད། དེ་ཚོ་ཡང་མ་འོངས་པར་གནད་དོན་གང་འདྲ་གཅིག་ཆགས་ཀྱི་རེད། དེ་ཚོ་ཚང་མ་དགོངས་པ་བཞེས་དགོས་རྒྱུ་དང༌དྲི་རྟགས་ཆེན་པོ་ཡོད་པའི་གནས་སྟངས་ཤིིག་རེད་ཅེས་ཞུ་རྒྱུ་ཡིན།༽
དོན་ལ་དྲི་བ་འདིའང་སེལ་ཐབས་མེད་པའམ། དཀའ་ངལ་འཕྲད་གཞི་ཞིག་ཏུ་གྱུར་མེད། བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་འབྱུང་ཁུངས་ཆེ་ཤོས་དེ་བཞིན་རོགས་དངུལ་ཆགས་ཡོད་ཅིང་། རོགས་དངུལ་མང་ཆེ་བའང་སྐྱབས་བཅོལ་གཟིགས་སྐྱོང་སྟེང་བབས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱིས་མཚོན་པའི་རྒྱལ་ཁབ་ཁག་གི་རོགས་བསྐྱོར་ཡང་བོད་དོན་གཙང་ཐག་མ་ཆོད་བར་ཏེ། བཙན་བྱོལ་བ་གསར་བའི་རྒྱུན་མ་ཆད་པར་དུ་མུ་མཐུད་དུ་གནས་ཐུབ་ཀྱི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་གཙོར་བཟུང་གི་བོད་དོན་འཐབ་རྩོད་རོགས་དངུལ་ཡང་གནས་སྐབས་དེ་མུར་ཡོིང་གི་རེད། ཡིན་ནའང་། ལས་འགུལ་ཁག་བོད་ཕྱི་ནང་མཉམ་རུབ་ཀྱི་ཕྱོགས་སུ་བསྐུལ་འདེད་གཏོང་དགོས་པར་མ་ཟད། བཙན་བྱོལ་བོད་མིར་འཚོ་བ་རང་ཁ་རང་གསོའི་ལས་གཞིའང་ད་ལྟ་ནས་འགོ་འཛུགས་འོས་པ་དུས་ཚོད་ཀྱིས་གཏན་ལམ་འཁེལ་ཚར་བ་ཞིག་ཀྱང་ཡིན།
མཐའ་བསྡོམས།
དོན་ཚན་གསུམ་བརྒྱུད་ནས་ཞིབ་འཇུག་འདི་བཞིན་མཇུག་བསྡུ་བའི་ཚུལ་ལ་འཇུག་རྩིས་ཡིན་ཞིང་། དེང་གི་ལོ་རྒྱུས་ཞིབ་འཇུག་ནི་འདས་ད་ལྟ་མ་འོངས་གསུམ་གཟུངས་ཐག་གཅིག་ལ་སྦྲེལ་བའི་རང་བཞིན་ཅན་གྱི་ལམ་ནང་ཕྱོགས་ཡོད་པས། དེ་དོན་གཙོར་འཛིན་བྱས་ཡོད་པའི་ཁུལ་ཡིན།
ད་ལྟ་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་མི་དམངས་ལ་རྩིས་སྤྲོད་ཀྱི་རྒྱབ་ལྗོངས་དང་ཤུགས་རྐྱེན། ལྷག་འཕྲོས་བཅས་བཤད་གྲུབ་མཚམས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་སྒང་ལ་བབས་ཡོད་ཅིང་། སྐུ་དབང་ཆ་བགོས་ཐད་ནས་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱི་ལས་ཁུར་དམ་བཅའ་ཁྲིམས་དཔོན་ཆེན་མོའི་མདུན་དུ་འཇོག་འོས་ཤིང་། ཁྲིམས་དཔོན་ཆེན་མོ་བསྐོ་འཇོག་ཐད་བཀའ་ཁྲིས་མིང་བྱང་དམིགས་འདོན་དང་གྲོས་ཚོགས་གོང་མའི་ནང་འོས་ཤོག་བླུགས་ནས་ཐག་གཅོད་བྱེད་དགོས་ཆགས་ཡོད་ལ། ཁྲིམས་དཔོན་ཆེན་མོའི་ལས་འཁུར་དམ་འབུལ་ཡང་གྲོས་ཚོགས་གོང་མའི་མདུན་ནས་འཇོག་དགོས་ཀྱི་ཡོད།
གཞན་ཚོགས་གཙོ་གྲོས་ཚོགས་འོག་མ་རང་ངོས་ནས་མང་མོས་འོས་འདེམས་བྱེད་ཀྱིན་པ་ལྟར་སོར་འཇོག་བྱེད་འོས།
འོ་ན། བཀའ་ཁྲིར་སྐུ་དབང་ཡོད་དྲག་པའི་མཇུག་འབྲས་གང་འདྲ་ཞིག་ཏུ་འགྱུར་རམ་ཞེས་པ་འདིའང་བློ་འཚབ་ཡོད་ཆོག་པའི་ཁོངས་གཏོགས་ཤིག་དང་གཟབ་དགོས་པའི་གནད་འགག་ཅིག་ཀྱང་ཡིན་པས། བཅའ་ཁྲིམས་བསྐྱར་བཅོས་ཁྲོད་གྲོས་ཚོགས་གོང་མ་གསར་འཛུགས་གནང་རྒྱུའི་དོན་ཚན་འཇོག་འོས་ལ། ཁྲིམས་དཔོན་ཆེན་མོ་བསྐོ་འཇོག་གི་སྐོར་གོང་དུ་ཞུས་ཟིན་པ་ལྟར་དང་། དེ་མིན་གྲོས་ཚོགས་གོང་མས་ཐད་ཀར་བཀའ་ཁྲིའི་སྐུ་དབང་ལ་ལྟ་རྟོག་བྱེད་ཐུབ་ཀྱིན་པར་མ་ཟད། དགོས་དབང་ཡོད་དུས་གྲོས་ཚོགས་འོག་མར་ཞུ་གཏུགས་ཀྱིས་སྐུ་དབང་བཀོལ་སྤྱོད་ལ་བརྩད་ཞིབ་བྱེད་ཆོག་པ་དང་། གྲོས་ཚོགས་འོག་མའི་རྩ་འབོར་གྱི་སུམ་ཆའི་གཉིས་ལ་མོས་མཐུན་བྱུང་མཚམས་སྐུ་དབང་ལེན་ཡང་ཆོག་གི་ཡོད། ཡིན་ནའང་། གྲོས་ཚོགས་གོང་མའི་གྲུབ་ཆའང་མི་དྲག་ཁག་ཅིག་གི་སྒེར་བདག་གི་རྣམ་པ་མི་ཆགས་སླད་ཉུང་མཐར་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནས་ཡོང་བའི་མི་གྲངས ༢༦ཙམ་དགོས་ཀྱི་ཡོད།
དེ་མིན་བཀའ་ཁྲིས་དགོངས་པ་ཞུ་བའམ། སྐུ་བགེགས་བྱུང་བ་གང་རུང་གི་གནས་ཚུལ་བྱུང་བར་སྟོང་ཆ་མི་ལྷག་ཆེད་བཀའ་ཁྲི་རང་ངོས་ནས་ལས་རོགས་བཀའ་བློན་དག་གདམ་ག་བརྒྱུད་ནས་གྲོས་ཚོགས་ནང་མང་མོས་བྱུང་མཚམས་རང་ལ་ཡིད་ཆེས་ཡོད་པའི་བཀའ་བློན་གང་རུང་ཞིག་ལ་ལས་འཕར་བཀའ་ཁྲིའི་མཚན་གནས་སྩོལ་འོས་པའི་ཁར། བཀའ་ཁྲི་བཞུགས་ཐོག་དབང་ཚད་ཀྱི་ཆ་ནས་ལྷན་ཁང་གང་རུང་ཞིག་གི་བཀའ་བློན་ལས་མེད་ནའང་། གནས་ཚུལ་གང་རུང་བྱུང་མཚམས་བཀའ་ཁྲིའི་སྐུ་དབང་བླངས་ནས་འོས་བསྡུ་སྔ་སྣུར་གྱི་དུས་ཚོད་བཟོ་བ་དང་དུས་ཡུན་དེའི་ནང་དུ་བཀའ་ཁྲིའི་སྐུ་དབང་ལག་བསྟར་བྱེད་ཆོག་པ་བཟོ་རྒྱུའང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ལས་ཆེ།
དེ་མིན་མ་འོངས་བཀའ་ཁྲི་འོས་འདེམས་ཚོགས་ཁག་འགྲན་རྩོད་ཀྱི་ལམ་ཁར་འགྲོ་འོས་ཤིང་། ཚོགས་ཁག་གཉིས་སམ། དུ་མའི་འགྲན་རྩོད་ལས་ཐོབ་པའི་བཀའ་ཁྲིས་མང་མོས་བརྩི་བཀུར་དང་ཉུང་བའི་ཐོབ་དབང་མི་འཆོར་བར་ཁག་ཐེག་བྱེད་ཐུབ་ཀྱི་ཡོད།
ཀློག་མཁན་ལྷན་རྒྱས་ནས་འགན་དུ་བླངས་ནས་ཞིབ་ཀློག་བྱེད་པ་དང་། དགག་སྒྲུབ་བྱེད་པའམ་དགོངས་ཚུལ་གསུང་བར་རེ་བ་རྒྱག་གི་ཡིན་ལ། མཉམ་རུབ་གྲུབ་དོན་ནི་མེ་ཡིས་མི་འཚིག་ལྕགས་ཀྱིས་མི་ཚུགས་པར་འགྱུར་མི་སྲིད་པའང་མིན།
མཐར་བོད་མི་དམངས་ལ་འབོད་བསྐུལ་གཅིག་ཡོད་པ་ནི་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དེང་གི་བར་གཞུང་འབྲེལ་དམངས་གཙོ་ལས་སྤྱི་ཚོགས་དམངས་གཙོར་འགྱུར་མེད་པའི་གནས་སྟངས་འདི་བཞིན་མགོན་པོ་གང་གི་ཐད་འདེམས་དམངས་གཙོའི་རླབས་ཆེན་དགོངས་བཞེད་གཞིར་བཞག་གིས་ཆོལ་ཁ་ཁག་ནས་འགོ་བརྩམས་ཏེ་སྐྱིད་སྡུག་མཐའ་དག་ཐད་འདེམས་ཚོགས་གཙོའི་ལམ་ནང་ཤར་བསྐྱོད་བྱེད་པའི་མཐུན་འགྱུར་བྱེད་པའི་དུས་ལ་འཁེལ་ཡོད་ཅེས་པ་འདི་ཡིན། སྒོས་སུ་རང་ཉིད་མགོན་པོ་གང་གི་སྐུ་རྩ་སྐུ་བདག་ཏུ་བཤད་ཀྱིན་པའི་མདོ་སྨད་རྒྱ་ཆེ་མང་ཚོགས་ལ་འགན་དེ་ལས་ཀྱང་ཆེ་བ་ཞིག་ཕྲག་ཏུ་བབས་ཡོད་པ་མ་བཤད་ཀྱང་མཁྱེན་འོས་པ་ཞོར་འཕྲོས་སུ་བཀོད་པའོ།
ཡང་ཅིག་བཤད་ན། འབོད་སྐད་འདི་ནི་དད་པའམ་ཡེ་ཤེས་དབྱིངས་དཔྱད་ལ་དངོས་སུ་བརྩི་བཀུར་ཞུ་མིན་གྱི་ཡིག་ཚད་ཅིག་ཡིན་ལ། བཙན་བྱོལ་སྤྱི་ཚོགས་ཀྱིས་ཡིག་ཚད་དམ་ཡིག་རྒྱུགས་འདིའི་བརྒྱ་ཆའི་ག་ཚད་ཅིག་ལོན་མིན་གྱིས་དངོས་དོན་ཞིག་གི་གཟུགས་དབྱིབས་བཞེངས་བསྐྲུན་བྱེད་ཀྱིན་ཡོད་པས། ལོ་རྒྱུས་ཀྱིས་ག་དུས་ཀྱང་ཚད་ཤིང་རྒྱག་སྟངས་ལ་ནོར་འཁྲུལ་འཆོར་དུ་འཇོག་མི་སྲིད་པ་ཞིག་ཡིན།
ཕྱི་ལོ ༢༠༡༡ལོའི་ཟླ ༤ ཚེས ༡༠ཉིན་རྩོམ་མཇུག་བསྡུས།
ཕྱི་ལོ ༢༠༡༡ལོའི་ཟླ ༤ཚེས ༡༥ཉིན་བསྐྱར་བཅོས་གཏན་འབེབས།
ཟུར་ལྟའི་ཡིག་ཆ་ཁག
༡ རྒྱལ་བ་རིན་པོ་ཆེ་ཡི་གསུམ་བཅུའི་དུས་དྲན ༥༢ གསུང་འཕྲིན།
༢ རྒྱལ་བ་རིན་པོ་ཆེ་ཡིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན།
༣ རྒྱལ་བ་རིན་པོ་ཆེ་ཡིས་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་རྒྱུ་མིན་པར་མང་གཙོ་གཙང་མའི་ལམ་དུ་ཤར་བསྐྱོད་བྱེད་དགོས་པའི་བཀའ་ནན་སྩལ་བ།
༤ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས་གོང་ས་མཆོག་བགྲེས་ཡོལ་ཕེབས་ན་འཕྲད་སྲིད་པའི་ཉེན་ཁ་བདུན་གྲོས་ཚོགས་ནང་བསྩལ་བའི་གསར་གནས།
༥ རྒྱལ་བ་རིན་པོ་ཆེ་མཆོག་གི་སྲིད་འགན་རྩིས་སྤྲོད་ལས་འཕྲོས་པའི་བོད་ཕྱི་ནང་གི་དྲ་རྩོམ་ཁག
༦ ཁྲིམས་དོན་མཁས་པ་དང་ལོ་རྒྱུས་སྨྲ་བ། བོད་དོན་ལ་དམིགས་བསལ་དོ་སྣང་ཡོད་པའི་གཞི་རིམ་དགེ་རྒན་ཁག་ཅིག་ལ་བསམ་ཚུལ་བརྗེ་རེས་བྱས་པ།
༧ མཁས་དབང་ཡཱན་ཧོང་བྷེན་གྱིས་རྒྱ་ཡིག་ནང་བརྩམས་པའི་བོད་དོན་བརྩམས་ཆོས ༼ནམ་མཁའི་མཐོངས་སུ་བསྲིངས་པའི་བགྲོད་ལམ། ཧི་མ་ལ་ཡ་བརྒལ་བ།༽
ལྷ་སྡེ་གནམ་ལོ་ཡག་གིས་རིན་ཐང་ཅན་གྱི་རྩོམ་ཡིག་ཅིག་སྤེལ་འདུག ཐུགས་རྗེ་ཆེ། མགོ་མཇུག་ཆ་ཚང་ཞིབ་ཀློག་ཐེངས་གཅིག་བྱས་མོད། བསམ་ཚུལ་མང་པོ་ཞིག་བཤད་རྒྱུ་རེག་མ་སོང་ཡང་མདོར་བསྡུས་ཤིག་ཞུ་འདོད་བྱུང། ཁྱེད་ཀྱིས་བོད་ནས་ཡོང་མཁན་རིགས་ལྔར་ཕྱེ་བའི་ནང་གྲྭ་བཙུན་གྱི་རིགས་དེ་ནི་བོད་ཕྱི་ནང་གཉིས་ཀར་རང་བཞིན་གྱིས་གྲྭ་བཙུན་ཉུང་རུ་འགྲོ་བཞིན་པར་མ་ཟད་ལོ་ངོ་གཉིས་གསུམ་གྱི་སྔོན་ནས་རྒྱ་གར་གྱི་དགོན་སྡེ་ཁག་ནང་བོད་ནས་ཕེབས་མཁན་གྱི་སློབ་གཉེར་བའི་མཇུག་བསྒྲིལ་བའི་བཟོ་འདྲ་ཞིག་ཡིན་པས་ཁྱེད་ཀྱིས་ལོ་བཞི་ལྔའི་སྔོན་གྱི་གནས་སྟངས་དེ་གླེང་བཞིན་པ་འདྲ།
སློབ་མའི་སྡེ་དེའང་ད་ལྟ་བོད་ཕྱི་ནང་གཉིས་ལས་ནང་ལོག་གི་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཡག་པོ་ཡོད་པ་ཧ་གོ་དོན་གསལ་ཡིན་པ་མ་ཟད། བཙན་བྱོལ་བོད་གཞུང་གི་དགེ་རྒན་ཚོའི་མདོག་ཆ་ལ་བལྟས་ན་ཡར་རྒྱས་ཀྱི་རེ་བ་ཧ་ཅང་དཀའ་བས་དེ་ཡང་སྔ་ཕྱི་མ་གཏོགས་མཇུག་བསྒྲིལ་ངེས་པ་རེད་སྙམ།
ཤེས་ཡོན་པའི་སྡེ་ལ་ཆ་བཞག་ན་བོད་ནས་ཕེབས་མཁན་གྱི་ཤེས་ཡོན་པ་སྒྲོལ་མ་སྐྱབས་སོགས་ལ་མཐོང་ག་ཚད་ཅིག་སྤྲད་པ་འུ་ཚོའི་སེམས་ན་ཡོད་པ་དེ་རེད། ད་དུང་ཤེས་ཡོན་ཅན་བློ་གྲོས་དཔལ་བཟང་ཡང་རྡ་ས་ན་བདག་མེད་ངང་བཞག་ཡོད་པ་འདི་རེད། འོན་ཀྱང་ཤེས་ཡོན་པར་མཐོང་སྤྲད་མི་ཤེས་པའི་མི་རིགས་ཤིག་ལ་ཧ་ཅང་གི་རེ་བ་ཆེན་པོ་མེད་པ་འདྲ། ད་དེ་ཙམ་ཡིན་བདེ་མོ།
གོང་ས་མཆོག་གིས་༼བཙན་བྱོལ་བོད་གཞུང་ལ་འཛིན་སྐྱོང་དབང་ཆ་རྩིས་སྤྲོད་བྱས་པའི་ཚོར་སྣང་ཐད་གསུངས་དོན། ད་ཆར་ངོས་ཀྱིས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བ་དེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒྲིག་འཛུགས་ལ་དགའ་སྤྲོ་དང་སྤོབས་པ་ཆེན་པོའི་ཐོག་ནས་རྩིས་སྤྲོད་བྱས་ཡོད། དེའི་སྟབས་ཀྱིས་ལོ་ངོ་ ༤༠༠ ཙམ་སོང་བའི་ཏཱ་ལའི་བླ་མའི་བོད་མིའི་ཆབ་སྲིད་མགོ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེ་གཟི་བརྗིད་ངང་མཇུག་བསྒྲིལ་པ་རེད། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཏེ། ངོས་ཀྱིས་སྲིད་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱས་པའི་དགོང་མོ་དེར་གཉིད་ཧ་ཅང་སྐྱིད་པོ་ཞིག་ཁུག་བྱུང་། ༽
ད་རེས་རྩོམ་འདི་ཀློག་རྗེས་དྲ་མཁན་ཚོ་ཡང་གཉིད་སྐྱིད་པོ་ཁུག་ཟིན་པ་མིན་འགྲོ གྲགས་འགུལ་མི་འདུག