རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ལ་ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཚོར་དྲག་གནོན་མཚམས་འཇོག་བྱ་རྒྱུའི་འབོད་སྐུལ་ཞུས་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་འཛམ་གླིང་གི་རྒྱལ་ཁབ་ ༣༣ དང་གྲོས་ཚོགས་འཐུས་མི་ ༡༣༣ ལས་གྲུབ་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གིས་རྒྱ་ནག་གཞུང་ལ་ཁམས་དཀར་མཛེས་ཁུལ་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རྣམས་ལ་དྲག་གནོན་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་དང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་ལ། ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཚོགས་གཙོ་དང་ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མཱ་ཀུལ་མཱ་སཱ་ལགས་དང་ཟུང་འབྲེལ་ཚོགས་གཙོ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མུ་ཐོལ་མུ་སི་མཱན་ལགས་བཅས་ཀྱི་མཚན་འཁོད་གསལ་བསྒྲགས་དེའི་ནང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ནང་གི་གྲྭ་བཙུན་གཙོས་བོད་མི་ཞི་རྒོལ་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ཆེད་གཞུང་ལམ་དུ་ཐོན་ཏེ་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་དང་བྱེད་མུས་སུ་ཡོད་པའི་བོད་མི་རྣམས་བསྟུད་མར་འཛིན་བཟུང་བྱས་པའི་ཐད་བློ་འཚབ་ཡོད། ཅེས་བཀོད་ཡོད་པ་དང་།
ཡང་གསལ་བསྒྲགས་དེའི་ནང་དུ། རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཞི་རྒོལ་བར་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་རྒྱལ་ཁབ་ཀྱི་རྒྱུ་འབྱོར་མཐུན་འགྱུར་བྱས་པའི་འཇིགས་སྐུལ་དྲག་སྤྱོད་པའི་ལས་དོན་ཞིག་ཆགས་ཡོད། གལ་ཏེ། རྒྱ་ནག་གཞུང་གིས་འཆམ་མཐུན་སྤྱི་ཚོགས་ཤིག་འདོད་ཀྱི་ཡོད་ཚེ། བོད་མི་ཚོའི་རང་དབང་ཐོག་བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་བྱ་དགོས། ཞེས་འཁོད་ཡོད་པར་མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས་འཆར་གཞི་ལྡན་པའི་སྒོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི།གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་ཀྱིས་རྒྱ་གཞུང་གིས་ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཚོར་གདུག་རྩུབ་ཀྱི་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་བྱ་བར་ཐེ་བྱུས་བྱ་དགོས། ཞེས་གསལ་བསྒྲགས་བསྐྱངས་ཡོད་འདུག
གསར་འགོད་པ།དོན་གོ
དཀར་མཛེས་་བུ་དང་བུ་མོ་རྣམས་ལ་བློ་ཁོག་འདུག་རྡ།