མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩ་དོན་ཐོག་ནུས་པ་མཉམ་སྤུངས་ལ་འབད་བརྩོན་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp


སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམས་ཀྱིས་ལས་ཁུར་དམ་འབུལ་གནང་གྲུབ་སྟེ།  ད་ལྟའི་ཆར་གྲོས་ཚོགས་གསར་བའི་ལས་གཞི་དངོས་སུ་མགོ་བཙུགས་ཡོད་པར་བརྟེན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་སྤྱི་འཐུས་སྐབས་བཅོ་ལྔ་བའི་ལས་འཆར་སྐོར་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཐོན་དམ་འབུལ་གྲུབ་སྟེ་གྲོས་ཚོགས་གསར་བའི་ལས་དོན་དངོས་སུ་མགོ་བཙུགས་ཟིན་པ་རེད།  ད་ལྟའི་ཆར་གྲོས་ཚོགས་ཀྱི་ངོས་ནས་ལས་འཆར་ག་རེ་གོ་སྒྲིག་དང་མགོ་རྩོམ་བཞིན་ཡོད་དམ།

ལན། ཕྱི་ཟླ་ལྔ་བའི་ཟླ་མཇུག་ལ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་གྲོས་ཚོགས་འཕར་མ། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོ་སོགས་ཚོགས་ཏེ། ད་དུང་སྐབས་བཅོ་ལྔ་བའི་ལས་རིམ་ཆ་ཚང་བ་ཞིག་བང་བསྒྲིགས་ཐུབ་མ་སོང་། ནམ་རྒྱུན་ལས་རིམ་དང་པོ་དེ་སྤྱི་འཐུས་གསར་བ་ཚང་མར་འགྲོ་ལུགས་འགྲོ་སྟངས་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་འཛིན་ཕྱོགས། ལས་ཁུངས་ཁག་ནང་སྡེ་ཚན་ག་རེ་ཡོད་མེད་དང་ལས་འགན་ཇི་ལྟར་འཁུར་གྱི་ཡོད་མེད་ངོ་སྤྲོད་ཟབ་སྦྱོང་ཅིག་ཡོད་པ་རེད། ཡིན་ནའང་ད་རེབ་ཟབ་སྦྱོང་དེ་ཐོག་མར་ཕུལ་ཐུབ་མ་སོང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་མ་ཚོགས་སྔོན་གྱི་ཉིན་བཞིའི་རིང་ཟབ་སྦྱོང་སྤྲོད་རྒྱུའི་གྲ་སྒྲིག་ཡོད། སྤྱི་འཐུས་རྙིང་པ་གཅིག་དང་གསར་པ་གཅིག་བཅས་ཆ་བགོས་བྱས་ཏེ། སྤྱི་འཐུས་ཚང་མ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ཏུ་འཚམས་གཟིགས་ལ་ཕེབས་རྒྱུ་གཏན་ཁེལ་ཡོད། ཡུ་རོབ་དང་ཨ་རི་ཁུལ་དུའང་སྤྱི་འཐུས་རྣམས་པ་དང་མི་མང་གི་དུས་ཚོད་ལ་སྟབས་བསྟུན་ཏེ་འཚམས་འདྲིའི་གཟིགས་སྐོར་ལ་ཕེབས་དགོས་པའི་ལས་རིམ་ཆ་ཚང་བང་བསྒྲིགས་ཡོད། ལས་འཆར་དེ་དག་ད་ལྟ་ནས་མགོ་འཛུགས་བྱས་ཡོད་ལ་ཕྱི་ཟླ་ ༩ ནང་ཚུད་དུ་ཚར་དགོས་པ་རེད། ལས་རིམ་གཉིས་པ་དེ། ཕྱི་ལོ་ ༢༠༠༣  གྲོས་ཆོད་བཞག་ཡོད་པ་གཞིར་བཟུང་བྱས་ཏེ་ ༢༠༠༨ ཕྱི་ཟླ་ ༡༢ ནས་བཟུང་སྟེ། སྤྱི་འཐུས་ཚང་མ་ལོ་གཉིས་དང་ཕྱེད་ཀའི་རིང་ས་གནས་སོ་སོར་བགོ་བཤའ་བརྒྱབ་ཏེ་འགན་འཁུར་རྒྱུའི་ལས་གཞི་ཞིག་ཡོད། ༢༠༡༡ ཕྱི་ཟླ་ ༩ ནས་  ༢༠༡༣ ཕྱི་ཟླ་ ༥ ཟླ་མཇུག་བར་གྱི་འགན་ཁུར་ཆ་ཚང་བགོ་བཤའ་བརྒྱབ་ཟིན་པ་རེད། ད་ལོའི་ཕྱི་ཟླ་ ༩ པའི་རྗེས་ལ་སྤྱི་འཐུས་རྣམས་སོ་སོ་ཆ་བགོས་ཀྱི་ས་གནས་སུ་བསྐྱོད་དེ་ལོ་གཉིས་རིང་ལ་ཆབ་སྲིད་སློབ་གསོ་དང་། གཞིས་ཆགས་སྲ་བརྟན། ཤེས་ཡོན་ཡར་རྒྱས། དེ་བཞིན་ཉམ་ཐག་རོགས་སྐྱོར་བཅས་ཀྱི་ཐད་འགན་འཁུར་དགོས་ཀྱི་ཡོད་པ་རེད།  སྐབས་རྗེས་མའི་ས་གནས་ཆ་བགོས་དེ་ ༢༠༡༣ ཕྱི་ཟླ་ ༦ ནས་བཟུང་སྐབས་བཅོ་ལྔའི་གྲོས་ཚོགས་མ་རྫོགས་བར་གོ་སྒྲིག་གནང་གི་རེད།

དེ་མིན་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཀྱི་སྔོན་རྗེས་གང་རུང་ཞིག་ལ། སྤྱི་འཐུས་ནང་ཁུལ་ལྷན་ཚོགས་ཤིག་ཚོགས་ཏེ་མཁས་དབང་གཏན་འདྲེན་གྱིས་ཐབས་ལམ་གསར་བ་ག་འདྲ་ཡོད་མེད་སྐོར་ལ་གྲོས་བསྡུར་བྱ་རྒྱུའི་ལས་རིམ་ཞིག་དང་། ཕྱི་ཟླ་ ༩ པའི་ནང་ལ་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་དང་། ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཞིག་ངྷ་རམ་ས་ལར་ཕེབས་གཏན་འཁེལ་ཡོད། ཕྱི་ཟླ་ ༡༠ ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གཙོས་པའི་སྤྱི་འཐུས་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་བཅར་ཏེ་ཆབ་སྲིད་མི་སྣར་འབྲེལ་བ་གནང་རྒྱུའི་ལས་རིམ་ཞིག་ཀྱང་སྒྲིག་འཆར་ཡོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་དེ་ ༢༠༡༢ ལོར་འཚོགས་འཆར་ཡོད་ཀྱང་། ད་ཆར་ས་ཆ་དང་དུས་ཚོད་གཏན་འཁེལ་ཐུབ་མ་སོང་།

 

དྲི་བ། ཉེ་སྔོན་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ཐོག་ནས་གཞུང་གི་སྒྲིག་གཞི་ཁག་ལའང་བསྐྱར་བཅོས་གནང་དགོས་སྟབས། ད་ལྟ་སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་གཞིའི་གནས་སྟངས་ག་འདྲ་ཆགས་ཡོད་དམ།

ལན། ཉེ་སྔོན་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་དང་འབྲེལ་བའི་ཐོག་ནས།  ཁྲིམས་ཡིག་དང་སྒྲིག་གཞི་ཁག་ ༢༦ ཙམ་ཡོད་པ་དེ་ཚོ་ཚང་མར་འགྱུར་བ་གཏོང་བྱུང་ཡོད་སྟབས། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ལ་གྲོས་ཆོད་བཞག་པ་གཞིར་བཟུང་ཐོག ཚོགས་གཙོ་ཟུར་བ་ཐུབ་བསྟན་ལུང་རིགས་ལགས་དང་པདྨ་འབྱུང་གནས་ལགས། དེ་བཞིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་སྐལ་བཟང་རྒྱལ་མཚན་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ། སྒྲིག་གཞི་བསྐྱར་བཅོས་བྱ་དགོས་པ་ཆ་ཚང་ཕྱི་ཟླ་ ༩ པའི་གྲོས་ཚོགས་བར་ཚར་དགོས་པ་རེད། འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་སྒྲིག་གཞི་ཁག་དང་། རང་དབང་ཅན་གྱི་སྡེ་ཚན་དག་གི་སྒྲིག་གཞི་ཁག་བཅས་ལ་སྔོན་ལ་འབྲེལ་ཡོད་སྡེ་ཚན་སོ་སོ་ནས་བསྐྱར་བཅོས་གཏོང་དགོས་པ་ཆ་ཚང་བཏང་རྗེས་ཚོགས་ཆུང་ལ་འབུལ་དགོས་པ་དང་། ཚོགས་ཆུང་གིས་བསྐྱར་ཞིབ་གནང་གྲུབ་རྗེས།  ཕྱི་ཟླ ༩ པའི་གྲོས་ཚོགས་ནང་ལ་བསྣམ་དགོས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་ཟིན་པ་དེ་དག་འགྲོ་སྟངས་གཅིག་པ་ཡིན་སྟབས། གང་ལ་གང་འཚམ་མགྱོགས་པོ་ཚར་ཐུབ་པའི་རེ་བ་རྒྱག་གི་ཡོད། ད་ལྟ་ཚོགས་ཆུང་གི་ཕྱག་ལས་གནང་སྟངས་ཀྱི་ཐོག་ནས་རྒྱུན་ལས་འཚོགས་དགོས་པའི་དུས་ཚོད་ཕུད་པའི་གཞན་ཚང་མ་ཁྲིམས་ཡིག་དང་སྒྲིག་གཞི་བསྐྱར་བཅོས་ཀྱི་ཐད་གཏོང་གི་ཡོད། ཚོགས་ཆུང་རང་གི་ངོས་ནས་སྒྲིག་གཞི་བསྐྱར་བཅོས་གཏོང་དགོས་པ་དེ་རིགས་བརྒྱ་ཆ་ ༨༠ ཙམ་ཚར་འདུག

 

དྲི་བ། སྤྱི་འཐུས་འགའ་ཤས་དུས་རྒྱུན་གྲོས་ཚོགས་སུ་བཅར་མིན་གྱི་དབང་གིས་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་འཐུས་ཤོར་འགྲོ་བཞིན་པར་བརྟེན། མ་འོངས་པར་སྐྱོན་གནད་དེ་མི་ལྷག་པའི་ཆེད་དུ་སྒྲིག་གཞི་དང་ཐབས་ཤེས་ག་འདྲ་གནང་འཆར་ཡོད་དམ། 

ལན།  སྤྱིར་སྒྲིག་གཞིའི་ཆ་རྐྱེན་གྱི་འོག་ནས་དམིགས་སུ་བཀར་ཏེ་ཆག་ཡང་སྤྲད་ཡོད་པ་ཕུད་བསྟུན་མར་ཐེངས་མ་གཉིས་བཅར་མ་ཐུབ་པ་ཡིན་ན་རང་བཞིན་གྱིས་འཕུད་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་། སྒྲིག་གཞིའི་ཐོག་ནས་སྟངས་འཛིན་བྱ་ཐུབ་རྒྱུ་ཁག་པོ་རེད། དེང་སྐབས་སྔོན་མ་དང་མ་འདྲ་བར་མང་ཚོགས་ནང་རྒྱབ་སྐྱོར་བཙལ་ཏེ་སོ་སོར་སྤྱི་འཐུས་ཐོབ་ཆེད་དུས་ཚོད་མང་པོ་བཏང་སྟེ་ལས་འགུལ་ཤུགས་ཆེན་པོ་སྤེལ་བསྡད་ཡོད་སྟབས། མ་མཐར་ཡང་གྲོས་ཚོགས་འཚོགས་དུས་ཀྱི་ཉིན་བཅོ་ལྔ་ཙམ་ལ་ཏག་ཏག་ཡོང་དགོས་པ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་མི་མང་གིས་འོས་འདེམས་བྱས་ཏེ་སོ་སོར་འགན་སྐུར་བ་བཞིན་འགན་འཁུར་ཐུབ་པའི་གནས་བབས་ཤིག་བཟོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཉེ་སྔོན་གྲོས་ཚོགས་ཚོགས་དུས་དང་པོ་དེ་སྤྱི་འཐུས་དམ་འབུལ་དང་སྐབས་ཁེལ་ཡོད་སྟབས་ཆ་ཚང་ཕེབས་འདུག  མ་འོངས་པར་ཡང་ལྡོག་མེད་ཀྱི་གནས་ཚུལ་བྱུང་ན་མ་གཏོགས།  ཚོགས་དུས་ཆ་ཚང་ལ་ཡིན་གཅིག་མིན་གཅིག་ཕེབས་ཐུབ་རྒྱུར་ཚོགས་གཙོའི་ངོས་ནས་འབོད་སྐུལ་ཞུ་བཞིན་ཡོད་ལ། གྲོས་ཚོགས་འཐུས་མི་ཚོས་ངོས་ཀྱང་འགན་དེ་འཁུར་ཐུབ་པ་ཞིག་ཆགས་དགོས་ཀྱི་རེད་བསམ་ཡོད། 

 

དྲི་བ། སྤྱི་འཐུས་རྣམས་གྲོས་ཚོགས་འཚོགས་སྐབས་ངོ་བཅར་མ་ཐུབ་པའི་དབང་གིས། གྲོས་ཚོགས་ནང་ཁྲིམས་སྒྲིག་གཏན་འབེབས་ཀྱིས་གཙོས་པའི་ལས་དོན་གཙོ་བོ་གང་དག་གི་ཐད་འཐུས་ཤོར་འགྲོ་བཞིན་ཡོད་དམ།

ལན། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་འཁྱེར་དགོས་པའི་ནང་ལོགས་ནས། དྲི་བ་དྲིས་ལན་དང་། ཐུགས་སྣང་གཞེན་སྐུལ། བགྲོ་གླེང་གྲོས་འཆར། དེ་བཞིན་གྲོས་ཆོད་འཇོག་པའི་སྐབས་བཅས་ལ་ངོ་ཡོད་ཀྱི་སྤྱི་འཐུས་ཀྱི་མང་མོས་དང་། སྤྱི་མོས་རྒྱབ་སྐྱོར་བྱུང་བ་ཡིན་ན་དམིགས་བསལ་གྱི་ཁྱད་པར་ཆེན་པོ་འགྲོ་བ་མ་རེད།  གལ་ཆེ་ཤོས་དེ་ཚོགས་གཙོ་གཞོན་འོས་འདེམས་སྐབས་སྤྱི་འཐུས་རྩ་འབོར་ ༤༤ ནང་ནས་གཅིག་གིས་འོས་བླུགས་མ་ཐུབ་པ་ཡིན་ན། བརྒྱ་ཆ་གཉིས་དང་ཕྱེད་ཙམ་གྱི་ཁྱད་པར་འགྲོ་བཞིན་ཡོད་པ་རེད། ལྷག་པར་དུ་བཅའ་ཁྲིམས་འགྱུར་བ་གཏོང་དགོས་པའི་སྐབས་ལ། དོན་ཚན་ཁག་ཅིག་ལ་རྩ་འབོར་གྱི་བཞི་ཆ་གསུམ་སྟེ་སྤྱི་འཐུས་ ༣༢ གྱི་རྒྱབ་སྐྱོར་དགོས་པ་དང་། ཁག་ཅིག་ལ་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་ ༢༨ གྱིས་རྒྱབ་སྐྱོར་ཐོབ་དགོས་པ་དེ་འདྲ་ཡོད་སྟབས། ཚོགས་འདུ་ལ་མ་ཕེབས་པ་ཡིན་ན་དགག་བྱ་རང་གི་ངོ་བོར་འགྲོ་བའི་ཉེན་ཁ་ཡོད་པ་རེད། སྤྱིར་བཏང་ཁྲིམས་དང་སྒྲིག་གཞི་གཏན་འབེབས་ཀྱི་ལས་ཀ་ཡོད་མེད་མ་བལྟས་པར། མི་མང་གི་སྐུ་ཚབ་བྱས་ཏེ་གྲོས་ཚོགས་ནང་སོ་སོའི་བསམ་བློ་དང་མི་མང་གི་མངོན་འདོད་ག་རེ་ཡོད་པ་དེ་སྤུངས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། མི་མང་གི་སྐུ་ཚབ་ཡིན་ཞེས་རྗོད་བཞིན་གྲོས་ཚོགས་ནང་མ་བཅར་བ་ཡིན་ན།  མི་མང་གི་སྐུ་ཚབ་མཚོན་ཐུབ་རྒྱུ་ཕར་ཞོག་ཐ་ན་སོ་སོའི་སྐད་ཆ་བཤད་རྒྱུའི་གོ་སྐབས་ཀྱང་མེད་པ་ཆགས་འགྲོ་བཞིན་ཡོད་པ་རེད། 

 

དྲི་བ།  སྐུ་ཉིད་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ནི་གསར་བ་དང་མང་ཆེ་བ་གཞོན་སྐྱེས་ཆགས་ཡོད་པའི་ཐད་དགོངས་ཚུལ་དང་ཐུགས་རེ་ག་འདྲ་གནང་གི་ཡོད་དམ།

ལན། ད་རེབ་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་འཐུས་མིའི་ནང་ལོགས་ལ། སྤྱི་ཚོགས་ནང་རྩོམ་སྒྲིག་དང་ཚགས་པར་འགོད་མཁན། ཡང་ན་སོ་སོའི་རྩོམ་འབྲི་མཁན་མང་པོ་ཞིག་སླེབས་འདུག དེ་ཚོའི་སྐོར་དེ་ནམ་རྒྱུན་ནས་ཀླད་པ་དཀྲུག་བསྡད་མཁན་གྱི་གང་ཟག་རེད།  ཡང་ཁག་ཅིག་ནི་གཞོན་ནུ་དང་བུད་མེད། དེ་བཞིན་སྒྲིག་འཛུགས་གཞན་པའི་ནང་སྤྱི་ཚོགས་ལས་འགུལ་བའི་ངོ་བོའི་ཐོག་ནས་ཉམས་མྱོང་མང་པོ་ཡོད་བསྡད་མཁན་འདུག  ལྷག་པར་དུ་བོད་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་དང་། དེ་བཞིན་རྒྱ་གར་དང་རྒྱལ་སྤྱིའི་འགྲོ་སྟངས་ལའང་གང་འཚམ་ཤེས་རྟོགས་ཡོད་པའི་བོད་ནས་སླེབ་མཁན་གྱིས་ཕལ་ཆེར་བརྒྱ་ཆ་མང་པ་ཟིན་འདུག  དེར་བརྟེན། བོད་ཀྱི་གནད་དོན་དངོས་མགོ་ཚོས་མཁན་དང་། བོད་ནང་འབྲེལ་བ་མུ་མཐུད་ཡོད་མཁན་གྱི་གྲངས་དེས་གྲོས་ཚོགས་ནང་ཆབ་སྲིད་བགྲོ་གླེང་གནང་ཡོང་སྐབས། རང་བཞིན་གྱིས་ཚང་མས་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོང་གི་རེད། དེ་བཞིན་སྤྱི་འཐུས་ཚོ་ས་གནས་གཞིས་ཆགས་ཁག་ཚང་མར་ཕྱོགས་སྐྱོད་བྱེད་བཞིན་ཡོད་སྟབས། མི་མང་གི་དངོས་ཡོད་གནས་སྟངས་དང་དཀའ་ངལ་ཆ་ཚང་ཞིབ་ཅིང་ཕྲ་བ་རྒྱུས་ལོན་རྗེས་གྲོས་ཚོགས་ནང་ལ་བཀའ་མོལ་གནང་ཡོང་སྐབས། གྲོས་ཚོགས་ཀྱི་ཆེ་མཐོང་དང་གནས་ཚད་ཡར་རྒྱས་འགྲོ་བའི་གཞི་རྩ་མང་པོ་མཐོང་ཡོང་གི་འདུག 

 

དྲི་བ། གྲོས་ཚོགས་སྐབས་སྔོན་མར་སྤྱི་འཐུས་ནང་ཁུལ་ཕྱོགས་འཁྱེར་དཔུང་སྒྲིག་བྱས་པར་བརྟེན། སྤྱི་ཚོགས་ཁྲོད་གྲོས་ཚོགས་ལ་མིང་ཆད་བྱུང་ཡོད་པ་རེད། སྐབས་བཅོ་ལྔ་པའི་གྲོས་ཚོགས་ནང་འགལ་རྐྱེན་དེའི་རིགས་མི་འབྱུང་བའི་ཐད་གྲ་སྒྲིག་གང་འདྲ་ཡོད་དམ།

ལན། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་གྱི་གནས་སྟངས་དང་། ༡༩༩༡ ནས་ད་ལྟའི་བར་གྱི་གནས་སྟངས་བཅས་ལ་བལྟས་པ་ཡིན་ན། གྲོས་ཚོགས་འཐུས་མིའི་སྐད་ཆ་བཤད་སྟངས་དང་། དགོངས་པ་བཞེས་ཕྱོགས་ཀྱི་ཐོག་ལ་འགྱུར་བ་གང་འཚམ་ཕྱིན་འདུག  སྤྱི་འཐུས་སྐབས་བཅུ་གཅིག་པ་བཅའ་ཁྲིམས་གཏན་འབེབས་ཀྱི་སྐབས་ལ་ཁེལ་ཡོད།  དེ་དུས་ཕྱོགས་མང་པོ་ཞིག་ནས་འཁོན་འཛིན་ཡོད་བསྡད་པའི་རྣམ་པ་ཤུགས་ཆེན་པོ་ཡོད་པ་རེད། དེའི་རྗེས་སྐབས་བཅུ་གཉིས་དང་བཅུ་གསུམ། བཅུ་བཞི་བཅས་ལ་བལྟས་ཡོང་ན་འཁོན་འཛིན་ཕྱོགས་འཁྱེར་ཉུང་དུ་ཕྱིན་འདུག ཡིན་ནའང་། སྐབས་རེར་གནས་ཚུལ་དེ་ཐོན་ཡོང་གི་འདུག དཔེར་ན། ༢༠༠༩ ལོའི་ཕྱི་ཟླ་ ༩ གྲོས་ཚོགས་ནང་དེའི་འདྲའི་གནས་སྟངས་ཤིག་ཐོན་པ་རེད། སྤྱི་ཡོངས་ནས་བལྟས་ན་སྤྱི་འཐུས་ནང་ལོ་གཞོན་པ་མང་པོ་ཡོང་གི་ཡོད་སྟབས། ལོ་གཞོན་པ་ཚོར་དེང་དུས་ཀྱི་ཤེས་ཡོན་དང་བསམ་བློ་གཏོང་སྟངས་གུ་ཡངས་པོ་ཡོད། མ་འོངས་པར་བོད་སྤྱི་བའི་དོན་དག་ཐོག་ཚང་མས་ནུས་པ་མཉམ་དུ་སྤུངས་ཐུབ་ས་རེད་བསམ་པའི་ཚོར་བ་ཞིག་སླེབས་ཡོང་གི་འདུག འོན་ཀྱང་རྗེས་ཕྱོགས་དཀའ་ངལ་དེ་འདྲ་འཕྲད་མི་སྲིད་པ་རེད་ཅེས་ཞུ་ཐུབ་རྒྱུ་ཁག་པོ་རེད། ཚོགས་གཙོ་གཞོན་གཉིས་ཀྱི་ངོས་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་ཐད་ནས།  སྔོན་མའི་ཉམས་མྱོང་ལ་བརྟེན་ནས་མ་འོངས་པ་དེ་འདྲ་ཡོང་གཞི་ཆགས་ཀྱི་ཡོད་ཚེ། དགེ་སྐྱོན་ཡོ་བསྲང་བྱ་རྒྱུའི་ལམ་ཁ་ཞིག་ཏན་ཏན་སྟོན་ཐུབ་རྒྱུ་རེད་བསམ་གྱི་འདུག དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ། རྙོག་དྲའི་རིགས་གྲོས་ཚོགས་ནང་འཁྱེར་མི་དགོས་པའི་ཐུགས་འགན་ཏན་ཏན་བཞེས་རྒྱུ་རེད་བསམ་གྱི་འདུག 

 

དྲི་བ། སྤྱི་འཐུས་སྐབས་བཅུ་བཞི་བས་འཛིན་སྐྱོང་བཀའ་ཤག་ལ་སྟངས་འཛིན་ཞེ་དྲག་ཐུབ་ཀྱི་མེད་པར། གྲོས་ཚོགས་དེ་བཀའ་ཤག་གི་དབང་སྒྱུར་འོག་ཚུད་ཡོད་པའི་མཐོང་ཚུལ་ཞིག་སྤྱི་ཚོགས་ནང་བྱུང་ཡོད་པ་རེད། མ་འོངས་པར་གྲོས་ཚོགས་ཀྱིས་འཛིན་སྐྱོང་བཀའ་ཤག་ལ་སྟངས་འཛིན་དང་མཉམ་རུབ་ཀྱི་ལས་དོན་ཇི་ལྟར་གནང་འཆར་ཡོད་དམ།  

ལན། སྤྱིར་བཏང་འཛིན་སྐྱོང་གི་ལས་དོན་ཆ་ཚང་ལ་རྒྱུས་ལོན་ཏེ་རྒྱུ་མཚན་ལྡན་པའི་ཐོག་ནས་སྟངས་འཛིན་བྱས་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་དེ་ལ་ངོས་ལེན་གནང་སྟངས་མ་འདྲ་བ་ཞིག་ཡོང་གི་རེད།  དེ་སྔོན་སྤྱི་འཐུས་རེ་ཟུང་གིས་གནས་ཚུལ་ཡག་པོ་ཞིག་ཧ་མ་གོ་བར་ཟེར་སྒྲོས་ཙམ་ལ་གཞི་བཅོལ་ཏེ་གྲོས་ཚོགས་ནང་གླེང་སློང་བྱས་སྐབས། འཛིན་སྐྱོང་བཀའ་ཤག་གིས་ཚུར་ལན་བརྒྱབ་ཡོང་དུས། ཕར་གཞི་རྩ་དང་རྒྱུ་མཚན་ཡང་དག་གི་སྒོ་ནས་ཁུངས་བསྐྱལ་བྱ་རྒྱུ་མེད་པའི་གནས་སྟངས་དེ་འདྲ་ཆགས་བཞིན་ཡོད་པ་རེད། ང་རང་གི་བསམ་བློ་གཏོང་སྟངས་ལྟར་ན། རྩ་བའི་དམངས་གཙོའི་འགྲོ་ལུགས་གཞིར་བཟུང་གིས་ཁྲིམས་བཟོ་ལྷན་ཚོགས་དང་། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་བཅས་ཀྱི་བར་དབང་ཆ་ཆ་བགོས་དང་། ལྗིད་སྙོམས་སྟངས་འཛིན་གྱི་འགྲོ་སྟངས་དེ་འགྲོ་དགོས་པ་རེད། འོན་ཀྱང་། ད་ལྟའི་ང་ཚོའི་གནས་སྟངས་འདི་གཞན་དང་མི་འདྲ་བར་འཐབ་རྩོད་པའི་ངོ་བོའི་ཐོག་ཡོད་དུས། དངོས་ཡོད་ཀྱི་སྐྱོན་ག་རེ་ཡོད་པ་དེ་བཏོན་ནས་ཡོ་བསྲང་བྱ་རྒྱུ་དེ་གལ་ཆེན་པོ་རེད་མ་གཏོགས།  སྐྱོན་ཡོད་མེད་གསལ་ཁ་ཐོན་པར་སུན་པོ་བཟོ་བསྡད་པ་དེ་ཕྱོགས་ཕན་ཚུན་གཉིས་ཀྱི་དུས་ཚོད་འཕྲོ་བརླག་ཙམ་ལས་རྩ་དོན་ལ་ཕན་ཐོགས་པ་མ་རེད།  ད་ལྟའི་གནས་སྐབས་ལ་མཚོན་ན། ང་རང་སྒེར་ནས་ག་དུས་ཡིན་ཡང་བཀའ་ཤག་དང་མཉམ་རུབ་ཀྱི་ཐོག་ནས་ནུས་པ་འདོན་ཐུབ་རྒྱུར་འབད་བརྩོན་ཞུས་བསྡད་ཡོད། མ་འོངས་པར་ཡང་གྲོས་ཚོགས་དང་འཛིན་སྐྱོར་གཉིས་ཀའི་ངོས་ནས་བོད་ཀྱི་རྩ་དོན་ཐོག་མཉམ་རུབ་ཀྱི་ནུས་པ་ག་ཚོད་སྤུངས་ཐུབ་ཐུབ་ལ་འབད་བརྩོན་བྱ་རྒྱུ་ཡིན། ཡིན་ནའང་། མཉམ་རུབ་ཅེས་བརྗོད་སྐབས་བཀའ་ཤག་ལ་སྐྱོན་ཡོང་གི་ཡོད་ནའང་། དེ་སྦས་ཐབས་དང་སྟངས་འཛིན་མི་བྱེད་པ་ལྟ་བུ་ཞིག་ལ་རྩ་བ་ནས་གོ་དགོས་ཀྱི་ཡོད་པ་མ་རེད། ལས་དོན་སྒྲུབ་ཕྱོགས་ཐད་འགྲིག་པ་བྱུང་བ་ཡིན་ན།  སྐྱོན་གནས་བཏོན་དེ་ཕན་ཐོགས་ལྡན་པའི་ལམ་ཁ་སྟོན་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད།  ནོར་འཁྲུལ་མཐོང་ནའང་མ་མཐོང་མདོག་བྱས་པ་ཡིན་ན། མི་མང་གི་སྐུ་ཚབ་ཀྱི་ཐོག་ནས་འགན་ཁུར་ཏེ་ལས་ཀ་སྒྲུབ་མ་ཐུབ་པ་ཞིག་ཆགས་པ་རེད། རང་ངོས་ནས་ནམ་རྒྱུན་དེ་ལྟར་བསམ་བཞིན་ཡོད།

 

དྲི་བ།  དམིགས་བསལ་ཚོགས་ཆེན་དང་པོ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པ་བཅས་ཀྱི་སྟེང་། སྤྱི་འཐུས་ལ་དུས་ཡུན་རྒྱས་བཅད་བཟོ་དགོས་པའི་དགོངས་ཚུལ་ཤུགས་ཆེན་ཐོན་ཡོད་ཀྱང་། བསམ་ཚུལ་དེ་གྲོས་ཚོགས་ནང་བསླེབ་ཐུབ་ཀྱི་མེད་པའི་ཐད་དགོངས་ཚུལ་ག་རེ་ཡོད་དམ། 

ལན། ང་ཚོའི་ངོས་ནས་ལས་ཀ་བྱེད་སྟངས་ནི་དམིགས་བསལ་ཚོགས་ཆེན་དང་། དེ་བཞིན་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པའི་སྐབས་ཚང་ལ། མི་མང་གི་བསམ་ཚུལ་ཡོངས་རྫོགས་ཕྱོགས་བསྡོམས་བྱེད་ཀྱིན་ཡོད་པ་རེད། ཚོགས་ཆེན་གཉིས་པའི་སྐབས་ལ་མཚོན་ནའང་། ཚོགས་ཆུང་ཁག་བཅུ་ལ་བགོས་པའི་འཐུས་མི་ ༤༡༨ གྱི་ཁྲོད་ནས་ཚོགས་ཆུང་ ༤ ནང་སྤྱི་འཐུས་ལ་བསྟུན་མར་ཐེངས་གཉིས་མ་ཡིན་པའི་དུས་ཡུན་རྒྱས་བཅད་བཟོ་དགོས་པའི་བསམ་ཚུལ་དེ་སླེབས་ཡོད་པ་རེད། ཡིན་ནའང་།  ཚོགས་ཆུང་བཞི་དེའི་ནང་ཚང་མ་སྤྱི་མོས་རེད་མི་འདུག  དེ་བཞིན་གནས་ཚུལ་གཞན་པའི་རིགས་ཀྱང་མང་པོ་ཡོད་པ་རེད། དེ་དག་ཆ་ཚང་དམངས་གཙོའི་འགྲོ་སྟངས་ལྟར་མང་མོས་ཐོབ་པ་ག་རེ་ཡོད་པ་དེ་མ་གཏོགས་མང་མོས་མེད་པའི་རིགས་འཁྱེར་ཐུབ་ཡོད་པ་མ་རེད།  ཁྱེད་ཀྱིས་བརྗོད་པ་ལྟར་དེའི་ཐད་མང་ཚོགས་ནང་ལ་ཏན་ཏན་བསམ་ཚུལ་དེ་འདྲ་ཡོད་སྲིད་པ་རེད། དེ་བཞིན་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་ལའང་། ཆོས་ལུགས་སྤྱི་འཐུས་དགོས་དང་མི་དགོས། ཆོས་ལུགས་སྤྱི་འཐུས་ལ་མི་མང་ཚང་མས་འོས་བླུག་དགོས་ཀྱི་འདུག་ཟེར་བ་གསུམ་སོ་སོར་རྒྱབ་སྐྱོར་བྱེད་མཁན་བརྒྱ་བ་ ༥༠ ལྷག་ཐོབ་པ་རེད། དེར་བརྟེན། ཚོགས་ཆེན་ནང་ཚོགས་མི་ཚོས་བསམ་བློ་གཟབ་གཟབ་བཏང་སྟེ་ཐག་གཅོད་དགོས་པ་ལས། གང་ཡིན་པོར་རྒྱབ་སྐྱོར་གྱི་ལག་པ་འཇོག་རྐྱང་བྱས་ཡོང་དུས་ཚང་མ་མང་ཉུང་གཅིག་པ་འདྲ་བོ་ཆགས་ཏེ་ཐག་གཅོད་རྒྱུ་ཧ་ཅང་ཁག་པོ་བྱུང་བ་རེད། བསམ་ཚུལ་དེ་ཚོ་ཡར་འཁྱེར་མ་ཐུབ་པའི་གནས་སྟངས་དེ་ལྟར་ཆགས་པ་རེད། སྤྱིར་བཏང་རྒྱལ་སྤྱིའི་ནང་ལ་བལྟས་པ་ཡིན་ནའང་། གྲོས་ཚོགས་འཐུས་མི་ལ་དུས་ཡུན་རྒྱས་བཅད་དེ་འདྲ་ཕལ་ཆེར་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན་དེའི་ཐད་ཁྱད་པར་གང་ཡང་མེད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཡང་བསྐྱར་སྤྱི་འཐུས་ཚོགས་གཙོ་ལ་ཕེབས་པར་ངས་སྙིང་ཐག་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། སྐུ་ངོ་མཆོག་གིས་རང་ཉིད་ཀྱི་འབྱོན་ཐང་ཚད་མཐོ་པོ་ཡོད་པའི་སྒང་ནས་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་ནང་ཆེས་གཟི་བརྗིད་ལྡན་པའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་གཙོ་བྱས་པའི་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཚོར་འབྲེལ་གཏུགས་ཀྱིས་སློབ་སྟོན་ཡང་ཡང་ཞུ་བ་ནི་དངོས་མ་དགའ་འོས་པའི་སྐུ་ཉིད་ཀྱི་བཟང་སྤྱོད་བླ་མེད་ཅིག་ཡིན་པས་མུ་མཐུད་དེ་སྐུ་ཉིད་ཀྱི་འབྱོན་ཐང་བོད་རིགས་ཀྱི་ཆེད་དུ་བཏང་བར་ཐུགས་རྗེ་གཟིགས།

    Reply
  2. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    སྐུ་ངོ་སྤེན་པ་ཚེ་རིང་བསྐྱར་དུ་ཚོགས་གཙོ་ལ་འོས་འདེམས་བྱུང་བར་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མ་འོངས་ལས་དོན་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    Reply
  3. lobsang says:
    ལོ་ 15 སྔོན།

    སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་སྐྱར་དུ་ཚོགས་གཙོའི་འོས་ཐོབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང།་སྐུ་ཉིད་ཀྱི་ཤེས་འཇོན་དང་ལྷག་བསམ་ལངས་ཕྱོགས་གང་གི་ཆ་ནས་སྐུ་ཉིད་ལས་ལྷག་ཅིག་མེད་པའི་ཡིད་ཆས་བརྟན་པོ་ཡོད། སླད་མར་སྐུ་ཉིད་ཀྱིས་མ་འོངས་པར་བྱ་བ་གང་བརྩམས་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས།

    Reply
  4. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ཡང་་ཁོད་རེད་འདུག  ལོ་སྔོན་མ་ཚོོགས་གཙོ་བྱས་ནས་གྲོགས་ཚོགས་ནང་ལྟས་མོ་ཆེན་པོ་ཞིག་བསྟོན་སོང་།    ཁོད་ཚོགས་གཙོ་ཡིན་ན་་ད་ལོ་ཡང་གྲོགས་ཚོགས་ཚོག་སྐབས་ལྟས་མོ་ཡོད་ཡིན་ཡིན་རེད་
    བློ་བཟང་རྒྱལ་མཚན།

    Reply
  5. བསོད་ནམས་ཉི་མ། says:
    ལོ་ 15 སྔོན།

    ཚེ་རིང་རྒྱལ་ལགས་དྲི་བ་གནད་དུ་འཁེལ་འདུག འོན་ཀྱང་། དྲིས་ལན་དཀྱོག་ནས་བརྒྱབ་འདུག ད་དུང་སྤྱི་འཐུས་སྐབས་བཅོ་བཅུ་བཞི་བའི་བྱས་ཉེས་ལ་ཚ་འདེད་དང་། སྐབས་བཅོ་ལྔ་བར་ཁས་ལེན་བྱེད་དུ་འཇུག་དགོས་པ་ཁ་ཤས་འདུག གང་ལྟར། ཚོགས་གཙོ་མཆོག་ལ་བསམ་ཚུལ་གང་ཡང་མེད།

    Reply
  6. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སྐབས་བཅོ་ལྔའི་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞི་རྒྱུ་དང་།   སྐུ་ངོ་མཆོག་གི་ཉམས་མྱོང་དང་འཇོན་ཐང་གང་ལ་ལྟས་ན་ང་ལ་ཡིད་ཆས་ཡོད་སླད་མར་ཁྱེད་ཀྱི་ཕྱག་ལས་གང་གནང་ཐམས་ཅད་ལམ་འགྲོ་ཡོངས་བའི་སྨོན་འདུན་ཞུ་ཐུགས་རྗེ་ཆེ།

    Reply
  7. ཤིང་ལོ། says:
    ལོ་ 15 སྔོན།

    སྐབས་གཉིས་ཀྱི་ཚོགས་གཙོ་མཆོག་ལ་འཚམས་འདྲི་དང་། ལས་དོན་ལམ་སློང་ཡོང་བའི་སྨོན་འདུན་ཞུ། ཉམས་མྱོང་དང་། འཇོན་ཐང་། ཤེས་ཡོན་བཅས་གང་ཐད་ནས་ཁྱེད་ལ་རེ་བ་ཧ་ཅང་ཆེ་ཕྱིར། མུ་འཐུད་འབད་བརྩོན་གནང་རོགས་མཁྱེན་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese