རྒྱ་དཀར་ནག་བར་རྩོད་རྙོག་ཆེ་བའི་ས་ཁུལ་ཏེ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དྲུག་པ་རྡོ་རྗེ་མཁའ་འགྲོ་མཆོག་གནམ་གྲུའི་དོན་རྐྱེན་འོག འདས་གྲོངས་སུ་ཕྱིན་པ་དེ་ནི་ཧེ་ལ་ལ་ཡའི་རི་རྒྱུད་སྤྱི་དང་། ལྷག་པར་དུ་མངའ་སྡེའི་མི་མང་དང་བོད་རིགས་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད།
ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ནི་སྤྱིར་བོད་པའི་རྩ་དོན་ཐོག་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། ༧གོང་ས་མཆོག་ལ་དད་དམ་གཙང་མ་ཡོད་མཁན་ཞིག་དང་། ཨ་རུ་ན་ཅལ་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚང་མས་དགའ་མོས་དང་ཆེ་མཐོང་ཞུ་ཡུལ་ཞིག་ཡིན། ལྷག་པར་དུ་ད་ལོའི་ལོ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གསུང་འཆར་གྱི་སྦྱིན་བདག་གཙོ་བོའི་གྲས་ཤིག་ཆགས་ཡོད་སྟབས། ཁོང་ཉེ་ཆར་གནམ་གྲུའི་བརྡབ་སྐྱོན་ལས་རྐྱེན་ལམ་དུ་སོང་བར་མི་མང་པོ་ཞིག་གིས་སེམས་སྡུག་དང་། ཡང་སྒོས་བཙན་བྱོལ་བོད་མི་ཚོས་བློ་ཕམ་དང་སེམས་འཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་རྐྱེན་འདས་སུ་སོང་བ་ཁ་གསལ་ཡོངས་གྲགས་ཆགས་མ་ཐག ༧གོང་ས་མཆོག་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་ཞིག་བསྩལ་ཡོད་པའི་ནང་། “ངོས་ཀྱི་གྲོགས་པོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉེ་ཆར་སྟབས་མ་ལེགས་པར་ཐད་འཕུར་གནམ་གྲུ་རྡབ་སྐྱོན་ཁྲོད་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་གོ་ཐོས་བྱུང་བར་བློ་ཕམ་ཆེན་པོ་བྱུང་།” ཞེས་བཀོད་འདུག་ལ། དེ་བཞིན་བོད་མང་སྤྱི་འཐུས་ལྷན་ཚོགས་དང་བོད་གཞུང་བཀའ་ཤག་བཅས་ནས་ཀྱང་གདོང་སེམས་མཉམ་སྐྱེད་དང་དམ་པ་ཁོང་གི་ནང་མིར་ཐུགས་གསོའི་འཚམས་འཕྲིན་བསྩལ་ཡོད།
འདི་དང་མཉམ་དུ་བོད་པ་མང་པོ་ཞིག་གིས་དུས་འཁོར་དབང་ཆེན་སྐོར་ལའང་གླེང་སློང་སྣ་ཚོགས་ཤིག་ཡོང་གི་ཡོད་སྟབས། འདི་གའི་གསར་འགོད་པས་བཀའ་ཤག་དང་སྤྱི་འཐུས། བོད་གཞུང་ཆོས་དོན་ལས་ཁུངས་བཅས་སུ་བཅར་ཏེ་གནད་དོན་ཁག་ཅིག་གི་ཐད་དུ་འབྲེལ་ཡོད་སོ་སོར་བཀའ་འདྲི་ཞུས་ཡོད། བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ལ་འདས་པོ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་དང་བཅན་བྱོལ་བོད་གཞུང་གི་འབྲེལ་ལམ་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཨ་རུ་ན་ཅལ་མངའ་སྡེ་ནི་ས་ཁྱོན་དང་མི་འབོར་གྱི་ཐད་ནས་མངའ་སྡེ་གཞན་ལས་ཆུང་པ་ཡིན་ཡང་ས་བབ་ཀྱི་ཆ་ནས་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། སྤྱིར་རྒྱ་གར་གཞུང་བོད་པའི་ཐོག་ལ་གཟིགས་པ་ཆེན་པོ་རེད། ལྷག་པར་དུ་མངའ་སྡེ་འདི་བོད་ལ་དམིགས་བསལ་འབྲེལ་བ་ཡོད་པ་དང་ལོ་རྒྱུས་ཐོག་འབྲེལ་ཐག་ཆེས་ཉེ་པོ་ཡོད་པ་ཞིག་ཆགས་ཡོད། ཅེས་དང་།
བོད་པ་བཙན་བྱོལ་དུ་འབྱོར་བ་ནས་རྒྱ་གར་གཞུང་གིས་བོད་མིར་འཛིན་པའི་སྲིད་ཇུས་གང་ཡིན་པ་ནང་བཞིན་ཨ་རུ་ན་ཅལ་མངའ་སྡེ་གཞུང་ཡང་གཅིག་མཚུངས་ཤིག་ཆགས་ཡོད་ན་ཡང་། ས་གནས་ཀྱི་སྐབས་ཐོག་སོ་སོར་འཛིན་སྐྱོང་དང་ཆབ་སྲིད་ཀྱི་འགན་འཁུར་མཁན་རིམ་པར་བྱུང་པའི་ཁྲོད་ལངས་ཕྱོགས་དང་མི་མང་གི་ལྟ་སྟངས་ལ་མཐོ་དམན་ཡོང་གི་ཡོད་པ་ནི་སྤྱིའི་འགྲོ་སྟངས་ཤིག་རེད། རྡོ་རྗེ་མཁའ་འགྲོ་མཆོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཆགས་པའི་རྗེས་སུ་གཅིག་ནས་ཁོང་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པ་དང་། གཉིས་ནས་ཧེ་མ་ལ་ཡའི་རི་རྒྱུད་དང་བྱེ་བྲག་ཏུ་མོན་པ་རྣམས་ལོ་རྒྱུས་ཐོག་བོད་ལ་འབྲེལ་བ་དམ་ཟབ་ཡོད་སྟབས། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་བོད་པའི་རིགས་གཞུང་སྲུང་སྐྱོབ། དེ་བཞིན་བོད་དང་བོད་མིར་གཟིགས་སྐྱོང་གནང་ཕྱོགས་ལ་གཞན་ལས་ལྷག་ཅིག་བྱུང་ཡོད་པ་རེད། ༢༠༠༨ ལོར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་གྱིས་དབུ་ཁྲིད་པའི་བློན་ཆེན་ལྷན་ཚོགས་དང་དེ་བཞིན་གནད་ཡོད་མི་སྣ་མང་པོ་ཞིག་ངྷ་སར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་ཕྱག་དང་བཀའ་བློན་ཁྲི་པ་གཙོས་བཙན་བྱོལ་གཞུང་གི་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་གནང་ཡོད་པ་དེ། ཕྱོགས་གཅིག་ནས་བོད་པའི་ཆོས་དང་རིགས་གཞུང་འདི་ཨ་རུ་ན་ཅལ་མི་མང་དང་གཅིག་གྱུར་ཡིན་པའི་རྣམ་འགྱུར་སྟོན་ཕྱིར་དང་། གལ་ཆེས་ཤོས་སྐབས་དེར་བོད་ནང་ལ་ཧ་ཅང་གི་ཛ་དྲག་ཆགས་ཡོད་པར་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་འགྱུར་སྟོན་པར་ཕེབས་པ་ཞིག་རེད། ཅེས་གསུངས་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། ཉེ་སྔོན་སྔོན་རྡོ་རྗེ་མཆོག་རྐྱེན་འདས་སོང་བ་དང་འབྲེལ་ཏེ། སྤྱི་འཐུས་ལྷན་ཚོགས་ཀྱིས་ཕུལ་པའི་འཚམས་འཕྲིན་ནང་། “ཁོང་གིས་ལམ་བཟང་སྲོལ་གཏོད་གནང་པ་དེའི་རྗེས་སུ་འབྲང་རྒྱུ་ཡིན།” ཞེས་བཀོད་ཡོད་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་བཀའ་འདྲི་ཞུས་པར་ཁོང་གིས། སྔོན་མ་ནས་རྒྱ་དཀར་ནག་གཉིས་བར་ལ་ཨ་རུ་ན་ཅལ་ས་ཁུལ་དང་འབྲེལ་བའི་གནས་ཚུལ་ཞིག་ཆགས་ཡོད་སྟབས། མི་སུ་ཞིག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་བསླེབ་ན་ཡང་བཙན་བྱོལ་གཞུང་དང་བོད་མིར་འབྲེལ་བ་བྱེད་རྒྱུར་གཟབ་གཟབ་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་རེད། ཡིན་ནའང་། རྡོ་རྗེ་མཁའ་འགྲོ་མཆོག་སྔོན་མ་མངའ་སྡེ་བློན་ཆེན་ཁག་ཁ་ཤས་དང་གྲོས་ཚོགས་འཐུས་མི་སྐབས་འགར་གནང་མྱོང་པ་རེད། སྐབས་དེ་དུས་ནས་ཁོང་གིས་བཙན་བྱོལ་གཞུང་གི་ལས་གྱི་སྣེ་མོ་བ་ཚོ་དང་འབྲེལ་ལམ་བཟང་ཡོད་པ་དང་། བོད་དོན་ལ་ཐུགས་སྣང་ཡོད་པ་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཡོད་པ། ལྷག་པར་དུ་ཁོང་སྤྱི་ཁྱབ་བློན་ཆེན་ཆགས་པ་ནས་གནད་དོན་གང་ལའང་འཛེམ་ཟོན་མེད་པར་བཙན་བྱོལ་གཞུང་ལ་འབྲེལ་བ་འཛིན་སྟངས་དང་། ཆོས་ཕྱོགས་ནས་༧གོང་ས་མཆོག་གི་གསུང་ཆོས་ཁག་ལ་ཕེབས་བཅར་དང་མངའ་སྡེའི་ནང་གདན་འདྲེན་ཞུས་པ། མཆོད་ཡོན་སྦྱིན་བདག་གི་འགན་བཞེས་པ་སོགས་ཀྱིས་མཚོན་པའི་ལས་འགུལ་མང་པོ་ཞིག་མངོན་གསལ་དོད་པོ་དང་། སྦ་གསང་མེད་པར་གནང་གི་ཡོད་པ་འདི་ཁོང་གིས་ལམ་བཟང་པོ་ཞིག་སྲོལ་གཏོད་ཡོད་པ་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ལྟའི་ཆར་སྤྱི་ཁྱབ་བློན་ཆེན་ལས་ཚབ་ཅིག་བསྐོ་བཞག་བྱས་ཡོད་པ་རེད་ལ། མ་འོངས་པར་སྤྱི་ཁྱབ་བློན་ཆེན་གསར་པ་ཞིག་བསླེབ་ཡོང་གི་རེད། ཁོང་ཚོའི་སྐབས་སུ་ཡང་སྔོན་མ་བྱུང་ཟིན་པའི་ལམ་ལུགས་ཤིག་ལ་བལྟ་ས་ཡོད་པ་དང་། དེ་འདྲ་བྱ་རྒྱུར་དོགས་སྣང་དང་སྦ་གསང་མི་དགོས་པའི་ཐོག་ནས་བྱ་ཐུབ་པའི་གནས་སྟངས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས་སོང་།
ཡང་ཆོས་རིགས་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ལ། འཆར་ལོའི་ལོ་མགོར་དུས་འཁོར་དབང་ཆེན་གནང་འཆར་ལ་རྡོ་རྗེ་མཁའ་འགྲོ་མཆོག་སྦྱིན་བདག་གཙོ་གྲས་ཡིན་ཡང་། ཐེངས་འདིར་ཁོང་རྐྱེན་འདས་སུ་སོང་ཡོད་སྟབས། དུས་དབང་ལ་འགྱུར་བ་འགྲོ་མིན་དང་། ལྷག་པར་དུ་སྦྱིན་བདག་གི་ཐད་ནས་གནས་སྟངས་གང་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། སྤྱི་ཁྱབ་བློན་ཆེན་ཁོང་རྐྱེན་འདས་སུ་སོང་པ་དེ་ཚང་མར་བློ་ཕམ་ཆེན་པོ་ཡོད་པ་རེད། འོན་ཀྱང་། ཁོང་སྐུ་ཚེ་འཕེན་པ་རྫོགས་ན་ཡང་དུས་འཁོར་དབང་ཆེན་འཚོགས་རྒྱུར་འགྱུར་བ་ཡོད་པ་མ་རེད། སྦྱིན་བདག་གི་ཐད་ནས་ཀྱང་དཀའ་ངལ་གང་ཡང་ལྷག་གི་མ་རེདེ། བློན་ཆེན་མཆོག་གི་ནང་མི་བཟའ་ཟླ་ཚོར་གྲ་སྒྲིག་ཡོད་ངེས་རེད། ད་ལྟ་དུས་དབང་གོ་སྒྲིག་ཚོགས་ཆུང་བཙུགས་ཡོད་པ་མ་ཟད། ཁོང་གི་གཙོ་འགན་འོག་སྦྱིན་བདག་གནང་མཁན་གཞན་མང་པོ་ཡོད་པ་རེད། གལ་སྲིད་ཆོས་རིགས་ལས་ཁུངས་ལ་མཉམ་རུབ་བྱ་དགོས་པའི་བཀའ་མོལ་འདྲ་བྱུང་ཚེ་བསྒྲུབ་མི་ཐུབ་པ་དེ་འདྲ་མ་རེད། ལྷག་པར་དུ་དུས་འཁོར་དབང་ཆེན་གནང་གཏན་འཁེལ་ཏེ། བོད་ཕྱི་ནང་དང་ཧི་མ་ལ་ཡའི་རི་རྒྱུད། འཛམ་གླིང་ཁྱོན་ཡོངས་ལ་གསལ་བསྒྲགས་སོང་ཟིན་སྟབས། དུས་དབང་འཚོགས་རྒྱུར་འགྱུར་བ་གང་ཡང་འགྲོ་བ་མ་རེད་ལ། སྦྱིན་བདག་གི་ཐད་ནས་ཀྱང་སེམས་འཁྲུལ་ཁྱོན་ནས་ཡོད་པ་མ་རེད། ཅེས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དང་ཁོང་གི་སྐུ་སྲུང་པ་ཡེ་ཤེ་ཆོས་གྲགས། གནམ་གྲུའི་ཁ་ལོ་པ་གཉིས་དང་། ཉེ་འབྲེལ་བུ་མོ་ཡེ་ཤེ་ལྷ་མོ་བཅས་ཐད་འཕུར་གནམ་གྲུ་བརྒྱུད་མོན་རྟ་དབང་ནས་ཨེ་ཊི་ནཱ་གྷར་ལ་འཕུར་སྐབས། གནམ་གྲུ་བར་སྣང་དུ་ཕུར་ཏེ་སྐར་མ་བཅུའི་རྗེས་སུ་བརྡ་རྟགས་ཆད་དེ་ས་ཐོག་དང་འབྲེལ་ལམ་ཆད་ཡོད་ཅིང་། ཁོང་གི་གནམ་གྲུ་བོར་བརླག་ཕྱིན་པའི་དོན་རྐྱེན་བྱུང་འཕྲལ་གནམ་རིག་འཕྲུལ་ཆས་བརྒྱུད་འཚོལ་བཤེར་བྱས་ཀྱང་གནམ་གཤིས་མི་ལེགས་པས་ཤེས་རྟགས་མ་ཐུབ་པར་བརྟེན། རྒྱ་གར་དམག་མི་དང་ཉེན་རྟོག་པ། གསང་པའི་ལས་ཁུངས་བཅས་ཀྱི་མི་སྣ་སོགས་དངོས་སུ་དོགས་གཞིའི་ས་ཁུལ་གང་སར་ཕྱིན་ཏེ། འཚོལ་བཤེར་བྱས་མཐར་ཕྱི་ཚེས་ ༤ ཞོགས་པའི་ཆུ་ཚོད་ ༡༡ ཙམ་ལ་རྒྱ་དཀར་ནག་གི་ས་མཚམས་དང་ཉེ་པའི་རྟ་དབང་རྫོང་གི་ས་གནས་ཤིག་ཏུ་ཡུལ་མི་ཁག་ཅིག་གིས་གནམ་གྲུའི་ཆག་རོ་དང་ཕུང་པོ་འགའ་རྙེད་སོན་བྱུང་ཡོད། དེ་ལ་ཞིབ་འཇུག་བརྒྱུད་དེ་བློན་ཆེན་མཆོག་གི་གནམ་གྲུ་ཡིན་པ་དང་། ཕུང་པོ་རྣམས་ཀྱང་ངོས་འཛིན་ཐུབ་ཡོད་པའི་གནས་ཚུལ་ཕྱི་ཚེས་ ༥ ཞོགས་པར་རྒྱ་གར་ནང་སྲིད་བློན་ཆེན་ཅེ་ཌམ་བྷ་རམ་མཆོག་གིས་ཁྱབ་བསྒྲགས་བྱས་ཡོད།
རྡོ་རྗེ་མཁའ་འགྲོ་མཆོག་ ༡༩༥༥ ཟླ་ ༣ ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་མོན་རྟ་དབང་གི་དགེ་གཡང་མཁར་གྲོང་སྡེ་རུ་མོན་པའི་རིགས་སུ་སྐྱེས་ཤིང་། ཁོང་འབྲང་རིམ་སློབ་མཐར་ཕྱིན་རྗེས་རྒྱ་གར་གསང་པའི་དམག་མིའི་རུ་ཁག་ནང་ཞུགས་ཏེ། སྐབས་དེའི་རྒྱ་གར་དང་བྷང་ལ་ངྷེ་ཤི་དམག་འཁྲུག་ཁྲོད་ཁོང་ལ་ཕུན་བྱུང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མྱོང་ཞིང་། རྗེས་སུ་ཁོང་གིས་རྟ་དབང་རྫོང་ཁོངས་སུ་མི་མང་བདེ་སྡུག་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སྣ་ཚོགས་སུ་ཞུགས་ཏེ་འགན་ཁུར་ཡོད་འདུག ༡༩༨༣ ནས་ ༡༩༨༧ བར་ཁོང་ཀཱ་མན་ནུབ་མ་རྫོང་གི་སྤྱི་ཁྱབ་འགན་འཛིན་གཞོན་པར་བདམས་ཐོན་བྱུང་ཞིང་། ༡༩༩༠ པར་གྲོང་གསེབ་ཁག་ལ་ཆུ་དང་གློག་གི་མཐུན་རྐྱེན་སྦྱོར་བ། སློབ་གྲྭ་དང་ཆོས་བྱེད་རྟེན་གཞི་གསར་སྐྲུན་སོགས་སྤྱི་ཚོགས་ཞབས་ཞུའི་ལས་གཞི་རྒྱ་ཆེར་བསྒྲུབས་ཤིང་། ༡༩༩༠ ནས་ ༢༠༠༧ བར་སྐབས་གསུམ་རིང་ཁོང་མངའ་སྡེ་གྲོས་ཚོགས་འཐུས་མིར་འོས་འདེམས་དང་། མངའ་སྡེའི་བློན་ཆེན་ལས་ཁུངས་འདྲ་མིན་གྱི་འགན་ཁུར་མྱོང་ཡོད་འདུག ༢༠༠༧ ལོར་ཁོང་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་འོས་འདེམས་བྱུང་པ་མ་ཟད་ ༢༠༠༩ ལོར་བསྐྱར་དུ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བ་ཞིག་ཡིན།
གསར་འགོད་པ། བནྡེ་སྐྱབས།
ཨཽ་མ་ཎི་པདྨེ་ཧུཾ།
པདྨ་འདམ་གྱིས་མ་འགོས་ཤིང་། །སྲིད་གསུམ་དྲི་མས་མ་འགོས་པར། །སྲིད་པའི་པདྨ་ལས་གྲོལ་ཏེ། །བདེ་བ་ཅན་དུ་སྐྱེ་བར་ཤོག ། ཨཽ་མ་ཎི་པདྨེ་ཧུཾ། རི་བོ་ཏ་ལའི་ཞིང་ཁམས་སུ། །ཡིད་དམ་ཐུགས་རྗེ་ཆེན་པོ་བཞུགས། །སྙིང་རྗེ་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །