མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བོད་མིའི་སྒྲིག་འཛུགས”ལས་འཕྲོས་པའི་བསམ་གཞིཊ་ཐ་ཐུན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སྡེ་གནམ་ལོ་ཡག་དང་འབྲོག་མྱི་སྟག་ལྷ་རྒྱལ།

སྔོན་གླེང་།

“ཕྱི་ཚེས་ ༢༧ ཉིན་གྱི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཉིན་གཉིས་པའི་སྟེང་། བཙན་བྱོལ་བོད་གཞུང་གི་ཚབ་ཏུ། ‘ བོད་མིའི་སྒྲིག་འཛུགས’ དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཚབ་ཏུ། ‘བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག’ ཅེས་གཏན་འབེབས་གནང་སོང”ཞེས༼ བོད་ཀྱི་དུས་བབ་དྲ་རྒྱའི ༽སྟེང་དུ་ཕྱི་ལོ ༢༠༡༡ ལོའི་ཟླ་ ༥ཚེས་ ༢༧ ཉིན་བཀོད་འདུག འོ་ན། ཨིན་ཇིའི་ནང་གི “Central Tibetan Administration”ཞེས་པའི་ཚིག་འདིར་འགྱུར་བ་ཡོད་དམ་མེད། ད་དུང་གསལ་ཁ་ཐོན་མི་འདུག

གསར་འགྱུར་འདི་མཐོང་མ་ཐག་བོད་ནང་གི་མི་གྲངས་ཉི་ཤུ་ལྷག་ལ་བརྡ་འཕྲིན་གྱི་ལམ་ནས་བསམ་ཚུལ་དྲིས་པ་ཡིན་ཞིང་། དེའི་ཁྲོད་ཀྱི་མི་བཅོ་ལྔས་རང་སྲོག་རང་གིས་བཅད་པ་ཞིག་ལ་ངོས་འཛིན་དང་བློ་ཕམ་ཚད་མེད་ཡོད་པའི་རྣམ་འགྱུར་བསྟན་པ་དང་མཉམ་དུ་པེ་ཅིན་སྲིད་གཞུང་གིས་བཙན་བཟུང་ནས་ད་བར་དུ། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་རང་སྐྱོང་ཟེར་བ་དེ་བོད་ཁུལ་ཡོངས་ལ་ཡོད་བཞིན་པ་རེད། དེ་མ་གཏོགས་རྩོད་ལེན་བྱེད་ཀྱིན་མེད་དུས། རྣམ་པ་ཚོས་དཀའ་ལས་མྱོང་མི་དགོས་པར་ཕྱིར་ཕ་ཡུལ་དུ་ཕེབས་ཤོག་དང་། ང་ཚོས་མཉམ་དུ་ “རང་སྐྱོང་”ལོངས་སུ་སྤྱོད་དགོས་ཞེས་ཟེར། གཞན་མི་གསུམ་ལྷག་གིས་ཀུ་རེ་དང་སྦྲགས་ནས་རྒྱལ་གཅེས་ཀྱི་བསམ་བློའི་འགྱུར་བར་སྔ་ཕྱི་མེད་ཀྱང་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་ཅིག་ཡོད་གལ་གསུངས་སོང་། ལྷག་འཕྲོས་ཀྱི་མི་གཉིས་ཀྱིས་ཧ་གོ་ཐུབ་ཀྱི་མི་འདུག་པས། དེའི་ཐད་ངོ་སྤྲོད་རང་བཞིན་གྱི་དཔྱད་བརྗོད་ཅིག་འབྲི་དགོས་པར་མཐོང་གི་འདུག

དེ་བས། ཕྲན་གཉིས་ནས་ལས་འགན་འདི་ལྕོགས་མིན་ལ་མ་ལྟོས་པར“བོད་མིའི་སྒྲིག་འཛུགས”ཟེར་བའི་ཐ་སྙད་གསར་བ་འདིར་རོབ་ཙམ་དཔྱད་པའི་ལས་སུ་ཞུགས་པའི་ཁུལ་ཡིན།

“བོད་མིའི་སྒྲིག་འཛུགས”ཟེར་བའི་རྒྱབ་མདུན།

ཁྲིམས་ཀྱི་ངོ་བོར་འཕེལ་ལ་ཉེ་བའི་ཐ་སྙད་འདིའི་བྱུང་རིམ་ལ་རོབ་ཙམ་བལྟས་ན། ཧ་ལམ་ཕྱི་ལོ་ ༢༠༡༠ ལོ་ནས་མི་མངོན་པ་ནས་དེང་སྐབས་མངོན་གསལ་དུ་གྱུར་བ་ཞིག་ཡིན་ཞིང་། རྩ་བའི་འབྱུང་རྩ་གྲོས་ཚོགས་ལ་བསྟན་ཡོད་མེད་ཀྱི་རྩོད་གཞིར་གྱུར་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ཕུལ་བའི༼ བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ ༽དང་༼ བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་འགྲེལ་བཤད ༽ཅེས་པའི་ཡིག་ཆ་དེ་གཉིས་ལ་ཐུག་ཡོད་པར་མ་ཟད། སྐབས་དེ་དུས་ནས་པེ་ཅིན་སྲིད་གཞུང་གིས༼བསམ་འཆར་ཡིག་ཆ༽དེ་གཉིས་ངོས་ལེན་གནང་རྒྱུ་ཕར་ཞོག་བོད་ཀྱི་གནད་དོན་ཐད་ཀར“ཏཱ་ལའི་བླ་མའི་མདུན་ལམ་གྱི་གནད་དོན”སྒང་སྒྲུབ་ཅི་ཐུབ་ཀྱིས“དེང་ཕྱིན་ཏཱ་ལའི་བླ་མས་ཅི་ཞིག་བཤད་པ་ལ་མི་ཉན་པར་ཅི་ཞིག་ལས་རྒྱུ་ལ་ལྟ་རྒྱུ་ཡིན”ཞེས་བསྒྲགས་གཏམ་སྤེལ་ཡོད།

དོན་ལ་མཁན་པོ་སྐྱོ་བྲག་དགའ་དབང་མཆོག་གི་རྩོམ་ཡིག་ཏུ་གསལ་བ་ལྟར། “ལྐོག་བཤད་ཅིག་ཏུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྐལ་བཟང་རྒྱལ་མཚན་གསུམ། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་བར་བཅར་སྐབས་བསམ་ཚུལ་ཕུལ་བ་ཡིན་རབས་གླེང་གིན་འདུག” (༡) ཅེས་པ་ནི་སྒྲུབ་བྱེད་ཆགས་ཡོད་པར་མ་ཟད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བཅའ་ཁྲིམས་ཟིན་བྲིས་འགྲེལ་བཤད་གནང་སྐབས། “སི་ཝེ་ཌེན་སོགས་འཛམ་གླིང་རྒྱལ་ཁབ་ཁ་ཤས་ནང་གྲོས་ཚོགས་ཀྱི་ཁྲིམས་འཆར་ཁྲིམས་སུ་བཅས་པར་གྲོས་ཚོགས་ཚོགས་གཙོས་མཚན་རྟགས་སྐྱོན་གྱི་ཡོད་པ་རེད། དེ་ལྟར་བྱས་ན། ཁྲིམས་འཆར་བསྐྱར་སློག་བྱེད་པའི་ཆ་རྐྱེན་དེ་མེད་པ་ཆགས་འགྲོ་བ་རེད” (༢)ཅེས་པ་ནི་ཆ་རྐྱེན་མེད་པའི་ལག་བསྟར་ལྟ་བུར་གོ་ཆོག་པར་སྙམ། དེ་མིན་༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་སྟེང་ཕུལ་བའི་གསུང་འཕྲིན་ནང་“བཙན་བྱོལ་སྒྲིག་འཛིགས”ཞེས་པའི་མིང་དེ་བཀོད་ཡོད་པ་དང༌། དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐུ་སྒེར་ཡིག་ཚང་ལ་ཞལ་པར་ཕུལ་ནས་བཙན་བྱོལ་བོད་གཞུང་གི་མིང་དེ་“བཙན་བྱོལ་སྒྲིག་འཛུགས”སུ་བསྒྱུར་རྒྱུར་གཏན་འཁེལ་མིན་བཀའ་འདྲི་ཞུས་དུས། སྐུ་སྒེར་ཡིག་ཚང་གིས་ཁ་པར་བརྒྱུད“བོད་མིའི་སྒྲིག་འཛུགས”ཞེས་བསྒྱུར་ན་ཞེས་བཀའ་ལན་གནང་ཡོད་པ་ཇི་བཞིན་བགྲོ་གླེང་སོགས་བརྒྱུད་རིམ་གཅིག་ཀྱང་མེད་པའི་སྒོ་ནས་དེ་ལྟར་གཏན་འཁེལ་བྱས་པ་ཞིག་ཡིན་པས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ བའི་ཚེས ་༢༧ ཉིན། ལོ་ངོ ༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲིད་དབང་ལོ་རྒྱུས་ཀྱི་རྒྱུན་བཅད་ཡོད་པའི་ཁར། ཐ་ན་ཡིག་ཐོག་གི་གསལ་བཤད་ཙམ་ཡང་མེད་པར་ཤིན་ཏུ་ལས་སླ་བོས་ངང་ངག་ཐོག་གིས་ཀྱང་ཁ་པར་གཅིག་གིས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཅུག་འདུག

ཡིན་ན་ཡང་། ༧གོང་ས་མཆོག་གི་མཐའ་མའི་ཐག་གཅོད་དེར་ཕྱིའི་གནོན་ཤུགས་གཅིག་པུ་ལས་ནང་གི་གནོན་ཤུགས་ཀྱང་མི་ཆུང་བ་ཞིག་ལ་ཐུག་ཡོད་པའི་དོགས་པ་སྐྱེ་རུ་བཅུག་པ་ནི། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་སྐབས་གནོན་ཤུགས་ཅི་ཞིག་སྤྲད་ཡོད་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཞལ་པར་ཕུལ་ནས་༧གོང་ས་མཆོག་གི་ཞལ་ནས“བོད་མིའི་སྒྲིག་འཛུགས”ཞེས་པའི་མིང་འདི་བཙན་གྱིས་བླངས་པ་ལས་ཀྱང་ར་འཕྲོད་ཐུབ་པ་ཞིག་རེད། ད་དུང་སྐུ་སྒེར་ཡིག་ཚང་གིས་གྲོས་ཚོགས་ཚོགས་དུས་འཕར་མར་བསྩལ་བའི་བཀའ་ཤོག་ཏུའང“ བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་གྱི་མཚན་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་ཞུ་གཉིས་འབུལ་གནང་མཛད”ཅེས“ བོད་གཞུང”འབུར་དུ་བཏོད་ཡོད་པ་དང་ཡང“བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད”ཅེས་བཀའ་ཤོག་གཅིག་ལས་མིང་མ་འདྲ་བ་གཉིས་ཐོན་ཡོད་པའི་ཆ་ནས་ཀྱང་དོགས་གཞི་ཆེན་པོ་ཞིག་བཞག་ཡོད།  རྒྱུ་མཚན་གཞན་ཞིག་ནི་སྔར་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ཞིང་གཤེགས་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་པེ་ཅིན་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ། དེང་ཕྱིན་བོད་རྒྱ་ཁོངས་རེད་ཅེས་བཀའ་མོལ་མ་གནང་རོགས་ཞེས་ཐད་ཀར་ཞུས་ཡོད།

དེ་མཚུངས་སུ་སད་ཀྱི་ཁར་སེར་བ་ཞེས་པའི་དཔེ་བཞིན་ཨིན་ཇི་གཞུང་གིས་ཀྱང་ན་ནིང“བོད་ཀྱི་བདག་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་ཅེས་ངོས་ལེན་བྱས་ཡོད”ཅིང་། བོད་དོན་རྒྱབ་སྐྱོར་བ་ཚོར་དེ་ནི་བཙན་བྱོལ་བོད་གཞུང་གི་ཐག་གཅོད་ཅིག་ཡིན་པའི་འགྲེལ་བཤད་ཀྱང་ཨིན་ཇི་གཞུང་ནས་བསྐྱོན་ཡོད། ཡིན་ནའང་། རྒྱ་ནག་གི་འཐབ་ཇུས་མཁས་དབང་ཁག་ཅིག་གིས་པེ་ཅིན་གཞུང་ལ“ཏཱ་ལའི་བླ་མ་ཕ་ཡུལ་དུ་བསུས་ནས་ཡང་སྤྲུལ་འཁྲུངས་པ”ཞེས་པའི་འཐབ་ཇུས་རང་བཞིན་གྱི་ཐབས་བཀོད་ཅིག་ཕུལ་ཡོད་པ་གསལ་བོ་རེད་ལ། དེའི་དོན་ནི་ཐབས་ལམ་སྤྱད་ནས་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་ལ་ལྟ་སྐོར་དུ་གདན་འདྲེན་དང་དེའི་འཕྲོས་ཕྱི་ནང་གང་དུ་སྐུའི་འཕེན་པ་རྫོགས་ཀྱང་པེ་ཅིན་གཞུང་ལ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ཐོབ་ཐང་ཡོད་པའི་དོན་བཤད་ཀྱི་ཡོད།

“བོད་མིའི་སྒྲིག་འཛུགས”ཟེར་བའི་མདུན་ལྗོངས།

“བོད་མིའི་སྒྲིག་འཛུགས”ཞེས་གླེང་མ་ཐག་ཕ་རོལ་བོར་འཛམ་གླིང་གི་གྲུ་ག་གང་སར་ཡོད་པའི་ཚོགས་པ་སྤྱིར་བཏང་བ་ཞིག་ལས་གོ་བ་གཞན་སྟེར་རྒྱུ་མེད་ལ། བོད་མི་ཞེས་པའི་རྒྱབ་ཏུ་བཙན་བྱོལ་བ་བསྐུང་ཡོད་ཅིང་། བོད་དོན་སེལ་ཐབས་སུ་དམིགས་པའི་འཐབ་རྩོད་ཀྱི་ངོ་བོ་རྩ་བ་ནས་དོར་ཚར་འདུག་པའང་ཤེས་ཐུབ། དེ་བས། བོད་མི་དམངས་ཀྱི་ཕུགས་བསམ་གཏོར་ནས“རང་རང་མ་ཤི་རང་རང”ཞེས་པའི་གནས་སྟངས་ཤིག་གི་སྟེང་དུ་བསྐུལ་འདེད་བྱས་འདུག

ཕྱོགས་གཅིག་ནས་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་གསུངས་པ་ནང་བཞིན། “ སྔོན་མ་ཡིན་ན་ང་ཚོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་པ་ཞིག་ཡོད། ད་ལྟ་ངས་ཡིག་ཆ་འདིར་བལྟས་ཡོང་དུས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་འཁོད་འདུག གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན་ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད་དམ། དབྱིན་སྐད་དུ་ ( Is this a government in Exile or Is this a government of Tibetans in Exile? ) གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་མ་དངུལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པོར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད”( ༣ )ཅེས་པ་ནི་རྒན་གཅིག་པུ་མ་ཡིན་པར་སྨྱུག་ཐོགས་པ་གཉིས་ཀྱི་མཐའ་འཁོར་དུའང་ད་ནས་བཟུང་དཔྱ་ཁྲལ་མ་དངུལ་འབུལ་ས་ཞིག་ལ་མ་གཏོགས་“བོད་མིའི་སྒྲིག་འཛུགས་”ལ་འབུལ་རྒྱུ་མེད་ཟེར་མཁན་མང་པོ་བྱུང་སོང་།

ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་སྲིད་དོན་རིག་པའི་ལོ་རྒྱུས་རྒྱུན་རིང་ཞིང་། ཡིག་ཐོག་ཏུ་བཀོད་ནས་ལོ་ངོ་གཉིས་སྟོང་ལྷག་བརྒལ་ཡོད་པས། “རང་གཞན་གཉིས་ཀར་རྒྱུས་ལོན་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་པ་མེད”ཅེས་སྲིད་དོན་འཐབ་རྩལ་ལ་བསྡོམས་ཚིག་བཀོད་པར་མ་ཟད། མའོ་ཙེ་ཏུང་གིས་རིགས་ལམ་དེ་དག་སྤྱི་བསྡོམས་ཀྱིས“གདེངས་ཚོད་མེད་པའི་འཐབ་འཁྲུག་རྒྱག་མི་རུང”ཞེས་མངག་བཅོལ་ནན་མོ་བྱས་ཡོད། དེ་བས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ ཚེས་ ༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་ལན་འདེབས་བཅར་འདྲིའི་ནང་། “ ཏཱ་ལའི་བླ་མའི་སྐུ་ཚབ་ཀྱིས་དབུས་གཞུང་ལ་སྤྲད་པའི‘བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར’ ཡིག་ཆ་དེ་གཞུང་གིས་སྐབས་ཐོག་དེར་ཕྱིར་སློག་ཟིན་ནའང་། ཡུལ་གྱར་སྲིད་གཞུང་གིས་རྒྱ་ནག་དབུས་གཞུང་གི་བརྡ་ལན་ལ་སྒུག་ཡོད་སྐོར་མ་ཡིན་ཡིན་མདོག་བསྟན་དེ། ད་ལྟའི་བར་རང་གཞན་གཉིས་ཀར་མགོ་སྐོར་གཏོང་བཞིན་ཡོད་པ་དང་། དབུས་གཞུང་གི་ཕྱོགས་ནས་བོད་ཀྱི་གནད་དོན་དང་། བོད་ཆེན་པོའི་ས་ཁུལ་རང་སྐྱོང་ཟེར་བ་ཞིག་རྩ་བ་ནས་གྲོས་མོལ་བྱ་མི་སྲིད། འབྲེལ་མོལ་གྱི་ཐད་དབུས་གཞུང་ལ་རྩ་གནད་གཉིས་ཡོད་དེ། གཅིག ཕར་ཕྱོགས་ཀྱི་ཐོབ་ཐང་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ཁོ་ན་ལས། གཞན‘ཡུལ་གྱར་སྲིད་གཞུང’དེར་སུ་ཞིག་གིས་བཀའ་བློན་གྱི་འགན་འཁུར་ཡང་རུང་། དེ་དག་ཚང་མ་ནི་མེས་རྒྱལ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་ཅིག་ལས་མ་འདས་པས། ཁྲིམས་མཐུན་གྱི་ངོ་བོ་མེད་པར་མ་ཟད། རྒྱ་གཞུང་དང་གྲོས་མོལ་གྱི་ཐོབ་ཐང་གང་ཡང་མེད། གལ་སྲིད་ཡུལ་གྱར་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཕན་ཚུན་གདོང་ཐུག་སྐབས་ག་དུས་ཡིན་ཡང་ཁོ་ཚོ་བཙན་བྱོལ་གཞུང་གི་འཐུས་ཚབ་ཡིན་ཞེས་བརྗོད་ཐུབ་ཀྱིན་མི་འདུག་ལ། རྒྱུན་པར་ཕྱིར་ལོག་རྗེས་བཙན་བྱོལ་གཞུང་གི་འཐུས་འཚབ་ཡིན་མདོག་གིས་རྒྱལ་སྤྱིའི་སྒང་ལ་རྫུན་གཏམ་ཤོད་ཀྱིན་འདུག དེ་ནི་འབྲེལ་མོལ་ལ་བསམ་ངན་ཞེ་བཅངས་ཀྱིས་གཏོར་བཤིག་བཏང་བ་ཞིག་རེད། གཉིས། འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ན་དང་། ཆེས་མང་ནའང་ཁོའི་ཉེ་འཁོར་གྱི་མི་ཉུང་ཤོས་ཤིག་གི་མདུན་ལམ་གནད་དོན་ཡིན། ཡང་གཅིག་བཤད་ན། ཏཱ་ལའི་བླ་མས་ཁ་བྲལ་རིང་ལུགས་པའི་ལངས་ཕྱོགས་དང་བསམ་འདུན་རྨང་ནས་དོར་ཏེ། དབུས་གཞུང་དང་རྒྱ་ནག་མི་དམངས་ཀྱི་བསམ་ཤེས་ཐོབ་ཐུབ་ལ་བརྩོན་རྒྱུ་དང་། ཁོ་རང་སྐུ་སྒེར་གྱི་གནད་དོན་ཇི་ལྟར་ཐག་གཅོད་མིན་ཡིན། ”

དེ་མཚུངས་སུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཀྲུའུ་ཞི་པདྨ་འཕྲིན་ལས་ཀྱིས་ཕྱི་ཚེས་ ༡༩ ཉིན་གསར་འགོད་པར་བརྗོད་དོན། དབུས་སྲིད་གཞུང་གི་ལངས་ཕྱོགས་གསལ་བོ་ཡིན། “འབྲེལ་མོལ་བྱེད་ནའང་། ཏཱ་ལའི་བླ་མ་སྒེར་དང་ཁོའི་ཉེ་འཁོར་གྱི་མིའི་མདུན་ལམ་གནད་དོན་ལས་མེད། གལ་སྲིད་ཁོ་བོས་བོད་རང་བཙན་གྱི་ལྟ་བ་དོར་ནས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་དང་། བོད་ལྗོངས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པ་ངོས་ལེན་བྱས་ཚེ་ད་གཟོད་སྐད་ཆ་ཅི་ཡང་བཤད་ཆོག”( ༤)

གོང་གསལ་རྒྱ་རིགས་དཔོན་རིགས་འདི་དག་གི་གཏམ་བཤད་ལས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། བོད་གཞུང་ནས་སྒྲིག་འཛུགས། སྒྲིག་འཛུགས་ནས་ཀྲུང་གོའི་ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ལྟ་བུར་བསྒྱུར་ནའང་། བོད་ཀྱི་གནད་དོན་རྩ་བ་ཉིད་ནས་ཁས་ལེན་བྱེད་ཀྱི་མེད་པ་དང་བོད་རྒྱ་འབྲེལ་མོལ་ཟེར་བའང་མི་ཁ་ཤས་ཀྱི་མདུན་ལམ་མ་གཏོགས་གླེང་རྒྱུ་ལྷག་མེད་པའི་བསྒྲགས་གཏམ་ཡིན་པ་ངེས་པར་དུ་བོད་མི་ཚོས་ཤེས་དགོས་ཀྱི་ཡོད། ད་དུང་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུའི་གནད་དོན་གྱིས་མཚོན་པའི་ངོས་ལེན་བྱེད་དགོས་པ་ཁག་ཅིག་རྒྱབ་ལོགས་སུ་ཡིབ་ཡོད་པས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱང་ལམ་ལོགས་ཤིག་ཏུ་འཁྲིད་རྩིས་མེད་པའང་མིན།  

“བོད་མིའི་སྒྲིག་འཛུགས”་དང་དབུ་ཁྲིད་གསར་བ།

སྔར་ཟམ་གདོང་རིན་པོ་ཆེ་ཡིས་གངས་ཅན་སྐྱིད་གཤོངས་ནི་མོ་ཊ་ཀོབ་ཏོ་ཞིག་ཡིན་ཞེས་བསྡོམས་ཚིག་བཞག་ཡོད་པར་ལྟ་སྐབས། ཀོབ་ཏོ་ཡིན་པ་མ་གཏོགས་ད་དུང་བསྐོར་ནས་འགྲོ་ཆོག་པ་གསལ་བོར་བསྟན་ཡོད། འོན་ཀྱང་། སྟབས་ཉེས་ནས་དབུ་ཁྲིད་གསར་བ་ཐད་འདེམས་གནང་གྲུབ་མཚམས་གངས་ཅན་སྐྱིད་གཤོངས་སྔར་གྱི་མོ་ཊ་ཀོབ་ཏོ་ནས་བསྐོར་ནས་འགྲོ་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། གལ་སྲིད་མོ་ཊ་ཀོབ་ཏོ་དེ་བསྐོར་ནས་འགྲོ་དགོས་ཚེ་རྡོ་སྣུམ་ཐད་ཀར་པེ་ཅིན་ནས་ཉོ་དགོས་པ་དང་བཟོ་མཁན་རྒྱ་གར་ནས་གླ་ཆོག་མིན་ཡང་པེ་ཅིན་ལ་ཐུག་ཡོད་པའི་གནས་སྟངས་འོག་ཚུད་ཡོད་པས། རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་ནས་རྒྱལ་བ་རིན་པོ་ཆེར་སྲིད་འགན་ཕུལ་དུས་ཀྱི་གནས་སྟངས་ལས་ཀྱང་ཡ་ང་བ་ཞིག་ཆགས་ཡོད་ཅིང་། བློ་བཟང་སེང་གེ་མཆོག་གིས“ངས་འོས་བསྡུའི་ལས་རིམ་སྐབས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་གཞི་རིམ་གྱི་ལྟ་གྲུབ་གསུམ་བཤད་པ་ཡིན། ལས་གཞི་དེ་ཚོ་གཞི་ནས་མགོ་བརྩམ་དགོས་པ་ཞིག་ཡིན་ཡང་། ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཕྱིར་མིག་ཅིག་བལྟས་ན། ཁོང་གིས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་གྱི་ཐོག་ཕྱག་ལས་གནང་ཚར་ཡོད་པ་ཞིག་རེད” ཅེས་པའང་སྐབས་སུ་བབས་པའི་གཏམ་དོན་སྙིང་ཅན་ཞིག་ཏུ་འདོད།

མ་གཞི་དབུ་ཁྲིད་གསར་བའི་ལག་པ་ནས་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་ཐུག་ནའང་། ཁྲིམས་ཐོག་ནས་རྩོད་པ་བྱེད་ས་ཞིག་ལྷག་ཡོད་པར་མ་ཟད། རྒྱལ་ཁབ་གཞན་ལ་གནས་སྤོར་ནས་མུ་མཐུད་བོད་ཀྱི་གནད་དོན་གཙང་སེལ་མ་ཡོང་བར་དུ་གནས་ཐུབ་པ་ཞིག་ཡིན་མོད། ད་ལྟ་དེ་གཉིས་ཀྱི་ལམ་ཁའང་རྦད་དེ་འགག་ཚར་བ་ཞིག་རེད།

 “བོད་མིའི་སྒྲིག་འཛུགས”་དང་མ་འོངས་རྒྱང་ལྟ།

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པའི་བརྗོད་པ་ལྟར། “གལ་སྲིད་ཡུལ་གྱར་སྲིད་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད”ཅེས་པ་ལྟར། ད་ལྟ་རང་འགུལ་གྱིས་སྒྲིག་འཛུགས་ལ་འཕོ་བསྐྱོད་བྱས་ཡོད་པས། པེ་ཅིན་སྲིད་གཞུང་ལ་བོད་ཀྱི་གནད་དོན་ཐད་རང་འགུལ་དབང་ཆ(Initiative)རག་ཡོད་ཅིང་། སྔར་ཕན་ཐོགས་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ངོས་ནས་སྔར་བཙན་བྱོལ་བོད་གཞུང་ཞེས་བོད་ལ་མགྲིན་ཚབ་པ་ཞིག་ཡོད་པ་དང་དེར་འཇུས་ནས་བོད་ཀྱི་གནད་དོན་མུ་མཐུད་དུ་གླེང་སློང་གིས་ནུས་པ་གང་ལ་གང་འཚམས་ཤིག་འདོན་ཐུབ་ཀྱི་ཡོད་ནའང་། ད་ལྟ་རྦད་དེ་རྒྱ་ནག་གི་ནང་སྲིད་དུ་གྱུར་ཡོད་པ་དང་སྒོས་སུ་བོད་ལ་གནད་དོན་ཞེས་པ་ཞིག་མེད་ཅེས་གོང་དུ་གསལ་བརྗོད་བྱེད་ཀྱིན་པ་ལྟར་རེད་ལ། བཙན་བྱོལ་བ་རྣམས་སྟབས་བསྟུན(passive)གྱི་གནས་སྟངས་འོག་ཚུད་ནས་ཁྲིམས་འགལ་ཡིན་མིན་དང་ཕྱིར་ཕ་ཡུལ་དུ་ལོག་ཆོག་མིན་ཙམ་གྱི་སྨྲ་དབང་མ་གཏོགས་ཅི་ཡང་ལྷག་མེད། དེ་བས། བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་《ཆུ་ངོགས་གཏམ་རྒྱུད་》ས་པའི་སྒྲུང་གཏམ་སྐད་གྲགས་ཅན་དེ་ཀློག་འོས་པའི་དུས་སུ་བབས་ཡོད་པ་ཞིག་ཡིན།

འོ་ན། ད་ཐབས་ལམ་ཅི་ཡང་ལྷག་མེད་དམ་ཞེ་ན། དེའང་མ་རེད། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་དེང་གི་བར་རྒྱལ་ཁབ་སླར་གསོའི་ལྟ་བ་ཁུར་ནས་ཡོང་ཡོད་པ་དང་ལས་འགུལ་ཡང་དེའི་ཐད་སྤེལ་ཡོད་པས། ‘བཙན་བྱོལ་བོད་གཞུང’ཞེས་པའི་མིང་བྱང་འདིར་བདག་པོ་རྒྱག་པའི་དུས་སུ་བསླེབས་ཡོད་ལ། དེ་ལྟར་དབུས་གཞོན་ནུ་ལྷན་ཚོགས་བོད་ཕྱི་ནང་གཉིས་ཀྱིས་རང་དབང་སླར་གསོའི་རེ་བ་རྒྱག་ཡུལ་དུ་འགྱུར་སྲིད་པར་མ་ཟད། “བོད་མིའི་སྒྲིག་འཛུགས་” ཟེར་བར་དང་བླང་དཔྱ་དངུལ་མི་ཕུལ་མཁན་རྣམས་ཀྱིས་ཀྱང་གཞོན་ལྷན་ལ་ཕུལ་སྲིད་པར་མ་ཟད། དབུས་གཞོན་ལྷན་ནས་བོད་ཀྱི་རང་དབང་སླར་གསོ་དང་རྒྱལ་ཁབ་སླར་གསོའི་ཁུར་ཆེན་དང་དུ་བླངས་ནས་གྲ་སྒྲིག་གི་རིམ་པ་ཆ་ཚང་མ་ནོར་བ་ཞིག་དང་ཐག་གཅོད་ཀྱི་རིམ་པ་དུས་བསྟུན་གྱིས་མ་འོངས་པར་འཇོག་པའི་ལས་གཞིའི་མགོ་བརྩམ་འོས་པ་ཞིག་ཡིན། དེ་ལ་དགོས་པ་རྒྱུ་མཚན་ཁ་ཤས་ཡོད་པ་གཤམ་གསལ།

༡ ༽བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་འཐབ་ཇུས་བར་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་པར་མ་ཟད། རྒྱ་ནག་གི་སྟོབས་ཤུགས་ཇི་ལྟར་རྒྱས་ན་དེ་ལྟར་བོད་དོན་གྱི་རིན་ཐང་མཐོ་ནས་མཐོ་རུ་འགྲོ་སྲིད་པའི་མདུན་ལྗོངས་ཡངས་པོ་ཡོད། ཡིན་ནའང་། བོད་ཀྱི་ཚབ་མཚོན་ཐུབ་པའི་གཞུང་ཞིག་གི་མིང་གནས་ངེས་པར་དུ་འཛིན་ཐུབ་དགོས་པའང་ཆོས་ཉིད་ལྟ་བུར་བརྗོད་ཆོག

༢ ༽རྒྱ་གར་ནག་བར་གྱི་འབྲེལ་ལམ་དཔལ་འབྱོར་གྱི་མགྱོགས་ཚད་དང་བསྟུན་ནས་སྣ་མང་གི་ཕྱོགས་སུ་འཕེལ་སྲིད་ཀྱང་རྒྱལ་སྲུང་འཐབ་ཇུས་ཐད་ཕན་ཚུན་གཉིས་ཀྱིས་ལྷོད་ཡངས་གཏོང་མི་སྲིད་པས། བོད་ཀྱི་གནད་དོན་ནི་རྒྱ་གར་ལ་མཚོན་ན་རིན་ཆེན་ནོར་བུ་ཞིག་ཡིན་ལ། དེའི་ཚབ་མཚོན་ཐུབ་པའི་བཙན་བྱོལ་བོད་གཞུང་གི་མིང་གནས་ནི་རྒྱ་གར་རྒྱལ་སྲུང་བདེ་འཇགས་ཀྱི་ཁག་ཐེག་གམ་ཁ་གཡར་ས་གཙོ་བོ་ཞིག་ཏུ་ལྟ་ཆོག་གི་ཡོད།

༣༽ བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་འཚོ་སྡོད་དང་ཐད་ཀར་འབྲེལ་ཡོད་པས། རིམ་པས་བཙན་བྱོལ་བོད་གཞུང་གི་མིང་གནས་འདི་བཞིན་གཙིགས་ཆེན་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པའི་ཁར། དེར་བརྟེན་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་ཞིག་སྤྲོད་ཐུབ་ཀྱི་ཡོད་པས་ཡིན།

༤༽ བོད་ཕྱི་ནང་གཉིས་སུ་གཞོན་སྐྱེས་མི་རབས་ཀྱིས་བོད་ཀྱི་གནད་དོན་ཕྲག་སྟེང་དུ་བླངས་དང་ལེན་བཞིན་པའི་དུས་སུ་སླེབས་ཡོད་པས། བཙན་བྱོལ་བོད་གཞུང་ཞེས་པའི་མིང་གནས་འདིར་ཚོན་མདོག་ལྷག་མ་ཞིག་སྣོན་བཞིན་ཡོད་ཅིང་། ཕུགས་བསམ་ནས་དངོས་ཡོད་ཀྱི་ལམ་ཁར་འཇུག་ཐུབ་པར་རེ་བ་ཤིན་ཏུ་ཆེ།

༥༽ རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ལ་བོད(Tibet)ཅེས་མི་འབོད་པར་བོད་མི(Tibetan) ཡང་ན་བོད་ཡུལ (Tibet area) ལྟ་བུར་བརྗོད་ཚེ་ཐད་ཀར་རྩོད་པ་རྒྱག་མཁན་དང་ཧང་སངས་པའི་རྣམ་འགྱུར་སྟོན་མཁན་མང་པོ་འདུག་པས། ཉུང་མཐར་འདི་དག་ཀྱང་བོད་མི་དམངས་ལ་མཚོན་ན་རྒྱབ་བསྐྱོར་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡན་གར་བ་ཞིག་ཀྱང་ཡིན། དེའང་གཞན་མ་ཡིན་པར་ཁྲིམས་ཐོག་ནས་མུ་མཐུད་དུ་རང་ཉིད་ཀྱི་བདེན་པ་དམ་འཛིན་གྱིས་གོ་སྐབས་ནམ་ཡོང་ལ་སྒྲ་སྒྲིག་ཨང་གསར་གྱིས་སྒུག་དགོས་ཀྱི་ཡོད་པ་དེ་སྟོན་བཞིན་ཡོད།

མཐའ་བསྡོམས་དང་རྟིང་བསྐུལ།

བོད་ཀྱི་གཏམ་དཔེར། “བུ་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག”ཅེས་པའི་དཔེ་ལྟར། “བོད་མིའི་སྒྲིག་འཛུགས”ཟེར་བའི་བྱུང་སྟངས་དང་ནུས་པ་ཅི་ཐོན་རྒྱུ་ཡིན་མིན་སྐོར་རོབ་ཙམ་གླེང་ཟིན་པའི་ཁུལ་ཡིན་ལ། ད་ལྟ་བོད་ཕྱི་ནང་གཉིས་དང་རྒྱ་ནག་གསར་ལམ་དུ་ཁྱབ་བརྡལ་མ་སོང་བའི་ཡར་སྔོན“བཙན་བྱོལ་བོད་གཞུང”གི་མིང་གནས་འདིར་བདག་པོ་རྒྱག་མཁན་མ་བྱུང་བའི་ཕྱི་ཉིན། བོད་ཕྱི་ནང་གཉིས་ནས་བདག་པོ་རྒྱག་མཁན་བྱུང་སྲིད་ཀྱི་རེད་ལ། དེ་དུས་བོད་མི་ཚོས་ནང་འཁྲུག་གསར་བ་ཞིག་རྒྱག་དགོས་ཐུག་ཡོད་པར་མ་ཟད། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོ་ནང་བཞིན་གཅིག་འོག་གཅིག་ལ་མི་འདུ་བའི་ཤོག་ཁག་དུ་མར་འགྱུར་སྲིད་པའི་ཁར། གཅིག་གིས་གཅིག་ལ་རྒྱ་ནག་གཞུང་གི་སོ་བ་ཡིན་མིན་གྱི་བསྙོན་འཛུགས་འོག་ཡུན་རིང་ལྷག་མི་སྲིད་པའང་མིན། གཅིག་བྱས་ན་གྲ་སྒྲིག་བློ་མཐུན་ཚོའི་སྐད་མགོ་གཞན་ལས་མཐོ་མི་སྲིད་པའང་མིན། ཡིན་ནའང་། བོད་ཀྱི་གནད་དོན་གྱི་རིན་ཐང་ཡལ་མི་སྲིད་པས། བོད་ལ་དངོས་གནས་ཕན་ཐོགས་མཁན་ནམ། རྒྱ་ནག་དང་འཛམ་གླིང་གི་འགྱུར་བར་བསྟུན་ནས་གྲ་སྒྲིག་ཨང་གསར་བྱེད་ཐུབ་མཁན་གྱི་ཤོག་ཁག་དེར་རང་བཞིན་གྱིས་གུས་བརྩི་དང་རྒྱབ་བསྐྱོར་ཐོབ་ཀྱི་རེད།

ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ཚེས་ ༢༩ ཉིན་རྩོམ་མཇུག་བསྡུས།

མཆན།

༡ བཙན་བྱོལ་བོད་གཞུང་། ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༧ ལ་ སྣ་ཚོགས་​ཀྱི་གྲས་སུ་བཀོད།

༢ བཀའ་བློན་ཁྲི་པ་ཡང་བསྐྱར་བསྐོ་མིན་མི་མང་གི་ལག་ཏུ་ཡོད། བོད་ཀྱི་དུས་བབ་དྲ་རྒྱ། འདོན་སྤེལ། ༢༠༡༡/༠༥/༢༠

༣ བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུཊ་དགོས་དོན་མེད། བོད་ཀྱི་དུས་བབ་དྲ་རྒྱ། འདོན་སྤེལ། ༢༠༡༡/༠༥/༢༢

༤ http://china.dwnews.com/news/2011-05-19/57730096-6.html

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 33

  1. གནས་ཚང་། says:
    ལོ་ 14 སྔོན།

    ༼སྤྱིར་དམངས་གཙོའི་གཞུང་ཁག་ལ་མཚོན་ན། ཇི་སྲིད་མི་མང་གི་མངོན་འདོད་གནས་པ་དེ་སྲིད་དུ་གཞུང་གི་རྒྱུན་གནས་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད།༽ སྐད་ཆ་འདིའི་རིགས་འཆར་སྣང་ཙམ་དང་རང་མགོ་རང་གིས་རྨོངས་བྱེད་ཙམ་མ་གཏོགས་གཞན་གང་ཡང་མ་རེད། ལོ་རྒྱུས་ཟེར་བ་འདི་ཡིན་དང་མིན་གྱི་སྐུད་ཐགས་སྟེང་འཁོར་བསྐྱོད་བྱེད་ཀྱི་ཡོད་པ་རེད་ལ། ཁྲིམས་ཀྱི་རྒྱ་མའི་སྒང་ནས་སྡོད་ཐུབ་པ་ཞིག་ཆགས་དགོས་ཀྱི་ཡོད་པ་རེད། དེ་བས། མིང་ཤོར་བ་ཙམ་གྱིས་དོན་ཤོར་ཚར་ཡོད་པ་གསལ་བོ་དག་པོ་རེད།

    Reply
  2. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    གང་ལྟར། ཕྱོགས་ཡོངས་བལྟས་ན། གཅིག་ནས་བདེན་པ་དང་། གཉིས་ནས་ལོ་རྒྱུས། གསུམ་ནས་འགན་ལེན། བཞི་ནས་མི་མང་གི་མངོན་འདོད། ལྔ་ནས་རྒྱུན་མ་ཆད་པའི་ངོས་འཛིན་སོགས་གང་ལ་གཞིགས་ཀྱང་བསམས་རུང་། དབུས་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་མི་རུང་གསལ་གསལ་ཐིང་ཐིང་འདི་རེད་ལགས།

    Reply
  3. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བཀའ་ཁྲི་ཟམ་གདོང་དང་ཚོགས་གཙོ་སྤིན་པ་ཚེི་རིང་གཉིས་ཀྱིས་དགའ་སྤྲོ་ཆེན་པོའི་ཐོག་བོད་མི་ཤི་གསོན་ཡོངས་ཀྱི་ཤ་རུས་ཁྲག་གསུམ་དང་གཅིག་ཏུ་འདྲེས་པའི་བོད་གཞུང་ཞེས་པ་དེ་མེད་པ་བཟོས་སོང་། རྒྱུ་མཚན་ག་རེ་རེད་ཅེས་དྲིས་དུས་། རྒྱ་གར་གཞུང་ནས་རྒྱ་གར་གྱི་ས་ཐོག་ཏུ་བོད་གཞུང་ཟེར་བ་ཞིག་སྒོ་ཕྱེ་མི་ཆོག་པའི་བཀའ་གཏོང་སྲིད་པ་རེད་ཟེར་། དེ་ལས་གཞན་པའི་རྒྱུ་མཚན་མི་ཚོད་རེད་།
    ད་འོ་ན་དྭོགས་པ་སྲིད་པ་ཙམ་ཡོད་ཚད་ལག་སྟར་དགོས་ཡོད་ན་། རྒྱ་གར་ས་ཐོག་ནས་རྒྱ་མི་ལ་སྐྱོན་བརྗོད་དམ་གནོད་པའི་ལས་འགུལ་སྤེལ་མི་ཆོག་ཅེས་ཁྲིམས་ཡིག་བཟོ་རྒྱུ་རེད་།
    རྒྱུ་མཚན་ནི་། རྒྱ་གར་གཞུང་ནས་དེ་ལྟར་མི་ཆོག་པའི་བཀའ་གཏོང་སྲིད་པ་རེད་།། རྒྱ་གར་གཞུང་ནས་དེ་ལྟར་བཤད་མི་སྲིད་པའི་རྒྱུ་མཚན་ག་རེ་ཡོད་།

    ཕྱི་ལ་མ་ཁྱབ་པའི་དམིགས་ཡུལ་ངོ་མ་འདི་འདྲ་རེད་།
    ཤེས་ཡོན་ཅན་དང་ཞིབ་ཤིར་པ་མི་མང་པོ་ལ་སྔ་ས་ནས དབུ་མའི་ལམ་ལ་དམིགས་ནས་བཙན་བྱོལ་སྲིད་གཞུང་སྒོ་རྒྱག་རྒྱུའི་སྐབས་ཞིག་ཤར་ཡོང་བསམ་པའི་དྭོགས་པ་ཡོད་ལ་བཤད་ཚར་ཡོད་།། ལས་འགུལ་དང་པོ་བྱུང་ཚར་བ་རེད་། གཞན་རྣམས་མུ་མཐུད་ཡོང་གི་རེད་།།

    Reply
  4. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་བང་ཆེན་ཐོག་ཏུ། བཀའ་ཟུར་བཀྲས་མཐོང་མཆོག་ལ་དྲི་བ་ཁག་ཅིག་བཏོན་ཡོད་པ་ལས་ཟུར་འདོན་བྱས་པ་ཡིན།
    དྲི་བ། བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་དང། རྒྱལ་ཁབ་ཅེས་པ་མི་རིགས་ཞེས་པར་སྒྱུར་རྒྱུའི་འཆར་གཞི་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
    ལན། དེའི་སྐོར་ཚོགས་ཆུང་ནང་དུ་ཡང་གླེང་སློང་ཤུགས་ཆེན་འདུག ང་རང་ཡིན་ནའང་དེ་བརྗེ་པོ་བརྒྱབ་ན་འགྲིག་གི་མ་རེད་བསམ་གྱི་འདུག བརྗེ་པོ་རྒྱག་དགོས་པ་རེད་གསུང་མཁན་ཚོར་རྒྱ་ནག་གཞུང་དང་རྒྱ་གར་གཞུང་གིས་ཅིག་བཤད་ཀྱི་ཡོད་སྐོར་གྱི་འགྲེལ་བཤད་ཡོད་པ་རེད། ཁོང་ཚོས་ག་རེ་ལ་བརྩི་མིན་ཁོ་རང་ཚོའི་ལས་འགན་རེད། ང་ཚོའི་ལས་འགན་དེ་སོ་སོའི་གཞུང་ཡིན་བསམ་ན་སོ་སོས་གཞུང་ཡིན་ཟེར་དགོས་པ་དང་། སོ་སོའི་ལུང་པ་ཡིན་ན་སོ་སོའི་ལུང་པ་རེད་ཅེས་བཤད་དགོས་པ་རེད་བསམ་གྱི་འདུག
    དྲི་བ། བོད་ཡིག་ཐོག་བཙན་བྱོལ་བོད་གཞུང་ཞེས་བྲིས་ཡོད་པ་ལས། སྔོན་མ་ནས་དབྱིན་ཡིག་ཐོག་བྲིས་ཡོད་པ་མ་རེད། བོད་ཡིག་གཅིག་པུའི་ཐོག་བཙན་བྱོལ་བོད་གཞུང་ཞེས་བྲིས་པ་ལ་ནུས་པ་ག་ཚོད་ཡོད་ཀྱི་རེད།
    ལན། ང་ཚོས་ཡིག་ཆ་ཚང་མ་གཙོ་བོ་བོད་ཡིག་འཇོག་དགོས་པ་རེད། བོད་ཡིག་ཐོག་གཙོ་བོ་ནོར་འཁྲུལ་མེད་པ་འབྲི་དགོས་པ་རེད། དབྱིན་ཡིག་ཐོག་སྔོན་མ་ནས་དབུས་བོད་མིའི་བོད་འཛིན་སྐྱོང་ཞེས་པ་བེད་སྤྱོད་གཏོང་གི་ཡོད་པ་རེད་མོད། ཕྱིའི་གཞུང་དང་ཚོགས་པ་ཁག གསར་འགོད་པ་ཚོས་བཙན་བྱོལ་བོད་གཞུང་ཞེས་བེད་སྤྱོད་བྱེད་རྒྱུ་ཡོད་པ་རེད། ཁོང་ཚོས་བེད་སྤྱོད་གཏོང་གི་ཡོད་ན། ང་རང་ཚོས་དགག་པ་རྒྱག་དགོས་དོན་མི་འདུག ང་ཚོར་དངོས་གནས་དཀའ་ངལ་ཞིག་འཕྲད་ནས། དགག་དགོས་བྱུང་ན། དེའི་མུ་མཐུད་ཨུ་ཚུགས་རྒྱག་དགོས་ཀྱི་འདུག་གམ། བརྗེ་པོ་བརྒྱབ་ན་ཁེ་ཕན་ཆེ་བ་འདུག དེའི་སྐབས་ལྟ་དགོས་པ་རེད། ང་རང་གིས་བལྟས་ན་དཀའ་ངལ་ཅང་མི་འདུག དཀའ་ངལ་མེད་ན་ག་རེ་བྱས་ནས་བརྗེ་པོ་རྒྱག་དགོས་པ་རེད།

    Reply
  5. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས།
    ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོའི་ནང་བཙན་བྱོལ་བོད་གཞུང་ལ་ “བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། ” ཞེས་མཚན་བསྒྱུར་གནང་ཡོད་པའི་ཐད་བསམ་ཚུལ་གང་ཡོད་མེད་དྲིས་པར་ཁོང་གིས། འདས་པའི་མི་ལོ་ ༥༠ ལྷག་གི་རིང་ང་ཚོའི་གཞུང་མང་གཉིས་ནས་ང་ཚོའི་སྐྱབས་བཅོལ་གཞུང་ལ་བཙན་བྱོལ་བོད་གཞུང་ཞེས་མིང་བཏགས་ཏེ་ལོ་མང་པོ་ཕྱིན་པ་རེད། ཡིན་ནའང་། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོའི་ནང་བཙན་བྱོལ་བོད་གཞུང་ལ། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། ཞེས་གསར་པ་ཞིག་ཆགས་ཡོང་གི་ཡོད་སྟབས། ང་ཚོ་བོད་མི་ཚང་མས་དགོངས་པ་རྒྱ་ཆེན་པོ་བཞེས་རྒྱུ་ཞིག་ཆགས་འདུག ང་རང་གི་ངོས་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད། གང་ཡིན་ཞེ་ན། ད་ལྟ་ང་ཚོའི་ཛ་དྲག་གི་གནས་སྟངས་ཙམ་ལ་གཞིགས་ཏེ་ཐག་གཅོད་བྱས་ན་འགྲིག་གི་མི་འདུག གཞུང་གི་མིང་འདོག་འདི་ཆེས་གནད་འགག་ཅན་ཞིག་ཡིན་དུས། མ་འོངས་པའི་ཕུགས་རྒྱང་རིང་པོའི་གནས་སྟངས་ལ་དགོངས་པ་བཞེས་ཏེ་ཐག་གཅོད་བྱ་དགོས་པ་ཞིག་རེད། ང་རང་གི་ངོས་ནས་ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་སྟེ་བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་བཙན་བྱོལ་བོད་གཞུང་རང་སོར་གནས་ཐུབ་རྒྱུ་གལ་ཆེན་པོ་རེད་དྲན་ཡོད། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ ༸གོང་ས་མཆོག་གིས་ཐུགས་ཐག་བཅད་དེ་ང་ཚོར་ཐག་གཅོད་ཀྱི་དབང་ཚད་སྤྲད་བཞག་ཡོད་པ་རེད། དེའི་ཐོག་ལ་གཙོ་བོ་ཐེངས་འདིའི་ཚོགས་ཞུགས་པ་ཁོ་ན་མིན་པར་མི་མང་ཚང་མའི་ངོས་ནས་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། བཅའ་ཁྲིམས་བསྐྱར་བཅོས་དེ་དུས་ཡུན་ཐུང་ངུའི་རིང་གི་འགྱུར་བ་ཞིག་མིན་པར། ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཆེན་པོ་ཞིག་ཆཊ་ཡོད་སྟབས། ཉིན་གྲངས་ཁ་ཤས་ནང་ཟ་ངེ་ཟིང་ངེའི་ཐོག་ཐག་གཅོད་བྱས་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད།

    Reply
  6. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    སྙན་ངག་པ་དང་དབུས་གཞོན་ནུའི་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང་གིས།
    བསྔོན་མ་ཡིན་ན་ང་ཚོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་པ་ཞིག་ཡོད། ད་ལྟ་ངས་ཡིག་ཆ་འདིར་བལྟས་ཡོང་དུས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་འཁོད་འདུག གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན་ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད་དམ། དབྱིན་སྐད་དུ་ ( Is this a government in Exile or Is this a government of Tibetans in Exile? ) གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པོར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད། ཅེས་བརྗོད་སོང་།

    Reply
  7. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ཆབ་སྲིད་པ་དང་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས།
    བོད་གཞུང་གི་མིང་སྒྲིག་འཛུགས་ཀྱི་མིང་ལ་བསྒྱུར་རྒྱུ་དེ་ཕར་གཞོག བཙན་བྱོལ་བོད་མིའི་གཞུང་ལ་བསྒྱུར་ན་འགྲིག་གི་མ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་འདི་དགེ་ལུགས་གཅིག་པུ་དང་དབུས་གཙང་ཙམ་གྱི་གཞུང་མིན་ཁར། འདི་ནི་མི་རིགས་མང་པོ་ཞིག་གི་གཞུང་ཡིན་པ་དང་། དགའ་ལྡན་ཕོ་བྲང་འཛུགས་མཁན་ཡང་དགེ་ལུགས་པ་དང་སོག་པའི་རྒྱལ་དཔུང་འོག་བཙུགས་པ་ཞིག་རེད། སོག་རྒྱལ་ཀུར་ཤཱི་བསྟན་འཛིན་ཆོས་རྒྱལ་གྱི་དམག་རོགས་འོག་དགེ་ལུགས་པའི་གཞུང་ས་དགའ་ལྡན་ཕོ་བྲང་བཙུགས་རྗེས་ཁོང་དང་ཁོང་གི་མི་སྡེ་ཚང་མ་༸གོང་ས་ལྔ་བ་ཆེན་པོའི་ཆབས་འབངས་སུ་ཕུལ་བར་བརྟེན། དེང་སྐབས་མཚོ་སྔོན་པའི་འགྲམ་དང་། འདམ་གཞུང་རྒྱུད་དུ་ཡོད་པའི་སོག་སྡེ་རྣམས་བོད་མིན་མོད། བོད་རྒྱལ་ཁབ་ཀྱི་ཆབས་འབངས་རྣལ་མ་རེད། དཔེ་དེ་བཞིན་ ༡༩༥༩ ལོར་༸གོང་ས་མཆོག་དབུས་བོད་མི་འབུམ་གཅིག་ལྷག་སྐྱབས་བཅོལ་དུ་ཡོང་སྐབས། བོད་ཀྱི་ཆབས་འབངས་བོད་རིགས་ཁ་ཆེ་པའང་མང་པོ་ཡོད། དེར་བརྟེན། བོད་དང་བོད་གཞུང་སྐོར་བཤད་ཡོང་དུས་མི་རིགས་བོད་རིགས་རྐང་པ་དང་། ཆོས་ལུགས་ནང་པ་རྐྱང་པ་ཙམ་ལས་བསམ་བློར་མ་འཁོར་ན་ཐབས་སྐྱོ་བོ་རེད། དེ་བས་བཙན་བྱོལ་བོད་མིའི་གཞུང་ཟེར་བ་འདི་འགྲིག་གི་མེད་སྐོར་བཤད་འདུག་གོ །

    Reply
  8. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    རྒྱལ་སྤྱིའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས།
    ༼ རྒྱལ་སྤྱིའི་འབྲེལ་ལམ་དང་བཅའ་ཁྲིམས ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ང་ཚོའི་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་གྲུབ་འབྲས་ཕྱོགས་བསྡོམས་བརྒྱབ་ན། བཙན་བྱོལ་གཞུང་འདི་རེད། འདི་བོད་གཞིེས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་གཞུང་ཞིག་ཡིན་སྟབས། ཐེངས་འདིའི་བཅས་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་། བཙན་བྱོལ་བོད་གཞུང་གི་མིང་དེ་སྒྲིག་འཛུགས་ཤིག་གི་ཐ་སྙད་ལ་འགྱུར་བ་བཏང་འདུག འདི་ནི་ནམ་ཡང་ང་ཚོས་ཁས་ལེན་ཐབས་མེད་པ་ཞིག་རེད།
    ཟིན་བྲིས་ཚོགས་ཆུང་གིས་འགྲེལ་བཤད་ནང་བསྟས་ན། རྒྱུ་མཚན་གསུམ་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་གི་མིང་ལ་འགྱུར་བ་བཏང་འདུག དང་པོ། མིང་ལ་འགྱུར་བ་བཏང་པ་ཙམ་ལས་དོན་ལ་འགྱུར་པ་མེད་ཅེས་དང་། གཉིས་པ། རྒྱ་གར་གཞུང་གིས་བསམ་ཚུལ་ཡོང་གི་འདུག་ཟེར་བ། གསུམ་པ། རྒྱ་ནག་གཞུང་གིས་ཁྱེད་ཚོའི་བཅའ་ཁྲིམས་ལ་བལྟས་ཡོང་དུས་རང་བཙན་རྩོད་ཀྱི་འདུག ཁ་བྲལ་རིང་ལུགས་རེད་འདུག ཁ་བྲལ་རིང་ལུགས་པ་དང་མཉམ་དུ་སྐད་ཆ་བཤད་འདོད་མེད་ཟེར་བ་འདི་གསུམ་རེད།
    ཚིག་དང་ཐ་སྙད་ཟེར་པ་འདི་ཆབ་སྲིད་དང་ཁྲིམས་ལུགས་གང་གི་ཆ་ནས་ཀྱང་ཧ་ཅང་གནད་འགག་ཅིག་ཆགས་ཡོད་སྟབས། ཐ་སྙད་ལ་འགྱུར་པ་ཐེབས་པ་ལས་དོན་ལ་སྔར་བཞིན་གོ་བ་ལེན་དགོས་ཞེས་པ་འདི་དངོས་ཡོད་དང་མི་མཐུན། གཉིས་པ་དེར་རྒྱ་གར་གཞུང་གིས་བསམ་ཚུལ་བཏོན་པ་ཞིག་ལ་ཁག་འཇོག་གི་འདུག སྤྱིར་བསམ་ཚུལ་བཏོན་ཚད་ལ་འགྱུར་པ་གཏོང་དགོས་དོན་མེད་ལ། ལྷག་པར་དུ་གོམ་པ་གཅིག་ཕྱི་ནུར་བྱ་དགོས་ཟེར་ན། དང་བླང་ཐོག་གོམ་པ་གསུམ་བཞི་ཕྱི་ནུར་བྱ་དགོས་དོན་མེད། གཞན་རྒྱ་ནག་གི་བཤད་པར་ཉན་བསྡད་ན། མི་ཞིག་ལ་མཚོན་ན་ང་ཚོའི་མིག་བཏོན། ཁ་རྣ་བཅད། རྐང་ལག་གཏུབ་རྒྱུ་དེ་རེད། དེ་ལས་ང་ཚོའི་ཕྱོགས་ནས་རྒྱ་ནག་ལ་ཕར་གནོད་ཤུགས་སྤྲོད་ཐབས་བྱས་ཏེ། ཁོང་ཚོས་བསམ་བློ་མི་གཏོང་རང་གཏོང་ཆགས་པ་ཞིག་བཟོ་དགོས་པ་རེད། ཅེས་བརྗོད་འདུག་གོ །

    Reply
  9. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་བསམ་ཚུལ་ཕྱོགས་བསྡོམས་དང་འབྲེལ་ཏེ། ད་ཡོད་བཙན་བྱོལ་བོད་གཞུང་གི་མིང་ལ། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སམ། གང་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ཞེས་བཏགས་ན་འོས་འཚམ་ཡིན་ཚུལ་གསུངས་ཡོད་འདུག

    Reply
  10. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ཐེངས་གཉིས་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག བཅའ་ཁྲིམས་བསྐྱར་བཅོས་བྱེད་སྐབས། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུར་ཚད་མཐོན་པོའི་སྤྱི་མོས་རེད།

    Reply
  11. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ཆབ་སྲིད་པ་ཀླུ་མཁར་བྱམས་ཀྱིས།

    བོད་གཞུང་གི་མཚན་གནས་བརྗེ་མི་རུང་བའི་བསམ་ཚུལ་དེ་མི་གཅིག་གཉིས་ཤིག་གི་བསམ་ཚུལ་མ་རེད། དཔེར་ན་འདེམས་ཐོན་བྱུང་བའི་བཀའ་ཁྲི་དང་། བཀའ་ཟུར་ཚང་མ་བཅས་གཞུང་མང་ཚོགས་ཆེན་གྱི་བརྒྱ་ཆ་གོ་དགུའི་བསམ་ཚུལ་རེད། ཡིན་ནའང་བཀའ་ཕེབས་པར་བརྟེན་ཚང་མས་ཁའི་ནང་འཛུབ་མོ་བཙུགས་ནས་ཕྱིར་ཐོན་པ་རེད།
    གཞུང་ཞེས་པའི་མིང་ཚིག་འདི་དང་།སྒྲིག་འཛུགས་ཀྱི་མིང་བྱང་འོག་གཞུང་ཅིག་སེམས་ལ་སྒོམ་ནས་རང་སྣང་རང་ལ་དག་བསྡད་ན་དེ་ཙམ་ཀྱིས་འགྲིག་འགྲོ་བ་ཞིག་མ་རེད། དེ་ནི་ཁྲིམས་སྒྲིག་གི་རྒྱུན་འཛིན་མིན་གྱི་སྐད་ཆ་ཤིག་ཡིན་སྟབས། མིང་བརྗེ་བ་ནས་རྒྱུན་ཆད་པ་རང་ལ་ངེས་འཛིན་གྱི་རེད། དེས་སྟབས་ཀྱིས་ཐའེ་ཝན་གྱིས་ཀྱང་༼རྒྱ་ནག་མི་སེར་རྒྱལ་ཁབ༽ཞེས་པའི་མིང་འདིར་ཤི་འཐམ་རོ་འཐམ་བྱས་ནས་བསྡོད་ཡོད་པ་རེད།

    Reply
  12. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    རྩོམ་པ་པོ་པདྨ་ཚེ་དབང་ཤཱསྟྲི་ལགས་ཀྱིས།
    སྤྱིར་ང་ཚོའི་གཞུང་འདི་ལ་རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་ཡོད་པ་མ་རེད། འོན་ཀྱང་ང་ཚོའི་ངོས་ནས་ཁྲིམས་མཐུན་གྱི་གཞུང་ཞིག་ལ་སྒྲུབ་ཀྱི་ཡོད་པ་རེད་ལ། མི་རིགས་དང་སྐད་ཡིག ས་ཁོངས། བྱུང་རབས་ལོ་རྒྱུས་གང་ཐད་ནས་ང་ཚོ་སྔར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གི་བཙན་བཟུང་འོག་ཤོར་བ། ངྷ་རམ་ས་ལར་ཡོད་པའི་སྒྲིག་འཛུགས་འདི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་ཡིན་པ་སོགས་གསལ་བོ་རེད་ལ། ཐེངས་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་སྒོ་བརྒྱབ་ཀྱང་། བོད་མིའི་ཁྲིམས་མཐུན་གཞུང་གི་རྒྱུན་དེ་བཅད་ཡོད་པ་མ་རེད། བོད་བཙན་པོ་རིམ་བྱུང་ནས་ས་སྐྱ། ཕག་གྲུ། དགའ་ལྡན་ཕོ་བྲང་བཅས་གཞུང་གི་རྒྱུན་དེ་མུ་མཐུད་གནས་ཡོད་པ་རེད། ཐེངས་འདིར་ཡང་༸གོང་ས་མཆོག་གིས་མི་མང་གིས་འོས་འདེམས་བྱས་པའི་མགོ་འཁྲིད་ལ་གཞུང་གི་རྒྱུན་དེ་མར་གནང་བ་རེད་མ་གཏོགས། འོག་ནས་གྱེན་ལངས་བྱས་ཏེ་གཞུང་རྙིང་པ་མགོ་རྟིང་སློག་ནས་གཞུང་གསར་པ་བཙུགས་པ་དེ་འདྲ་མ་རེད། སྤྱིར་དམངས་གཙོའི་གཞུང་ཁག་ལ་མཚོན་ན། ཇི་སྲིད་མི་མང་གི་མངོན་འདོད་གནས་པ་དེ་སྲིད་དུ་གཞུང་གི་རྒྱུན་གནས་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད།

    Reply
  13. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་པ་དང་ཆབ་སྲིད་དཔྱད་བརྗོད་པ་ལུང་རིགས་རྒྱལ་གྱིས།
    《བཙན་བྱོལ་བོད་གཞུང་》ཞེས་པའི་མིང་འདི་ནི་ད་ནས་བཟུང་བ་སོའི་སྡོང་བོ་ Ivory Tower ཡི་ལྟ་ཚུལ་ཙམ་ཞིག་ཏུ་མཐོང་ཡང་། སོ་སོའི་རྨོངས་འཆར་ལྟར་ན། བཙན་བྱོལ་བོད་གཞུང་ཅེས་པ་འདི་ནི་ང་ཚོར་དགོས་མཁོ་ཆེ་ན་ཡུལ་ཁྲིམས་ཀྱི་ཐོག་ན་མེད་ཀྱང་རང་རང་གི་བསམ་བློའི་འདུ་ཤེས་ཀྱི་ནང་ལ་ཉར་མི་ཆོག་པ་དེ་འདྲ་ཞིག་མ་རེད་འདོད། རྒྱ་གར་ནང་གཙོས་པའི་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཀྱང་ Tibetan Government in Exile ཅེས་པ་དེ་བེད་སྤྱོད་གཏོང་གི་ཡོད་ལ། བོད་པའི་གྲོགས་པོ་ཚོ་ཡང་འབོད་སྟངས་འདི་ལ་དགའ་ཞིང་། ཁོང་ཚོ་མི་སྒེར་གྱི་བོད་ཀྱི་ལས་དོན་ལྟ་སྟངས་དང་ལས་སྟངས་ལ་འབྲེལ་བ་ཆེན་པོ་འདུག བོད་ཕྱི་ནང་གི་བོད་པ་ཚོར་མཚོན་ན་ཡང་། ཚོར་བ་དང་། ལ་རྒྱ། ཆིག་སྒྲིལ་བཅས་ཕྱོགས་གང་ཐད་ནས་མིང་འདི་ལ་དམ་དུ་འབྲེལ་ཡོད་ན་མ་མཐར་ཡང་བོད་མི་རང་ཚོའི་ངོས་འཛིན་ལ་དེ་ལྟར་བྱུང་ན་མ་འགྲིག་པ་མི་འདུག་སྙམ་མོ།

    Reply
  14. གནས་ཚང་། says:
    ལོ་ 14 སྔོན།

    བོད་མིའི་སྒྲིག་འཛུགས་སུས་བཏགས་པ་རེད།

    སྐྱོ་བྲག་དགའ་དབང་།

    གཞིས་བྱེས་བོད་མིའི་ཚབ་མཚོན་ཡིན་པའི་བཙན་བྱོལ་བོད་གཞུང་འདི་མིང་བསྒྱུར་གྱིས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་པ། ཕར་ལྟས་ཚོད་ལ་ཐེངས་འདིའི་སྒྱུར་བཅོས་ཆེད་འབོད་འགུགས་བྱས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཁར་གྲོས་འཆམས་བྱུང་ནས་བཏགས་དགོས་པ་ལྟ་བུར་ཡོད་ནའང་། ཚོགས་ཆེན་ཁར་བཙན་བྱོལ་བོད་གཞུང་རང་འཇགས་འཇོག་རྒྱུར་སྤྱི་མོས་བྱུང་ཡོད། ཁྲིམས་སྲོལ་ལྟར་ན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་མང་མོས་གང་རུང་གིས་གཏན་ལ་ཕབ་དགོས་པ་ཞིག་ཡིན་ནའང་། ལྷ་སྡེ་གནམ་ལོ་ཡག་གིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐུ་སྒེར་ཡིག་ཚང་ལ་ཞལ་པར་ཕུལ་བའི་བཀའ་ལན་དུ། སྐུ་སྒེར་ཡིག་ཚང་ནས། བོད་མིའི་སྒྲིག་འཛུགས། ཞེས་གནང་བར་བགྲོ་གླེང་སོགས་བརྒྱུད་རིམ་གཅིག་ཀྱང་མེད་པའི་སྒོ་ནས་གཏན་འཁེལ་བྱས་པར་བཤད་ཅིང་། བོད་ཀྱི་བང་ཆེན་དུ། སྐུ་སྒེར་ཡིག་ཚང་ནས། བོད་མིའི་སྒྲིག་འཛུགས། ཞེས་བསྒྱུར་དགོས་པའི་ཕྱག་ཡིག་བསླེབས་པར་ཆ་འཇོག་བྱས་པར་བཤད།

    ཡིན་ནའང་། དེ་དག་ཐོག་མ་མིན་པར། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཁ་ནས་༧གོང་ས་མཆོག་ལ་སྤྱི་མོས་ཀྱིས་ཕུལ་བའི་ཞུ་ཡིག་ནང་། བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཡོང་ཐབས། ཞེས་གསལ་བ་མ་ཟད། གོང་ས་མཆོག་གིས། སྤྱི་འཐུས་གྲོས་ཚོགས་སུ་བསྩལ་བའི་བཀའ་ཡིག་ནང་དུའང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང་། ཞེས་བཀོད་གནང་འདུག །དེ་ལྟར་ན་ཡང་སྙིང་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་འདི་གང་ཟག་སུ་ཞིག་གིས་བཏགས་པ་རེད།

    ཁ་བརྡ་དྲ་རྒྱ་ལས་བཤུས་འགོད་བྱས་པ་ཡིན།

    Reply
  15. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    རང་ཡུལ་གྱི་སྤུན་གྲོགས་རྣམས་། ཁྱེད་རང་རྣམས་བོད་མི་རིགས་ཀྱི་ལ་རྒྱའི་ཆེད་དུ་ལུས་སྲོག་བཏང་བ་ལས་། སོ་སོའི་མདུན་ལམ་གང་ཡག་གི་ཆེད་དུ་ལས་ལ་འབད་རོགས་གནང་།
    ད་ནི་ཟུང་གཞན་ཡུལ་དུ་ཡོད་པའི་བོད་བཙན་བྱོལ་གཞུང་ཟེར་བ་དེ་སྒོ་རྒྱག་རྒྱུའི་ལས་རིམ་འགོ་བཙུགས་ཟིན་པ་རེད་།
    ལས་རིམ་རྣམས་ལ་གཟིགས་།།
    ༡་ གོང་ས་མཆོག་བོད་མི་རིགས་ཀྱི་དབུ་ཁྲིད་ནས་ཟུར་དགོས་བྱུང་།
    ༢་ བཙན་བྱོལ་བོད་གཞུང་གི་མིང་ཙམ་ཡང་བདག་བཟུང་མི་ཆོག་པར་གྱུར་།
    ༣་ ཆོལ་ཁ་གསུམ་གྱི་སྤྱི་འཐུན་ཡོད་པའི་སྒྲིག་འཛུགས་དེ་ཡང་མི་རུང་པར་ཆགས་ངེས་།
    ༤་ བཀའ་བློན་ཁྲི་པ་ཟེར་བ་དེ་ལུ་མེད་ཀྱི་མགོ་ལྟ་བུ་ཆགས་ནས་ཡོད་མེད་ལ་ཁྱད་མེད་
    པར་འགྱུར་ངེས་།།
    ༥་ ཕྱི་སྡོད་རྒྱ་མིའི་ཚོགས་པ་ཞིག་གི་མིང་རྒྱ་གཞུང་ནས་སྤྲོད་ངེས་།
    ༦་ མཇུག་སྡུ་ཐུབ་པའི་རྟེན་འབྲེལ་ཞིག་རྒྱ་གཞུང་ནས་སྒྲིག་ངེས་།

    Reply
  16. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    བསམ་ཆར་ཚིག་ཁ་ཤས་ཅིག་བྲིས་སྙིང་འདོད། གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཐུགས་ཁུར་དང་། རྣམ་དཔྱོད། ཆོས་ལུགས་དང་། ཆབ་སྲིད་ཀྱི་མཁྱེན་རྒྱ། ད་དུང་བྱམས་དང་སྙིང་རྗེའི་སྟོབས་ཤུགས་ཀྱིས། མི་གྲངས་ཐེར་འབུམ་ལས་བརྒལ་བའི་ཁ་གཏད་དོན་གྱིས་གཅོག་ཐུབ་པའི་བཀའ་དྲིན་གྱིས་ངེད་ཅག་རྒྱལ་ཁབ་མེད་ཀྱང་རྒྱལ་ཁབ་གཅིག་གི་སྒྲིགས་འཛུགས་ལྡན་ཞིང་རྒྱལ་ཁབ་མང་ཆེ་བ་ལས་སྙན་གྲགས་ཆེ། སྤྱིར་བོད་མིའི་རང་བཤིས་དེ་ལ་འདས་པོ་ཆགས་ཟིན་སྐབས་བསྟོད་བསྔགས་ཞི་དྲག་བྱེད་ཅིང་སྐུ་འཚོ་བཞིན་བཞུགས་སྐབས་བཀའ་དྲིན་སྐུ་ཡོན་མཐོང་ཐུབ་ཀྱི་མེད། དཔེར་ན་པན་ཆེན་རིན་པོའི་ཆེའི་གནས་ཚུལ་བཞིན་རེད། རྒྱལ་ཁབ་སུས་ཀྱང་ཁས་ལེན་ཚུལ་མཐུན་མེད་པའི་ལོ་ངོ་ལྔ་བཅུར་ཉེ་བའི་བཙན་བྱོལ་བོད་གཞུང་དེ། ཚིག་བསྒྱུར་ཙམ་གྱིས་དོན་གྱི་བོད་གཞུང་དུ་ཁས་ལེན་པའི་གོ་སྐབས་ཧ་ཀྱང་ཆེན་པོ་མཛད་པའི་རྣམ་དཔྱོད་ལ་དཔྱོད་ལྡན་མི་རབས་རྗེས་མས་བཀའ་དྲིན་རྗེས་དྲན་མཛད་པ་གདོན་མི་ཟ། བཙན་བྱོལ་བོད་གཞུང་གི་མཚན་ཉིད་དེ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལས། གང་ཟག་སུས་ཀྱང་ཚུལ་མཐུན་ཞིག་འཇོག་མི་ནུས། བོད་མིའི་སྒྲིགས་འཛུགས་ནི་དོན་དུ་བོད་གཞུང་དང་དོན་གཅིག་མིང་གི་རྣམས་གྲངས་ཡིན་པ་མི་མཁྱེན་པའི་གསར་ཚར་བ་རྣམས་བོད་ན་ཡོད་པ་ཡིན་ན་འདྲ། ཕྱི་རྒྱལ་ཁག་ཏུ་ཡོད་པ་ཡིན་ན་འདྲ། སེམས་ཚབ་བྱུང་ཡོད་སྲིད་ནའང། ཐུགས་ཁུལ་ཁྱོན་ནས་གནང་མི་དགོས། སྐྱབས་མགོན་ཐམས་ཅན་མཁྱེན་པ་ནི། དངོས་གནས་དུས་གསུམ་མཁྱེན་པ་རང་རེད། སུས་ཀྱང་དོ་ཟླ་མི་ནུས། པན་ཆེན་རིན་པོ་ཆེས་ཀྱང་ཕྱོགས་ཙམ་བསྡུར་མི་ཐུབ། ད་ལྟའི་ལུས་རྟེན་འདི་ཙམ་མིན། ཇི་སྲིད་འཁོར་བ་མ་སྟོང་གི་བར་སྐྱབས་མགོན་རིན་པོ་ཆེ་ཁྱེད་ལས་ལྷག་པའི་སྐབས་གནས་ཞིག་མི་དགོས྄

    Reply
  17. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 14 སྔོན།

    བོད་གཞུང་གི་མིང་བརྗེ་བ་འདི་ནི། དབུ་མའི་ལམ་གྱི་སྲིད་ཇུས་ལ་ཐུག་པ་མ་ཡིན་པར། གཙོ་ཆེར་གནས་ཡུལ་གྱི་རྒྱ་གར་གྱི་སྲིད་ཇུས་ལ་ཐུག་པ་སྟེ། དེའང་སྔོན་མར་སྲིད་བློན་ནེ་རུ་མཆོག་ལ་༸གོང་ས་སྐྱབས་མགོན་ཆེན་པོས་བོད་ཀྱི་གཞུང་མི་འཛུགས་རྒྱུའི་ཞལ་བཞེས་གནང་ཡོད་པའི་རྒྱུ་མཚན་གྱིས་ཡིན་རབས་གོ་རྒྱུ་འདུག་པས། དེའི་སྐོར་ལ་བསམ་གཞིགས་དང་བརྟག་དཔྱད་གནང་དགོས་པ་ཞིག་རེད།

    དེའང་གནས་ཡུལ་རྒྱ་གར་དུ་བོད་གཞུང་འཛུགས་མི་ཆོག་པའི་རྒྱུ་མཚན་ནི། རྒྱལ་སྤྱིའི་འགྲོ་ལུགས་ལ་ཡུལ་གང་ཞིག་ཏུ་བཙན་བྱོལ་དུ་སླེབས་ནས་གཞུང་བཙུགས་པའི་རྗེས་སུ་དུས་ཡུན་གང་འཚམས་ཕྱིན་རྗེས་གཞུང་དེ་ཚད་ལྡན་གྱི་གཞུང་ཞིག་དང་གནས་ཡུལ་མགྲོན་བདག་གིས་ཀྱང་དབང་སྒྱུར་མི་ཆོག་པའི་རང་དབང་ཡོད་རབས་འདུག་པས། ཨི་ཟི་རིལ་དང་པེ་ལི་སི་ཋན་གཉིས་ཀྱི་ལོ་རྒྱུས་ལྟ་བུ་ཡིན་ཚུལ་གོ་རྒྱུ་འདུག

    མ་ཟད། ༸གོང་ས་མཆོག་གི་བཀའ་སློབ་སྔ་ཕྱི་དང་། ཉེ་ཆ་རང་བོད་གཞུང་བཙུགས་ན་མ་འོངས་པར་སུས་འགན་ཐུབ་མི་ཐུབ་སྐོར་ལ་བཀའ་སློབ་ཕེབས་པ་སོགས་ལས་ཀྱང་གསལ་བ་ཡིན་ཏེ། གནས་ཡུལ་རྒྱ་གར་གཞུང་གིས་གལ་ཏེ་གྲོས་ཚོགས་ཚོགས་བཞིན་པའི་སྐབས་སུ་ཁྱོད་ཚོས་གྲོས་ཚོགས་སྒོ་རྒྱོབ་ཟེར་ན། དེ་དུས་སུས་བྱ་བ་གང་བྱ་རྒྱུ་ཡིན་པ་དང་། ང་ཚོ་ལ་གྲོས་ཚོགས་དང་གཞུང་འཛུགས་ཆོག་པའི་དམིགས་བསལ་དང་ཆོག་མཆན་ཁྲིམས་མཐུན་ཡིན་རབས་ཇི་ལྟར་བཤད་རྒྱུ་ཡིན་པ་སོགས་ཀྱི་བསམ་བློ་དང་། འཆར་འགོད། གྲ་སྒྲིག་བཅས་ད་ལྟ་ནས་བྱ་དགོས་པ་རེད།

    དེ་མ་གཏོགས་རང་སྣང་ཤིན་ཏུ་དག་ནས་བསྡད་ན་ནི། སྔར་ ༡༩༥༩ ལོར་བོད་ས་ཤོར་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མ་ཕེབས་གོང་རྒྱ་གར་དུ་སྔོན་ནས་གཞིས་ཆགས་པ་བོད་པ་ཡོངས་རྫོགས་ས་མཚམས་བར་ཕྱིར་བསྐྲད་བྱས་པའི་ལོ་རྒྱུས་དང་འདྲ་བ་ཞིག་འོང་མི་སྲིད་པ་མ་རེད་ལ། དེ་དུས་གྲ་སྒྲིག་དང་འཆར་གཞི་གང་ཡོད་ད་ལྟ་ནས་བསམ་བློ་གཏོང་གི་ཨེ་ཡོད།

    ལར་ནས་རང་རེའི་གཞུང་འདི་ལ་མིང་ཙམ་མ་གཏོགས་དོན་གྱིས་བཀའ་ཤག་དང་སྤྱི་འཐུས་སོགས་ཡོངས་རྫོགས་་སྔ་ལྟར་ཡོད་པ་དང་ལས་ཀའང་མུ་མཐུད་ནས་འགྲོ་བ་འདིས་ཅི་ཞིག་མཚོན་གྱི་ཡོད་མེད་ལའང་དགོངས་པ་ཞིག་བཞེས་དགོས་པ་མ་རེད་དམ།

    དེའི་ཕྱིར་ང་ཚོས་མིང་ལ་རྩོད་གླེང་བྱེད་པ་ལས་དོན་ལ་ལས་དོན་སྒྲུབ་ཕྱོགས་ཐད་འཆར་གཞི་དང་ཇུས་འགོད་མང་ཙམ་གྱི་བགྲོ་གླེང་བྱེད་ན་ཡག་པོ་མི་འདུག་གམ།
    ལས་དོན་ཚགས་ཚུད་འོང་ཕྱིན་ཆད་མིང་ཙམ་བསྒྱུར་བ་ནི་སླ་བའི་གནད་དོན་ཞིག་རེད།
    ༢༠༡༡།༥།༣༡

    Reply
  18. དེ་ཕོ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་《ཆུ་ངོགས་གཏམ་རྒྱུད་》ཞེས་པའི་སྒྲུང་གཏམ་སྐད་གྲགས་ཅན་དེ་ཀློག་འོས་པའི་དུས་སུ་བབས་ཡོད་པ་ཞིག་ཡིན།

    Reply
  19. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་དོགས་པ་གཞན་ཞིག་ཀྱང་ཡོང་བཞིན་འདུག མི་འདི་དག་གིས་གཞུང་དེ་སྒྲིག་འཛུགས་སུ་བསྒྱུར་དོན་ནི་བོད་རྒྱ་འབྲེལ་མོལ་ལ་ནུས་པ་ཐོན་རྒྱུ་མེད་བཞིན་དུ་རྒྱུན་སྐྱོང་བསམ་གྱི་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཨ་རིའི་གཞུང་གིས་ལོ་ལྟར་བོད་རྒྱ་འབྲེལ་མོལ་ཐད་ཨ་སྒོར་ས་ཡ་གཅིག་གཏོང་བཞིན་པ་དང་ཨ་སྒོར་དེ་དག་མི་ཁ་ཤས་ཀྱིས་བགོ་བཤའ་རྒྱག་གིན་པར་ཐུག་ཡོད་འདྲ། དེ་མ་གཏོགས་ཨ་སྒོར་དེ་འདྲ་ཞིག་གཏོང་གི་ཡོད་པ་མང་ཚོགས་ལ་གསང་རྒྱ་བྱས་ཡོད་པ་ལས་ཀྱང་ར་འཕྲོད་ཐུབ་ཀྱི་འདུག

    Reply
  20. ནད་པ says:
    ལོ་ 14 སྔོན།

    མའོ་ཙེ་ཏུ་གིས་་་་གང་མགྱོགས་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས། ལག་ཏེ་མགྱོགས་པོར་རྒྱལ་ཁ་ལེན་མ་ཐུབ་ནའང་ཕམ་ཁ་འཁྱེར་ནས་རྩ་བ་ནས་ལོག་ཡོང་རྒྱུ་མེད། ཅེས་དང་ཁོང་གིས་་་་ད་དུང་རྒྱུན་སྲིང་གི་དམག་འཁྲུགས་རྒྱག་དགོས། ཞེས་བཀའ་སློབ་གནད་དུ་འཁེལ་བ་དེ་འདྲ་མང་པོ་གནང་མྱོང་ཡོད།

    ང་ཚོས་ཀྱང་རང་གི་རྒྱལ་ཁབ་དང་། རང་གི་མི་རིགས། རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཆེད་དུ་མགྱོགས་ཙམ་རྒྱལ་ཁ་ལེན་ཐུབ་པར་རྩོད་ལེན་བྱེད་དགོས། མགྱོགས་ཙམ་རྒྱལ་ཁ་མ་ཐོབ་ནའང་རྟག་པར་ཕམ་ཉེས་འཁྱེར་ནས་བསྡད་རྒྱུ་མེད། ཅི་སྟེ་རྒྱུན་སྲིང་གི་དམག་འཁྲུགས་གཅིག་ངེས་པར་དུའང་རྒྱག་ཐུབ་པ་བྱེད་དགོས།

    དེ་ནི་བློ་མཐུན་མའོ་ཙེ་ཏུ་གིས་ཁོང་གི་སྣེ་འཁྲིད་པའི་སྐབས་དེའི་ཀྲུང་གོའི་གསར་བརྗེའི་འཐབ་གྲོགས་ཚོར་སྣེ་འཁྲིད་ཡག་པོ་ཞིག་དང་། བཀའ་སློབ་ཡག་པོ་ཞིག བསམ་བློའི་མཛུབ་འཁྲིད་ཡང་དག་པ་གཅིག་གནང་ཡོད།

    ང་ཚོར་ཁོང་ལྟ་བུའི་རང་གི་རྒྱལ་ཁབ་དང་། རང་གི་མི་རིགས། རང་གི་ཐོབ་ཐང་དང་རང་དབང་བཅས་ཕྱོགས་གང་སྤྱིའི་ཐད་ལ་ཡང་དག་པའི་བསམ་བློའི་མཛུབ་འཁྲིད་དང་སྣེ་འཁྲིད་ཡག་པོ་ཞིག་བྱེད་ཐུབ་མཁན་ད་བར་བྱུང་མེད་ནའང་ང་ཚོས་ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་འོག་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་ཆེད་དུ་ཕྱོགས་བཞི་མཚམས་བརྒྱད་ནས་གྲོག་མ་གི་ཚང་ལྟ་བུའི་རྩ་འཛུགས་སླར་གསོ་བྱེད་དགོས།

    དེ་ནི་བློ་མཐུན་མའོ་ཙེ་ཏུ་གིས་ང་ཚོར་ཆེད་དུ་བཞག་གནང་མཛད་པའི་ཆེས་རྩ་ཆེའི་རིན་ཐང་བྲལ་བའི་ནོར་བུ་མཐུ་ཆེན་ཞིག་ཡིན།

    ཡིན་ནའང་བོད་རིགས་བློ་མཐུན་ཚོས་ཤེས་དགོས་པ་གཅིག་ལ་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་དེ་རྨོངས་གཉིད་ལས་ཡར་བསླངས་ཏེ་གསར་བརྗེ་ཡག་པོ་ཞིག་བྱེད་དགོས་ཚེ་ངེས་པར་དུའང་རང་ཉིད་རྒྱལ་ཁབ་དང་། རང་ཉིད་ཀྱི་སྤྱི་ཚོགས་དང་ཁ་བྲལ་རྩ་བ་ནས་བྱེད་མི་རུང་།

    གང་ཡིན་ཟེར་ན་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུ་གིས་ཀྱང་ཁོང་ཆུང་དུས་སྐབས་སུ་ཧྥ་རན་སིར་མ་ཕེབས་པར་རྒྱལ་ནང་དུ་བཞུགས་ཏེ་སྐུ་ཚེ་ཧྲིལ་པོར་རང་ཉིད་ཀྱི་རྒྱལ་ཁབ་རྒྱལ་ཁབ་དང་། མི་རིགས་ཀྱི་ཆེད་དུ་གསར་བརྗེའི་བྱ་གཞག་གསར་པ་གསར་གཏོད་མཛད་དེ་ལོ་ ༢༨ རིང་རྒྱུན་སྲིང་འཐབ་འཁྲུགས་ལས་རྒྱལ་ཁ་བསླངས་ཡོད་པའི་ལོ་རྒྱུས་གསོན་ཉམས་ལྡན་པ་དེ་ད་ལྟའི་ང་ཚོའ་མིག་ནང་དུ་ཡོད་པའི་རྒྱ་ནག་སྟོབས་ཆེན་གྱི་རྒྱལ་ཁབ་དེ་བཞེངས་སྐྲུན་མཛད་པ་དེ་ཡིན།

    ང་ཚོས་རྒྱ་ནག་དེ་ཇི་ཙམ་གྱིས་སྟོབས་ཤུགས་དང་། དྲག་ཤུགས། དམག་ཤུགས། བཙན་ཤེད་སོགས་ཆེ་ནའང་ནམ་ཡང་སེམས་ནང་སྐྲགས་སྣང་མེད་པའི་བློ་སྟོབས་གཅིག་ངེས་པར་དུ་དགོས། ཐ་ན་རང་ཉིད་བོད་ཀྱི་བྱ་གཞག་རླབས་ཆེན་དེའི་ཆེད་དུ་ག་དུས་ཤི་ནའང་འགྱོད་པ་མེད་པ་ཞིག་དང་། ནམ་ཡང་ཤི་རྒྱུར་རྩ་བ་ནས་སྐྲག་སྣང་དང་འཇིག་ཞུམ་བྱེད་མི་རུང་།

    མའོ་ཀྲུའུ་ཞིས་ཀྱང་། མེ་སྟག་ཆུང་ངུས་སྤང་ལྗོངས་སྲེག་ཐུབ་ཅེས་བཀའ་སློབ་གནང་ཡོད་ལ་མཐའ་མཐུག་རྒྱལ་ཁ་ལེན་ཐུབ་པའི་ཡོད་ཆེས་གནང་ཡོད། ང་ཚོས་ཀྱང་བོད་བཙན་པོའི་མེ་སྟག་ཆུང་ངུ་ཞིག་གིས་ཉིན་གཅིག་རྒྱ་ནག་གི་ཡངས་པའི་སྤང་ལྗོངས་ཆེན་པོ་སྲེག་ཐུབ་པར་ཡིད་ཆེས་བྱེད་དགོས།

    ཡིན་ན་ཡང་འཛམ་གླིང་གི་འགྱུར་ལྡོག་དང་རྒྱ་ནག་གི་འགྱུར་ལྡོག་ལ་བརྟེན་ནས་རྩ་བ་ནས་སྒུག་སྡོད་རྒྱུ་མེད། དེ་ནི་མའོ་ཡིས་ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་གསར་བརྗེའི་བྱ་གཞག་ཆེད་དུ་འཛམ་གླིང་གི་འགྱུར་ལྡོག་ལ་སྒུག་བསྡོད་རྒྱུ་མེད། ང་ཚོའི་འགྱུར་ལྡོག་ང་ཚོའི་ལག་ཏུ་ཡོད། ང་ཚོས་ཀྲུང་གོ་གསར་པར་འགྱུར་བ་གཏོང་དགོས་ན་ང་ཚོས་རང་ཉིད་ཀྱི་འགྱུར་བ་ཞིག་གཏོང་དགོས། །ཞེས་གསུངས་མྱོང་བ་རེད།

    དཔེ་བཞིན་ང་ཚོས་བོད་རྒྱལ་ཁབ་ཟེར་བ་གཅིག་དང་བོད་མི་རིགས་ཀྱི་རང་དབང་དང་འཐབ་རྩོད་དེ་ང་ཚོ་རང་ཉིད་ཀྱི་རྩོད་ནས་འགྱུར་བ་ཞིག་གཏོང་དགོས་པ་ལས་གཞན་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སུ་ཞིག་གིས་ང་ཚོའི་ཆེད་དུ་ཁོང་ཚོས་འགྱུར་བ་རྩ་བ་ནས་གཏོང་གི་མ་རེད། གང་ཡིན་ཟེར་ན་ཁོང་ཚོའི་ང་ཚོའི་ཆེད་དུ་ཚེ་སྲོག་ཀྱི་ལེགས་སྐཡེས་རྩ་བ་ནས་འབུལ་འདོད་མེད་པ་དེ་རེད།

    ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ཀྱི་ཆེད་དུ་ང་ཚོས་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་དགོས། དེ་ནི་ང་ཚོའི་ཕུགས་བསམ་ཡིན་ལ་ང་ཚོའི་བྱེད་འོས་པའི་ཆེས་རླབས་ཆེན་གྱི་བྱ་གཞག་ཞིག་ཡིན། བྱ་གཞག་གསར་པ་གསར་གཏོད་བྱེད་དགོས་ན་དེ་བས་སྙིང་སྟོབས་གསར་པ་གསར་གཏོད་སྔོན་ལ་བྱེད་དགོས།

    དེ་ནི་བློ་མཐུན་མའོ་ཙེ་ཏུ་གིས་སྔོན་ལ་རང་ཉིད་ཀྱི་སྙིང་སྟོབས་དེ་ནམ་ཡང་འཇིགས་ཞུ་མེད་པའི་བློ་སྟོབས་བསྐྱེད་ནས་གསར་བརྗེའི་ཆེད་དུ་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམས་པར་རྒྱལ་ཁར་རྩོད་ལེན་གནང་བའི་ལོ་རྒྱུས་དངོས་དངོས་བརྗེན་པར་མཐོང་ཐུབ།

    ང་ཚོའི་བོད་རིགས་སུ་ཞིག་ཡིན་ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཤི་རྒྱུར་མི་སྐྲག་པའི་སྙིང་སྟོབས་གསར་པ་ཞིག་སླེབས་བོད་མི་མི་རེ་ངོ་རེར་སླེབས་ཐུབ་ཚེ་ད་གཟོད་ང་ཚོས་ མའོ་ཙེ་ཏུ་གིས་གསུངས་པ་ལྟར་་་་རྡོ་ཆུང་གཅིག་གིས་རྫ་མའི་ཁོག་མ་ཆེན་པོ་བཅག་ཐུབ་་་་་་ཅེས་པའི་བཀའ་སློབ་གསོན་ཉམས་དང་ལྡན་པ་དེ་བཞིན་ང་ཚོའི་བོད་བཙན་པོའི་གནའ་བོའི་རྡོ་ཆུང་གཅིག་གིས་དེང་རབས་སྟོབས་ཆེ་བའི་རྒྱ་ནག་གི་རྫ་ཁོག་ཆེན་པོ་བཅག་ཐུབ་པར་ཡིད་ཆེས་བྱེད་དགོས།

    མདོར་བསྡུས་ན་བཤད་ན་ང་ཚོས་ལྷ་དང་། ཀླུ་དང་། འདྲེ་དང་། མི་དང་། དགྲ་དང་། དམག་དང་། མཚོན་ཆ་དང་། མེ་མདའ་དང་། གྲི་དང་། རྒྱ་དམག་དང་། རྒྱ་དཔོན་དང་། རྒྱ་ཁྱི་དང་། རྒྱ་ཁྲིམས། མནར་གཅོད་དང་། བཙན་ཤེད་སོགས་གང་ལའང་མི་སྐྲགས་པར་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རང་ཉིད་བོད་རིགས་མི་དམངས་དང་བོད་རྒྱལ་ཁབ་སླར་གསོའི་ཆེད་དུ་རླབས་ཆེན་གྱི་བྱ་གཞག་དེའི་ཆེད་དུ་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་དང་འདྲ་བར་ཤི་རྒྱུར་ཡང་རྩ་བ་ནས་འཇིག་ཞུམ་བྱེད་རྒྱུ་མེད།

    བྱ་བ་གང་ཞིག་ཡིན་ཀྱང་རང་ཉིད་ཀྱིས་རང་ལ་བསྒྲུབ་ཐུབ་པའི་ཡིད་ཆེས་བྱེད་དགོས། དེ་ནི་༸ ཆོས་ཀྱི་རྒྱལ་པོ་༸ གོང་ས་ཏྰ་ལའི་བླ་མས་མའོ་ཙེ་ཏུང་ནི་ལྷོད་ལ་ཞི་འཇམ་བག་ཕེབས་ཅན་ཞིག་དང་སྐད་ཆ་གང་ཞིག་བཤད་ཀྱང་རང་ཉིད་ཀྱི་མི་ཚེ་འདིར་དེ་བསྒྲུབ་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད་མཁན་ཞིག་འདུག་ཅེས་གསུངས་པ་ལྟར་རེད།

    Reply
  21. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ཤར་ཁུག་གིས། བཤད་སྟངས་ལ་ཅིག་ལྟོས་དང་། ཏག་ཏག་ཅིག་བརྡ་འཕྲོད་ཀྱི་མི་འདུག་གི་ཡ། ཅིག་བྱས་ནས། བསམ་འདུན་ངོ་མ་ཡིག་ཐོག་ཏུ་ཕབ་མ་ཐུབ་པ་ཡིན་ན་ཐང་། ཡང་མིན་ན། མཐོ་བཤད་རྐྱང་རྐྱང་གིས་ཕྱོགས་སྡོམ་མ་ཐུབ་པས་ཡིན་སྲིད། གང་ལྟར། ད་ལྟའི་བར་དུ། ཅིག་བྲིས་བྲིས་ཐམས་ཅད་པོ་མིང་ཙམ་འཇོག་བཞག་པ་ལས་ཅང་མི་འདུག་ཡ། འདི་ནི། ངའི་ལྟ་སྟངས་ཁོ་ནར་མིན་པར། ཁ་བརྡ་དྲ་ངོས་སུ་ཡིག་ཚོགས་ཀྱིས་བཀང་སྐབས། དྲ་གྲོགས་མང་པོ་ཞིག་གིས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་པའི་འདི་རེད།
    སྟག་ལྷ་རྒྱལ་དངགནམ་ལོ་ཡག་རྣམ་གཉིས་ཀྱིས་དོན་ལ་འཁེལ་བའི་ཆེད་རྩོམ་དེས་འགན་ལེན་ཞིག་བྱས་འདུག་ན། ཡི་རངས་ཡོད།
    ལྷག་པར་དུ། བཀུར་འོས་སྟག་ལྷ་རྒྱལ་གྱིས་ཁ་སྔོན་ཡང་། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཐད་ལ། ཁྱབ་ཚད་ཆེ་ཆུང་གིས་མཚོན་པའི་དཔྱད་ཞིབ་གནད་ལ་སྨིན་པ་ཞིག་བགྱིས་སོང་བས་ན། སེམས་ལ་བབས་སོང་།

    Reply
  22. ནགས་མེ། says:
    ལོ་ 14 སྔོན།

    ད་ཧ་གོ་གི་མི་འདུག བོད་ཀྱི་མཐའ་མའི་ཐག་གཅོད་མི་དམངས་ཀྱིས་བྱེད་ཀྱི་ཟེར་བ་འདི་
    གང་དུ་ཡོད་ན། ཚོགས་བཅར་བ་མང་མོས་ཀྱིས བོད་གཞུང ཞེས་པ་རང་འཇགས་
    དགོས་པར་བསམ་ཚུལ་བསྡུས་པ་རེད་ལ། དམངས་གཙོ་ཡང་ཡིན་པ་ཁས་ལེན་བྱ་གིན་
    བྱ་གིན་ལ། གློ་བུར་ཐོབ་རྒྱག་ཅིག་ལ སྒྲིག་འཛུགས འབོད་དགོས་ཟེར་ན་་་་་་མི་ལོ་ཉིས་
    སྟོང་ལྷག་གི་་་་་་་་

    Reply
  23. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་ཚད་འདིར་རྒྱབ་དུས། སྡུག་སྐད་རྒྱག་རྒྱུ་དང་རྣམ་རྟོག་བསླང་ནས་ཕན་ནི་མ་རེད། བོད་འདི་གངས་ཅན་པ་སྤྱི་ལ་དབང་ཙང་གཞན་ལུགས་དགག་འདོད་ན་རང་ལུགས་བཞགན་མ་གཏོགས་ཡོང་ནི་མ་རེད། ཨ་མའི་བུ་ལ་དཔའ་ཡོད་ན་དབུ་ཁྲིད་སུས་བྱེད་བྱེད་ཡིན་པས། ད་བུ་ངར་བ་ཚོ་ཕེབས་ཤོག སྦུག་སྦུག་རབ་རིབ་ཅིག་ནས་ཅིག་ཤེས་མདོག་དང་མཐོང་མདོག་བྱེད་མཁན་རྣམས་ལ་ས་ཁོད་ཡངས་མོ་ཞིག་ཕྱེས་འདུག ད་ཕེབས་ཤོག སྡུག་སྐད་མ་རྒྱག མི་རབས་སྔ་མ་ཚོའི་འཇོན་ན་མ་འཇོན་ན། འཇིག་རྟེན་གྱི་རྒ་བའི་ཆོས་ཉིད་ཀྱིས་ལས་འགན་ཡོད་ཚད་སྤྲད་བཞག་ཡོད་ཀི ད་ཤོག་ཡ།

    Reply
  24. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཕལ་ཆེར་གཟམ་གདོང་བླ་མས་འཁོན་ལན་སློག་པ་ཡིན་སྲིད་། བོད་རྒྱལ་ཁབ་ཞེས་པ་དེ་གཅིག་སྒྲིལ་མེད་ས་ནས་དགའ་ལྡན་ཕོ་བྲང་གིས་གཅིག་སྒྲིལ་བཟོས་ཏེ་ལོ་ངོ་༣༠༠་ལྷག་སྐྱོང་བ་དང་། མཐར་སྟོབས་ཆེ་ཆུང་དབང་གིས་རྒྱ་མི་ལ་ཤོར་ཡང་། རྒྱུན་མ་ཆད་པར་བཙན་བྱོལ་དུ་ལོ་ངོ་༥༠་རིང་ཉར་ཐུབ་ཡོད་་། འོང་ཀྱང་ཆོས་ལུགས་དང་ཆོས་ལུགས་མི་སྣའི་དབང་སྒྱུར་འོག་ཏུ་གྲུབ་འབྲས་མེད་སྐོར་བཤད་ཆེ་དྲག་ནས་། མཐར་ཆོས་ལུགས་མི་སྣས་དབང་སྒྱུར་མཚམས་བཞག་པ་མཉམ་དུ་ཡུན་རིང་ཉར་བའི་མིང་དེ་ཡང་མཚམས་བཅད་ཡོད་།། མདོར་ན་། དགའ་ལྡན་ཕོ་བྲང་གི་དཀའ་དྲིན་ལ་བསམ་ཤེས་མེད་ན་། དགའ་ལྡན་ཕོ་བྲང་གིས་ཡུན་རིང་ཉར་བའི་མིང་དེ་ཡང་ཁྱོད་ཚོ་ལ་མི་དགོས་རེད་གསུངས་པ་འདྲ་།།

    Reply
  25. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ད་ཡིན་ན། ལོ་ཧྲིལ་བོ་ལྔ་གཉིས་འགོར་སོང་། ད་ཡིན་ན། ཡིད་བཞིན་ནོར་བུའི་དགོངས་ལོ་བགྲེས་སོང་། ད་ཡིན་ན། བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་མག་མོག་ཏུ་གྱུར་སོང་། ད་ཡིན་ན། བོད་ཀྱི་སྤྱི་མིང་དེ་ཡང་བསྒྱུར་སོང་། ད་ཡིན་ན། བོད་ཀྱི་མ་འོངས་པའི་འགྲོ་ཕྱོགས་གུ་དོག་ཏུ་གྱུར་སོང་། ད་ཡིན་ན། བཙན་བྱོལ་བོད་གཞུང་ཡང་ཚོགས་པ་ཙམ་ཞིག་ལ་བསྒྱུར་སོང་། ད་ཡིན་ན། འཐབ་རྩོད་ཀྱི་ནུས་པ་ཕར་ཟད་རང་ཆས་སུ་ཡོད་པའི་མིང་དེ་བསྒྱུར་སོང་། ད་ཡིན་ན། ལོ་རྒྱུས་ཀྱི་འགན་དབང་སུ་ཞིག་གིས་འཁྱེར་ཐུབ་ཀྱི་རེད་དམ། ད་ཡིན་ན། བདེན་པའི་སྟོབས་ཤུགས་ནུས་མེད་དུ་གྱུར་ཚར་བ་རེད་དམ། ད་ཡིན་ན། ང་ཚོ་ལ་རེ་བ་མ་ཡོད་ནི་ཨེ་རེད།

    Reply
  26. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    འདིའི་ཐད་ལ་ཁོ་བོས་ཀུ་ཅོ་མང་པོ་བསྒྲགས་པ་ཡིན་མོད་ད་ནི་ཕན་ཐོགས་མེད་པའི་དུས་ལ་སླེབས་འདུག་སྙམ།
    མིང་བསྒྱུར་བ་འདི་སངས་བཅོམ་ལྡན་འདས་ཕེབས་ནས་གསུང་ན་ཡང་ངས་ནོར་མེད་པར་བསམ་ཐུབ་ས་མ་རེད། འོན་ཀྱང་ད་ནི་ཚར་རྒྱུ་ཚང་མ་ཚར་ཟིན་པས་བསྒྱུར་ཐབས་དཀའ་བར་སྙམ། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་མི་དགའ་ཅི་ཞིག་བྱ། ། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགས་ཅི་ཞིག་ཕན། །ཞེས་པ་བཞིན་རེད། རང་སྲོག་རང་གིས་བཅད་པ་ལ་སུ་ལ་ཡང་གྱོད་རྒྱག་ས་ཡོད་མ་རེད།
    དྲ་གྲོགས་ཚོ། རང་བཙན་ལག་དེབ་ཀྱི་དངུལ་འབུལ་གྱི་མིན་མ་གསུང་རོགས། གང་ལགས་ཤེ་ན་གཅིག་ནས་དེ་ནི་དངུལ་གྱི་གནད་དོན་ཡིན་པས་བྱབ་ཆུང་གི་བྱ་བར་མཐོང་སྲིད། གཉིས་ནས་དངུལ་གྱི་གྲངས་ཀ་ཉུང་ཉུང་ཡིན་པས་རིན་ཐང་ཆེར་མེད། གསུམ་ནས་རང་ཚོ་ཉུང་ཉུང་ལས་མེད་པས་སྒུལ་ཤུགས་ཀྱི་ནུས་པ་འཐོན་པ་དཀའ་སྲིད།
    ད་ནི་བོད་མིའི་སྒྲིག་འཛུགས་འདིའི་ལེགས་པའི་ཆ་རྣམས་སེམས་ལ་གསལ་བཏབ་ནས་འདི་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་ལྷག་མེད། ང་ཚོར་ལས་དབང་འདི་འདྲ་ཞིག་ལས་ཡོད་ས་མ་རེད། དེ་ལྟར་མ་བྱས་ན་བོད་མིའི་ཆིག་སྒྲིལ་ལ་གནོད་ས་རེད། མ་འོངས་པར་གང་དུ་འགྱུར་སུས་བཤད་ཤེས།
    ལས་འགུལ་ཞིག་སྤེལ་རྒྱུ་ཡོད་ན་རྒྱབ་སྐྱོར་ལོས་བྱེད། འོན་ཀྱང་བོད་མིའི་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གིས་མོས་མཐུན་མེད་པའི་ལས་འགུལ་ཞིག་ལམ་ལྷོང་འབྱུང་བའི་དུས་ཚོད་ད་དུང་ཤར་མེད་པས་ལམ་ལྷོང་འབྱུར་བར་རེ་བ་ཆེན་པོ་མེད། ཁྱེད་རྣམས་མ་འཆུག

    Reply
  27. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    མཁས་དབང་ཟམ་གདོང་བཀའ་ཁྲིའི་ལས་ཡུན་ཚར་ནས་ཆབ་སྲིད་ཀྱི་ལས་ཁུལ་གཞན་མི་བཞེས་རྒྱུའི་ཐག་ཆོད་གནང་བ་དང་ལྷན་དུ་༧གོང་ས་མཆོག་གིས་ཀྱང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་རྒྱུའི་ཐུགས་ཐག་བཅད་པ་དེ་ནི་ཆབ་སྲིད་མི་སྣས་ཚོད་དཔག་དཀའ་བ་མ་ཚད་བཟང་ངན་གང་དུ་འགྱུར་བ་ཡང་བཤད་བཀའ་བ་རེད་།
    དགའ་ལྡན་ཕོ་བྲང་དེ་ཉིད་དགེ་ལུགས་ཕོ་བྲང་ཁོ་ན་ལ་བསྒྱུར་བ་དང་ལྷན་དུ་་བཙན་བྱོལ་བོད་གཞུང་ཞེས་པ་དེ་ཡང་བོད་མི་མང་ལ་བདག་དབང་མེད་པར་ཆགས་རྒྱུ་དེ་ནི་ཅི་ཞིག་གི་འཁོན་ཡིན་ནམ་། ཅི་ཞིག་གི་ལེན་པ་ཡིན་ནམ་།།

    Reply
  28. གནས་ཚང་། says:
    ལོ་ 14 སྔོན།

    གུས་པས་ཀྱང་དཔྱ་དངུལ་འབུལ་རྩིས་མེད་ལ། མང་མོས་ལ་བརྒྱ་ཆའི་བརྒྱའི་བརྩི་བཀུར་ཞུ་རྩིས་ཡིན།

    ཨ་ལགས་འཇམ་དཔལ་གྱི་བསམ་ཚུལ་འདི་ཤིན་ཏུ་ལེགས་པར་མཐོང་སོང་། གྲོས་ཚོགས་མདུན་དུ་ཟས་གཅོད་འཐབ་རྩོད་བྱེད་འོས་པ་དང་། ཁ་གཡང་གཉིས་སྒྲོག་དགོས་ཀྱི་འདུག

    གཅིག བོད་ཀྱི་ལོ་རྒྱུས་འགྱུར་བ་གཏོང་བའི་ཐོབ་ཐང་མང་མོས་མ་གཏོགས་མེད།

    གཉིས། རྒྱ་གར་རྒྱལ་སྲུང་བདེ་འཇགས་ལ་གནོད་པ་སུས་ཀྱང་བསྐྱལ་མི་ཆོག

    དེ་ནས་རྒྱ་གར་གསར་འགོད་པ་སོགས་བསྡུ་བསྐོང་ཇི་ཐུབ་ཀྱིས་རྒྱ་གར་གྱི་རྣམ་འགྱུར་ལ་རྒྱུས་ལོན་དང་བོད་ཤི་མི་འདོད་མཁན་དག་ལ་རྒྱབ་དཔུང་འཚོལ་རན་འདུག

    གལ་སྲིད་རྒྱ་གར་གཞུང་ནས་སྒོ་རྒྱག་སྲིད་པའི་འཇིག་ཉེན་དེ་ཡོང་གི་ཡོད་ན། རྒྱལ་ཁབ་གཞན་དུ་ཐོ་འགོད་ཀྱིས་འགོ་འཛུགས་ཆོག་པ་ཞིག་རེད།

    མང་མོས་རྒྱལ་ལོ། མང་མོས་ནི་མང་གཙོ་ཡིན།

    Reply
  29. རྟ་མགྲིན། says:
    ལོ་ 14 སྔོན།

    རེད། འདས་པའི་ཉིན་མ་འགར་སེམས་འཁྲུགས་ནས་རྣལ་ལ་འབབ་མ་ཐུབ། ཁྱེད་གཉིས་ཀྱི་རྒྱལ་ཞེན་སྙིང་སྟོབས་དང་རིག་ཤེས་ལ་གོང་བཀུར་ཞུ། ད་ང་ཚོས་ལམ་ཁ་གསར་བ་ཞིག་ལ་གྲ་སྒྲིག་བྱེད། གྲོས་ཁ་ལེགས་པོ་བསྡུར། བོད་ཕྱི་ནང་གི་བསམ་ཕྱོགས་མཐུན་མཁན་གྱི་ཤེས་ཡོན་པའི་རྩ་འཛུགས་ཤིག་
    ནས་ལོ་རྒྱུས་རང་བཞིན་གྱི་བོད་གཞུང་འདི་སླར་ཡང་དོན་སྙིང་ལྡན་པའི་གཞུང་
    ཞིག་དང་དེ་བསྐལ་བའི་སྲིད་དུ་སྐྱེལ། བོད་གཞུང་རྒྱལ་ལོ།།

    Reply
  30. སློབ་དཔོན། says:
    ལོ་ 14 སྔོན།

    རྩོམ་ཡག་པོ་བྲིས་འདུག འདི་ཚང་མས་གླེང་དགོས་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་དང་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་གཏན་འཁེལ་སོང་ན། དེ་ནས་རང་གིས་ཀྱང་དཔྱ་ཁྲལ་གཏན་ནས་འབུལ་རྩིས་མེད། ཉིན་དེ་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁོངས་སུ་ཞུགས་ཏེ་ཚོགས་དངུལ་སྤྲོད་ཀྱི་ཡིན།

    Reply
  31. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    འདི་ན་ཡང་འུར་རྡོ་གནམ་འཕངས་པའི་བསམ་ཚུལ་རེ་གཉིས་སྤེལ་ཁུལ་བྱས་འདུག་ཀྱང་། རྩ་བ་བོར་ནས་ཡལ་གར་འཇུ་བའི་དཔེ་ལྟར། རྩ་བའི་གནད་འགག་དང་རྒྱབ་ལྗོངས་ཀྱིས་གནས་ཚུལ་ཅི་ཡང་ཤེས་པའི་གནའ་བོའི་བོད་མི་གླེན་པ་འགའ་ཞིག་གིས་བསམ་ཚུལ་ལྟ་བུ་ཞིག་ལས་དེང་རབས་ཀྱི་མང་གཙོ་འཕེལ་རིམ་དང་མཐུན་པའི་སྐད་ཆ་ཞིག་ཅང་མི་འདུག ཁྲིམས་ཐོག་ན་གཞུང་ཞིག་ལ་ངོས་འཛིན་དང་རྒྱབ་སྐྱོར་ཡེ་ནས་མེད་པར་ད་ལྟ་ད་དུང་ཡང་གཞུང་ཞེས་པ་ཞིག་ངེས་པར་དུ་བཅུག་དགོས་པ་དང་གལ་ཏེ་མ་བཅུག་ན་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཙམ་ཡང་སྤྲད་འདོད་མེད་ཅེས་བཤད་པ་དག་ནི་ཕྲུ་གུ་ཆུང་ཆུང་ཞིག་གི་བསམ་ཚུལ་དང་རྣམ་དཔྱོད་ཙམ་ལས་ཁྲིམས་དང་སྒྲིག་སྲོལ་གང་ལ་ཡང་མ་བསྟུན་པའི་བསམ་ཚུལ་དག་ནི་ར་བཟི་ཞིག་གིས་གཏམ་ཁོ་ནའོ།

    Reply
  32. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ཁྱེད་གཉིས་ཀྱིས་བྲིས་པ་ཧ་ཅང་ལེགས།
    ངས་ཀྱང་སྔོན་མ་འདི་འདྲ་ཞིག་བྲིས་ཐལ། “ཅི་སྟེ་“བཙན་བྱོལ་བོད་གཞུང་”་དེ་ཕྱིར་བསྡུ་བྱས་ནས་དེའི་ཤུལ་དུ་“བཙན་བྱོལ་བོད་མིའི་གཞུང་”་འཛུགས་རྒྱུ་ཡིན་ན། ཅི་སྟེ་གཞིས་བོད་མི་དག་གིས་ཉིན་མཚན་མེད་པར་རེ་བའི་མིག་འབུར་འདི་ཕྱོགས་སུ་གཏད་པ་ལ་ཐལ་བ་བཏབ་ན། མི་ལོ་དེ་དག་གི་རིང་ལ་འདིར་བསྡད་པའི་དོན་གོ་ཆོད་མ་སོང་བས་ངེད་བོད་འབངས་རྣམས་ནི་ཡང་ན་ཕྱིར་རང་ཡུལ་གྲང་མོ་རྒྱ་ནག་པོའི་བྲན་འོག་ཏུ་གཏན་དུ་འཛུལ་རྒྱུ་འམ་ཡང་ན་ཕྱིའི་རྒྱལ་ཁབ་ཏུ་ཐེངས་གཉིས་པའི་སྐྱབས་བཅོལ་དུ་འགྲོ་རྒྱུ་ལས་ཐབས་གཞན་མི་འདུག”
    https://tibettimes.net/wordpress/news.php?cat=5&&id=4359
    ང་ཚོས་སྤྱི་འཐུས་གྲོས་ཚོགས་ལ་ཟས་བཅད་ངོ་རྒོལ་བྱེད་པར་སོང་ན་ག་འདྲ་འདུག ད་ནི་འུ་ཐུག་སོང་།

    Reply
  33. གླང་དར་མ། says:
    ལོ་ 14 སྔོན།

    ལྷ་སྡེ་གནམ་ལོ་ཡག་གི་རྩོམ་ཡིག་ཡག་པོ་ཅིག་སྤེལ་འདུག་ཐུགས་རྗེ་ཆེ། ང་ཡང་2012ལོ་ནས་རང་བཙན་ལག་དེབ་གི་དངུལ་དེ་འབུལ་རྩིས་མེད། བཙན་བྱོལ་སྒྲིག་འཛུགས་དེ་ང་ལ་དགོས་ཡས་མིན་འདུག། བཙན་བྱོལ་བོད་གཞུང་གར་ཡོད་དེར་ངས་དང་བླངས་བཅའ་དངུལ་འབུལ་ངེས་ཡིན། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese