བསྟན་འཛིན་ཤེས་རབ།
སྐུ་ཞབས་གནམ་ལོ་ཡག་དང་མཁྱེན་ལྡན་མ་ཞུའུ་ཕའི་ལགས་རྣམ་གཉིས་ཀྱིས་ཀུ་ཡངས་དང་ཟབ་རྒྱ་ཆེ་བའི་གླེང་མོལ་དེ་འདྲ་ཞིག་གནང་འདུག་པར་སེམས་གཏིང་ནས་ཡིད་སྨོན་སྐྱེས་ལ། རྣམ་པ་གཉིས་ལ་སེམས་གཏིང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། གཅར་འདྲི་འདི་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་ལས། སེམས་ཚོར་དང་འདུ་ཤེས་འཚབ་པོ་འགའ་ལྷོག་ལྷོག་བརྡོལ་བྱུང་བ་ཡིག་ཐོག་ཏུ་འགོད་འདོད་བྱུང་ལ། ཀློག་པ་པོ་གཞན་དག་ལ་ཡང་གཅིག་མཚུངས་ཀྱི་ཚོར་བ་རེ་སྐྱེས་ལོས་ཡོད་འདོད་པས་འདི་ལྟར་བཀོད་པ་ཡིན། ཞོར་དུ་གསལ་བཤད་ཞུ་དགོས་པ་ཞིག་ནི། ངའི་ཁ་ཅུང་རྩུབ་པས་བཤད་སྟངས་ལ་ལ་ཞིག་ལ་ཐལ་དྲགས་པའི་ཆ་ཡང་འབྱུང་སྲིད་པས་དཀྱེལ་ཡངས་གནང་རོགས་ཞུ་རྒྱུ་ཡིན་ལ། གཞན་སེམས་ཚོར་ལ་ལ་ཞིག་སྔར་ནས་ཡོད་མོད་ལ་ལ་ཞིག་ཐོལ་བུར་བ་ཡིན་པས་མཐའ་གཅིག་ཏུ་འདི་རེད་ཅེས་ཞུ་གི་མེད་པ་ཡང་ཐུགས་འཇགས་ཞུ། ད་དུང་མ་ཉེས་ཁག་གཡོགས་ལྟ་བུ་རེ་བྱུང་ཚེ་ཐད་ཀར་བཀའ་སྐྱོན་གནང་རོགས་ཞུ་རྒྱུ་ཡིན།
གཅིག གླེང་མོལ་འདི་ལ་དབྱེ་ཞིབ་བྱེད་སྐབས་ང་ཚོས་གསལ་བོར་ཤེས་ཡོང་བ་ཞིག་ནི་རྒྱ་མི་རིགས་ཀྱི་གཤིས་ལ་འགོས་པའི་གཡོ་སྒྱུ་དེ་དང་ཞུའུ་ཕེ་མོ་རང་ཉིད་ཀྱི་དམིགས་ཡུལ་དེ་རེད། ཞུའུ་ཕེའི་སྐད་ཆའི་དངོས་ཤུགས་གང་རུང་ནས་མཐོང་ཡོང་བ་ཞིག་ནི། ཁོ་མོ་ནི་རྩ་རླུང་སྒོམ་སྒྲུབ་པ་ཞིག་དང་རྒྱ་ནག་དམར་ཕྱོགས་ཀྱིས་ཁོང་ཚོའི་ཚོགས་པ་དེ་ལ་རྡུང་རྡེགས་བཏང་བའི་ན་ཟུག་སྙིང་ལ་ཉར་ཏེ། དེ་དང་འབྲེལ་མེད་ཀྱི་མི་རིགས་སམ་ལས་འགུལ་བ་གཞན་དག་ལ་ཡང་ཁོང་ཚོའི་ཚབ་ཏུ་སྙིང་ནད་རྩོད་དུ་འཇུག་འདོད་པ་དེ་རེད་ལ། གལ་སྲིད་ཁོང་ཚོའི་སྙིང་ནད་དང་རེ་འདོད་དེ་སེལ་མ་ཐུབ་པ་ཡིན་ན། བོད་ལྟ་བུའི་མི་རིགས་གཞན་ཞིག་ལ་རང་དབང་དང་རང་བཙན་གང་ཞིག་ཐོབ་རུང་ངོ་རྒོལ་བྱེད་འདུན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སླེབ་ཡོང་གི་འདུག དེ་ནི་ཁོ་མོའི་སྐད་ཆ་འདི་ལས་བསྐྱེད་འོངས་པ་ཞིག་སྟེ། ཁོ་མོས་དམར་ཤོག་གཞུང་ནི་ཐའེ་ཝན་གནད་དོན་དང་། བོད་ཀྱི་གནད་དོན། ཡུ་གུར་གནད་དོན། རྩ་རླུང་སྒོམ་སྒྲུབ་གནད་དོན་སོགས་བསྐྱེད་པའི་རྩ་བ་ཆགས་ཡོད་སྟབས། དམར་ཤོག་ཚོགས་པ་ཚར་གཅོད་བྱས་རྗེས་ད་གཟོད་གནད་དོན་ཐ་དག་སེལ་ཐུབ་ངེས་རེད། དེ་མཚུངས་སུ་ཡུ་རོབ་གཅིག་གྱུར་ལས་ཀྱང་མཐོང་ཐུབ་པ་ནི་རྒྱ་ནག་སྐམ་སར་ཐའེ་ཝན་ནང་བཞིན་དམངས་གཙོ་དར་སྤེལ་བྱུང་བ་ཡིན་ན། རང་བཙན་ཡང་གདམ་ག་ཡག་ཤོས་དེ་ཡིན་པའི་མ་ཁྱབ་པར་འདོད།
ཡང་ཅིག་བཤད་ན། ད་ལྟ་གཅིག་གྱུར་རམ་རང་བཙན་གང་གླེང་ཡང་དོན་སྙིང་ཅི་ཡང་མེད། དེ་ལས་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམར་ཤོག་ཚོགས་པ་མགོ་རྟིང་སློག་རྒྱུ་དེ་ཡིན་ཟེར། གཉིས་པ། ཁོ་མོར་མི་རིགས་ཆེན་པོའི་རང་ལུགས་ཀྱི་ལྟ་བ་སྙིང་ལ་སིམ་ཞིང་དེ་རྒྱུན་སྐྱོང་བྱེད་འདོད་ཀྱི་ཀུན་སློང་ངན་པ་ཞིག་ཡོད་པ་དང་། དེ་དང་འབྲེལ་ནས་བོད་རང་བཙན་ལ་རྒོལ་བ་དང་གནས་ཚུལ་ཇི་འདྲ་ཞིག་གི་འོག་ནས་ཀྱང་བོད་ནི་རྒྱ་ཁོངས་དང་རྒྱའི་ལག་འོག་ནས་འདུག་དགོས་པའི་སེམས་འདུན་རྣལ་མ་ཞིག་ཡོད་པ་དེ་རེད། གསུམ་པ། ཁོ་མོར་བོད་གཙོས་པའི་གྲངས་ཉུང་མི་རིགས་དག་གི་གནས་སྟངས་དང་དེའི་རིག་གནས་ཀྱི་ཆག་འཇིག་སྣང་མེད་དུ་བཞག་སྟེ། རང་ཉིད་ཀྱི་སྙིང་ནད་ཁོ་ན་གཙིགས་འཛིན་དང་འབྲེལ་ཡོད་མེད་ཀྱི་མི་གཞན་དག་བེད་སྤྱོད་ཀྱི་བསམ་བློ་ཤུགས་ཆེར་མངོན་འདུག་པ་དང་། མི་སུ་ཞིག་གིས་མི་རིགས་ཀྱི་དོན་དུ་བྱས་རྗེས་ཅི་ཞིག་བཞག་ཡོད་མེད་དང་། མི་རིགས་ཀྱི་ལ་རྒྱ་མངའ་མིན་དང་དོན་དག་སྒྲུབ་མིན་ལ་མི་ལྟ་བུར་དམར་ཕྱོགས་པའི་གྲས་སུ་གཏོགས་པའམ་དེའི་ལྟ་ཚུལ་མངའ་བ་ཙམ་གྱིས་དེ་ལ་སྡང་ཟུག་དང་གནད་དོན་སྡེར་གཤགས་བྱེད་པའི་གཤིས་སྤྱོད་ཐལ་མཐའ་བ་ཞིག་འདུག་པ་སྟེ། དཔེ་འཇོག་ཙམ་བྱས་ན་ཁོ་མོས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་འཇིགས་མེད་ལ་འཛིན་པའི་ལྟ་སྟངས་དེ་འདྲ་བ་དག་རེད།
ད་དུང་ཁོ་མོས་ང་རང་གིས་སྔར་པེ་ཅིན་དུ་བསྐངས་པའི་ཨོ་ལིམ་ལུས་རྩལ་འགྲན་ཚོགས་ལམ་འགྲོ་མི་ཡོང་བའི་ཆེད་དུ་ཏཱ་ལའི་བླ་མ་མཆོག་ལ་ཡོངས་གྲགས་ཀྱི་ལམ་ནས་འཕྲིན་ཡིག་ཅིག་བྲིས་ཡོད་ཟེར་བ་དེས་ཀྱང་ཅི་ཞིག་གསལ་བཤད་བྱས་མི་འདུག་གམ། སྔོན་ཆད་༸གོང་ས་མཆོག་གིས་ཨོ་ལིམ་ཕིག་རྒྱ་ནག་ཏུ་འཚོག་པར་དགག་བྱ་མ་གནང་བར་མ་ཟད། འཚོག་འོས་པའི་དགོངས་འཆར་གནང་ཡོད། དེ་ཡང་༸གོང་ས་མཆོག་གིས་དམར་བོའི་གཞུང་གི་བྱ་སྤྱོད་ལ་བཟང་བསྟོད་ཀྱིས་དེ་ལྟར་གནང་བ་མིན་མོད། རྒྱ་ནག་མི་དམངས་ཀྱི་ཁེ་ཕན་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཆེད། དུས་ཡུན་རིང་བོའི་ལོ་རྒྱུས་དང་རིན་ཐང་མངའ་བའི་རིག་གནས་ཀྱི་གནས་ཚད་བཅས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་བ་ཞིག་རེད། ཡང་བོད་མི་མང་བོས་ངོ་རྒོལ་ཤུགས་ཆེན་གནང་ཡོད་དེ། དེ་ཡང་རྒྱ་ནག་མི་དམངས་ལ་ཁེ་ཕན་དང་གཟི་བརྗིད་ཐོབ་པར་བཀག་འགོག་བྱས་པ་ཞིག་མིན་པར། རྩེད་འགྲན་དེའི་ཁེ་ཕན་ཡོངས་རྫོགས་དམར་བོའི་སྲིད་གཞུང་གིས་སྒེར་སྤྱོད་བྱེད་དོགས་དང་རྩེད་འགྲན་དེས་རྐྱེན་བྱས་ཏེ་མང་ཚོགས་ལ་མནར་གཅོད་བྱེད་དོགས་སོགས་ཀྱིས་ཡིན།
གནད་དོན་འདིའི་ཐོག་ནས་བཤད་ན། ཞུའུ་ཕེ་ཡིས་རྒྱ་བོད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་དམར་བོའི་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དོན་ཞིག་བཤད་དགོས་པ་ལ་དེ་ལྟར་མ་བཤད་པར།༸གོང་ས་མཆོག་དང་བོད་མི་མང་བེད་སྤྱོད་ཀྱིས་རྩ་རླུང་སྒོམ་སྒྲུབ་པའི་སྙིང་ནད་རྩོད་རྒྱུ་གཅིག་བུའི་ཀུན་སློང་འཆིང་ཡོད་པ་འདྲ་ཞིག་གསལ་སྟོན་བྱས་མི་འདུག་གམ། བཞི་བ། ཁོ་མོ་ཡང་རྒྱ་མི་རིགས་ཕལ་མོ་ཆེ་དང་སྤྱི་མཚུངས་ལྟར། རང་ཉིད་ཀྱི་མངོན་འདོད་དང་མི་མཐུན་ཚེ་མི་སུ་འདྲ་ཞིག་ཡིན་རུང་ཡང་དག་པའི་མི་ཞིག་ཡིན་ཐབས་མེད་ལ། བྱ་དངོས་གང་ཞིག་ཡིན་རུང་རང་ཉིད་ཀྱི་འགའ་ཕྱོགས་དང་མ་མཐུན་ཚེ་ཡང་དག་ཅིག་མིན་པའི་ངོས་འཛིན་བྱེད་པ་དེ་རེད་དེ། ཁོ་མོས་རྒྱ་ནག་དམར་ཤོག་གིས་སྲིད་དབང་འཕྲོག་རྗེས། རྒྱ་ནག་གི་ཤེས་རིག་ལ་གཏོར་སྐྱོན་བཏང་བ་ནི་བོད་ཀྱི་ཤེས་རིག་ལས་ཀྱང་ཚབས་ཆེན་ཡིན་ཞིང་། སྐད་ཡིག་ནས་ནང་དོན་ཆ་ཚང་དམར་བསྒྱུར་བྱས་ཡོད། ཡིག་གཟུགས་ལའང་བཅོས་བསྒྱུར་གྱིས་ངོ་རྟགས་མི་ཆོད་པ་ཞིག་ཏུ་གྱུར་ཡོད་ཟེར། ཁོ་མོའི་སྐད་ཆ་འདི་ལས། ཁོ་མོས་རང་ཉིད་ཀྱང་གཞན་དག་ལྟར་ཉམས་ཆག་ཐེབས་ཚུལ་གཅིག་པར་བརྗོད་དེ་གཞན་དག་ཚུར་འགུག་བྱེད་པའི་ཐབས་ལམ་སྤྱོད་ཀྱི་ཡོད་ལ། རང་ཉིད་ཀྱི་འདོད་བློར་མ་སོང་ཚེ་སྐོར་ལོག་ཅིག་ཡིན་པའི་ལྟ་ཚུལ་འཁྱོག་པོ་ཞིག་མངའ་བ་དེ་གསལ་བརྗོད་བྱས་འདུག
ལྔ་བ། ཁོ་མོས་རང་ཕྱོགས་ཀྱི་ཞེན་འཛིན་ཁོ་ན་གཙིགས་འཛིན་གྱིས། བོད་མི་ཚོས་གནད་དོན་གང་ཞིག་ལའང་འདང་མི་རྒྱག་པར་ཁོང་ཚོའི་རྒྱབ་དཔུང་ཁོ་ན་བྱ་དགོས་པའི་ལྟ་སྟངས་ཞིག་བཟུང་ཡོད་པ་སྟེ། ཁོ་མོས་བོད་མི་ཚོས་གལ་སྲིད་བོད་མི་ས་ཡ་དྲུག་གིས་དམར་ཤོག་ཚོགས་པར་ཁ་བྲལ་བའི་གསལ་བསྒྲགས་སྤེལ་ཏེ། རྩ་རླུང་སྒོམ་ཚོགས་པས་སྤེལ་བཞིན་པའི་དམར་ཤོག་ཚོགས་མི་ལས་ཕྱིར་ཐོན་པ། གུང་གཞོན་ཚོགས་མི་ལས་ཕྱིར་ཐོན་པ། ན་ཆུང་གདོང་ལེན་རུ་ཁག་ལས་ཕྱིར་ཐོན་པའི་ལས་འགུལ་ནང་མཉམ་ཞུགས་གནང་བ་ཡིན་ན། དམར་ཤོག་ཚོགས་པ་ལམ་སང་མགོ་རྟིང་སློག་རྒྱུ་མ་རེད་དམ་ཟེར། ང་ཚོས་མི་རིགས་དང་རིག་གནས་ཆག་འཇིག་གི་གཡང་གཟར་ལས་མྱུར་སྐྱོབ་བྱ་རྒྱུ་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་པ་ལས། གཞན་སུ་ཞིག་ལ་ཡང་སྙིང་ནད་རྩོད་ཀྱི་མེད་ལ་འཁོན་འཛིན་བྱེད་ཀྱི་མེད། གནད་དོན་འདི་ནི་ཁོ་མོ་དང་རྒྱ་ནག་མི་མང་གིས་ངེས་པར་མཁྱེན་དགོས་པ་ཞིག་ཡིན། ཞོར་དུ་ཁོ་མོར་བཀའ་འདྲི་ཞིག་ཞུ་རྒྱུར། ང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་བརྒྱུད་སྒྲོག་དང་ཕན་ཚུན་གྲོས་མོལ་གྱིས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་བསྟེན་གྱི་ཡོད། གལ་སྲིད་ཁྱེད་ཀྱི་དགོངས་ཚུལ་ལྟར་རྒྱ་དམར་སྲིད་གཞུང་དང་འབྲེལ་གཏུག་རྦད་གཅོད་བྱས་ཚེ། ཐབས་ལམ་གཞན་གང་ཞིག་བསྟེན་ཏེ་གནད་དོན་ཐག་གཅོད་བྱ་ཐུབ་བམ། གཞན་ཁྱེད་ཀྱིས་ད་དུང་ངེས་པར་མཁྱེན་དགོས་པ་ཞིག་ནི། ང་ཚོ་ནི་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཤིང་མི་རིགས་དང་རིག་གཞུང་གི་ཆག་འཇིག་ལ་སེམས་ཁྲལ་བྱེད་དགོས་མེད་པའི་ཁྱེད་ཚོ་དང་གཏན་མི་མཚུངས་པར། ང་ཚོའི་ཡོད་ཚད་ཧ་ཅང་གི་ཛ་དྲག་དང་འཆི་གསོན་གྱི་སོ་མཚམས་ན་འདར་བཞིན་པའི་ངང་ཚུལ་འདི་ཅི་ནས་ཀྱང་ཐུགས་ལ་བསྣབས་རོགས།
གནད་དོན་ཁག་ཅིག་གི་ཐད་ནས་ཁོ་མོས་སྐད་ཆ་ཧ་ཅང་དྲང་བོ་དང་གནད་ལ་ཁེལ་བའི་ཐོག་ནས་བཤད་ཡོད་པ་ནི། བོད་ཀྱི་རྒྱ་མི་ཞེས་པའི་ཐད་ལ། ཁོ་མོས། ཁོ་མོ་བོད་ཀྱི་རྒྱ་མི་ཞིག་བྱེད་མི་ཐུབ་ཚུལ་དང་བོད་ཀྱི་རྒྱ་མི་ཚོའི་ཆེད་དུ་སྐད་ཆ་བཤད་འདོད་མེད་པའི་རྣམ་འགྱུར་བསྟན་པ་འདི་ལས། ཁོ་མོས་བོད་ལ་བོད་ཀྱི་རྒྱ་མི་ཞེས་པ་ཞིག་ཡོང་ཐབས་མེད་ལ། གལ་སྲིད་ཡོང་བའི་དབང་དུ་བཏང་རུང་དེ་ནི་རྙོག་དྲའི་ཁུར་བོ་ཞིག་ལས་ཅི་ཡང་མིན་པ་གསལ་སྟོན་གནང་འདུག སྤྱིར་རྒྱ་མི་རིགས་ནི་སྒེར་སེམས་ཆེ་ཞིང་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་གཤིས་སུ་འཇགས་པ་ཞིག་ཡིན་ལ། གཤིས་སྤྱོད་དེ་འདྲ་མངའ་བའི་མི་ཞིག་ཡིན་ཕྱིན་ཆད་ངའི་མི་རིགས་དང་ངའི་མེས་རྒྱལ་ཟེར་བ་ཞིག་མ་གཏོགས་རང་གི་ལག་འོག་ནས་ཤོར་འགྲོ་བ་ཞིག་གི་དོན་དག་ཇི་ལྟར་སྒྲུབ་སྲིད། ཁོ་ཚོ་སུ་ཡིན་རུང་རང་གི་མངའ་འོག་ཏུ་ཡོད་པ་ཞིག་རྒྱུན་མཐུད་དུ་འཛིན་ངེས་པ་ལས་ཀློད་གཏན་ནས་མི་སྲིད་དོ།། དམར་བོའི་སྲིད་གཞུང་ཡིན་ན་འདྲ་ལ་དམངས་གཙོ་དོན་གཉེར་བ་ཡིན་ནའང་འདྲ། ཆོས་ལུགས་དད་མོས་པ་ཡིན་ན་འདྲ་ལ་མང་ཚོགས་དཀྱུས་མ་ཡིན་ནའང་འདྲ། ཤེས་ཡོན་ཅན་ཡིན་ན་ཡང་འདྲ། གང་ལྟར་རྒྱ་མི་སུ་འདྲ་ཞིག་ཡིན་ཡང་རུང་སྟེ། གནད་དོན་གཞན་དག་གི་ཐད་ནས་ང་ཚོ་དང་ཕན་ཚུན་གཉིས་མོས་དང་ཡིད་ཆེས་འདྲིས་གཤིབ་ཀྱིི་ལམ་ཁ་ཡོད་པ་མ་ཟད་དྲང་བདེན་དང་གནས་ལུགས་ཀྱི་རྒྱ་མར་འཇུ་ངེས་ཡིན།
འོན་ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་གནད་ལ་ཐུག་ཚེ་སུ་ཞིག་གིས་ཀྱང་དྲང་བདེན་སྐྱོང་མི་སྲིད་ལ་གནས་ལུགས་ཀྱི་སྐད་ཆ་འཆད་མི་སྲིད་པ་ནི་ཁོ་མོའི་སྐད་ཆའི་ཟུར་ངོས་གང་རུང་ན་ལྷང་ངེར་བསྟན་འདུག་པ་དེ་བཞིན་ནོ།། ལྷག་པར་དམར་བོའི་གཞུང་ལ་མཚོན་ན། ཁོ་མོས་བཤད་པ་བཞིན་སྟག་ལ་སྟག་ལྤགས་སློང་བ་ལས་ཅི་ཡང་མེད་དེ་ཐ་ན་སྐད་ཆ་ཙམ་ཡང་འགྲོ་ས་མེད་དོ།། ཁོ་མོས་སྲིད་གཞུང་དང་མི་སེར་གཉིས་ཁ་ཁར་འབྱེད་ཀྱི་ཡོད་པ་བཞིན་ཡིན་ངེས་མོད། འོན་ཀྱང་གནད་དོན་གཅིག་གི་ཐོག་ལ་རྒྱུས་མངའ་མེད་པའམ་ཡང་ན་འདང་མ་ཕོག་པར་སྣང་སྟེ། བོད་དུ་གནས་སྡོད་བྱེད་པའི་རྒྱ་མི་ཞིག་ཡིན་ཚེ་བོད་ལ་གཉའ་གནོན་བྱེད་མཁན་ཞིག་ཡིན་ངེས་པ་དེའོ། །ད་ལྟ་ང་ཚོ་སུས་ཀྱང་མཐོང་བཞིན་པ་ནི། བོད་ཡུལ་གྱི་རྒྱུན་སྤྱོད་ཚོང་ཟོག་གི་རིགས་དང་སྐྱེས་དངོས་ཐོན་ཁུངས་ཀྱི་རིགས། ལས་མིའི་ཐོབ་སྐལ་གྱི་རིགས་སོགས་ཁེ་དཔོག་ཕལ་མོ་ཆེ་རྒྱ་མི་ཚོས་འཕྲོག་འགྲོ་བཞིན་ཡོད་ལ། སྐད་དང་ཡི་གེའི་རང་དབང་དང་། ཐ་ན་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་དང་ས་ཆའི་བདག་དབང་སོགས་ཀྱང་འཕྲོག་གིན་པ་དང་། བྱིེས་པའི་སློབ་སྐལ་སོགས་ཀྱང་ཅི་ཡིན་འདི་ཡིན་མེད་པར་ཁྱེར་འགྲོ་བཞིན་ཡོད། ད་དུང་མི་རིགས་ལ་དམའ་འབེབས་དང་མཐོང་ཆུང་། ཁོར་ཡུག་གཏོར་བརླག་སོགས་འདི་དང་འདི་དག་གི་གནད་དོན་ནི་ཁོ་མོས་གཏན་ནས་ཤེས་མེད་པར་སྣང་ལ། བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་རམ་ཁ་གྲགས་མཁན་ཐད་ནས་ཀྱང་བོད་སྡོད་རྒྱ་མིའི་ཁྲོད་ན་གཅིག་ཀྱང་མེད་པ་འདིས་ཀྱང་གསལ་བརྗོད་བྱས་ཡོད།
ང་ཚོར་མཚོན་ན་དམར་ཤོག་མཇུག་སྒྲིལ་ལས་ཀྱང་གལ་ཆེ་ཞིང་ཁ་རྩ་དགོས་གཏུག་ཡིན་པ་ནི་གནད་དོན་འདི་དག་སེལ་རྒྱུ་དེ་ཡིན་ལ། ས་བྱི་ལོའི་ཞི་རྒོལ་ཆེན་མོ་ཡང་གནད་དོན་འདི་དང་འབྲེལ་ཧ་ཅང་ཆེ་བ་ཡིན།སྤྱིར་རྒྱ་མི་རིགས་དང་ང་ཚོའི་བར་ལ་མཐུན་ས་བརྒྱ་དང་མི་མཐུན་ས་སྟོང་ཡོད་སྲིད་མོད། འོན་ཀྱང་ཞུའུ་ཕེས་བཤད་པ་ལྟར་དམར་ཤོག་པ་དང་འབྲེལ་ཐག་རྦད་གཅོད་བྱེད་རྒྱུ་ནི་ང་ཚོའི་ཐབས་ལམ་དེ་ཡིན་པར་མ་མཐོང་།བོད་མི་རིགས་ལ་བྱས་རྗེས་དང་ལ་རྒྱ་ལྡན་པའི་བོད་མི་ཞིག་ཡིན་ཚེ་དམར་ཤོག་པ་ཡིན་མིན་ལ་མི་ལྟོས་པར་བསྟོད་སྔགས་དང་གོང་བཀུར་བྱེད་འོས་པ་དང་།དྲང་བདེན་དང་གནས་ལུགས་ཀྱི་རྒྱབ་རྩར་སྲོག་བསྡུས་ཀྱི་ལངས་མཁན་ཞིག་ཡིན་ཚེ་རྒྱ་མི་སུ་འདྲ་ཞིག་ཡིན་རུང་ང་ཚོས་གྲོགས་པོ་དང་མིག་དཔེར་བསྟེན་འོས་པ་ཞིག་ཡིན་པར་འདོད། དེ་ཙམ་མ་ཟད་རྒྱ་མི་སུ་འདྲ་ཞིག་ཡིན་རུང་ང་ཚོས་འབྲེལ་གཏུག་བྱེད་འོས་ལ། འབྲེལ་གཏུག་གིས་ཁོ་ཚོའི་དོན་དངོས་ཀྱི་བསམ་བློ་ལ་རྒྱུས་ལོན་དང་ལེགས་ཆ་ཚུར་ལེན་བྱེད་པ་དང་། དོན་དངོས་གླེང་བའི་ལམ་ལ་ཁྲིད་གང་ཐུབ་བྱེད་རྒྱུ་ནི་གནད་ཀྱི་དོན་པོར་མཐོང་ངོ་།།
བསྟན་འཛིན་ཤེས་རབ་དང་ཆབ་བྲག་གཉིས་ཀྱིས་བཤད་ནོ་འབེན་ལ་ཕོག་འདུག །
ཞུའུ་ཕེ་ཟེར་གོ་ནོ་རྒྱ་མོ་འདིའི་བསམ་བློའི་ཀུན་སློང་སྟེང་ན་གནད་དོན་འདུག །
ད་དུང་མོ་ལ་འགྲན་སེམས་ལྷག་མ་ཞིག་ཡོད་པ་ནི་༧གོང་ས་མཆོག་གི་གདུལ་བྱ་ཡིན །
སྐུ་ཉིད་ཀྱིས་དགོངས་ཚུལ་ལྷུག་བརྗོད་གནང་བར་དགའ་བོ་བྱུང། ཡིན་ཡང་ངས་བསམ་ཚོད་ལ་མོ་རང་དེ་འདྲ་ཞིག་རེད་སྙམ་པའི་ཚོར་སྣང་མ་བྱུང། ཏང་ལ་ཤ་འཁོན་ཟབ་པ་མངོན་གསལ་རེད། ཁོ་མོར་ཡིད་བཞིན་ནོར་བུའི་རླབས་ཆེན་དགོངས་གཞི་དང་བར་རྒྱང་ཧ་ཅང་རིང་བས་ན་ངོ་རྒོལ་དང་ལྟ་སྤྱོད་དེ་དག་ཀྱང་སྤྱིར་བཏང་གི་མི་ལྟར་ཡོང་ངེས་པ་ཞིག་རེད།
ངས་འདིར་གསལ་བཤད་གཞན་ཞིག་ཁ་སྣོན་བྱེད་ན་འདོད། དེ་ནི་ཁོ་མོས། “ངས་བཙན་བྱོལ་བོད་གཞུང་གིས་གསར་དུ་འདེམས་ཐོན་གནང་བའི་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེངྒེ་ལགས་ཀྱི་ཁྲི་འདོན་མཛད་སྒོའི་གསུང་བཤད་བཀླགས་ཏེ། ཀུན་དགའ་བཀྲ་ཤིས་ལགས་ཀྱི་ཁྲའེ་ཁྲི་ @kungat:སྟེང་ཚིག་ཁ་ཤས་བྲིས་ཡོད། གལ་ཏེ་སྲིད་པ་ཞིག་ཡིན་ན། ལྟ་ཚུལ་གསུམ་བརྒྱུད་སྤྲོད་གནང་རོགས། དང་པོ། བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད། གཉིས་པ། པེ་ཅིན་གྱིས་བོད་ལ་དབང་བསྒྱུར་ནི་དྲང་བདེན་མིན་པ་དང་མདུན་ལམ་མེད་པ་བཞིན་དུ་རྒྱ་ནག་ལ་དབང་བསྒྱུར་བྱེད་ཀྱིན་པའང་དེ་ག་རང་ཡིན། གསུམ་པ། “ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པ”ཞེས་པ་འདི་ནི“སྟག་ལ་སྟག་སྤགས་སློང”བཞིན་པ་ལས་གཉིས་སུ་མེད་པས། འགྲུབ་མི་སྲིད་པ་ཞིག་རེད། མདོར་བསྡུས་ནས་བཤད་ན། ང་རང་གིས་བོད་མི་ཚོར་ནམ་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་པར་གནས་ལུགས་དང་རྒྱབ་རྟེན་འཐུས་ཚང་ཞིག་ཡོད”ཅེས་པ་འདིར་སྲིད་སྐྱོང་ཁྲི་པ་མཆོག་གི་ཚབ་བྱས་ནས་ལན་སྟབས་བདེ་ཞིག་འབུལ་རྒྱུར།
དངཔོ། བདེན་གི བོད་ལ་ཐོག་མར་བཙན་འཛུལ་བྱེད་མཁན་དམར་ཤོག་པ་དང་དེའི་དམག་དཔུང་ཡིན་པ་མུ་མཐུད་ཀྱི་དབང་སྒྱུར་པ་ཡང་དམར་ཤོག་ཀྲུང་དབྱང་ཡིན་པ་ང་ཚོས་གསལ་བོས་ཤེས་ཡོད། བོད་མི་དམར་ཤོག་པ་མི་ཉུང་བ་ཞིག་དེ་སྔོན་ནས་ད་ལྟ་བར་དུ་བྱུང་དང་འབྱུང་བཞིན་པ་ཡང་ཤེས། འོན་ཀྱང་དམར་ཤོག་གི་གཞུང་དང་དམར་ཛོག་མི་སྣའི་བར་ལ་ཡང་མཚུངས་རྟགས་འགོད་རྒྱུ་ཟེར་ན་དྲང་བདེན་མ་རེད།
དེང་སྐབས་བོད་ལ་དམར་ཤོག་གཞུང་གིས་མུ་མཐུད་དྲག་གནོན་བྱེད་བཞིན་པ་གང་ཞིག་ལ་བོད་གནས་རྒྱ་རིགས་མང་པོ་ཞིག་བོད་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཀྱི་གཉའ་གནོན་པའམ་གྲིབ་ནག་ཅིག་ཆགས་ཀྱིན་ཡོད། སྐད་ཆ་གཞན་ཞིག་ནས་བཤད་ན་གལ་ཏེ་རྒྱ་རིགས་ཟེར་བ་འདི་དག་བོད་ན་མེད་ན་དམར་ཤོག་གཞུང་དང་དམག་དཔུང་གཅིག་པུས་བོད་ཟ་ཐུབ་པ་ཞིག་མིན།
གཉིས། དམར་ཤོག་པེ་ཅིང་གཞུང་གིས་མི་རིགས་ཀུན་ལ་དབང་ཆ་གཅིག་གཅོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་སྤྲོད་ཀྱིན་མེད་པའི་དབང་འཛིན་ལམ་ལུགས་ཀྱི་གདུག་རྩུབ་རང་བཞིན་ང་ཚོས་གསལ་བོ་ཤེས་ཡོད། ལྷག་པར་དུ་ཡང་བོད་དང་སོག་པོ་ཡུ་གུར་བཅས་ཧམ་ཟ་བྱེད་པའི་གཏིང་ནག་གི་སྲིད་ཇུས་དེ་ཡང་ཤེས་ཡོད། དེ་བས་པེ་ཅིང་གཞུང་གིས་རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་གཉིས་ལ་འཛིན་པའི་སྲིད་ཇུས་དེར་ཡང་མཚུངས་རྟགས་མི་འབབ། འདི་ཡང་ཁྱེད་ཀྱིས་ཤེས་དགོས།
གསུམ་པ། དོན་དམ་གྱི་བོད་རང་སྐྱོང་འདི་ང་ཚོའི་དམག་དོན་གྱི་དམིགས་འབེན་ཡིན་ལ་ཐབས་ཚུལ་ཡང་ཡིན། ཡིན་ན་ཡང་སྟག་ལ་སྟག་ལྤགས་སློང་སྟངས་ཀྱི་དཔེ་ལྟ་བུ་མིན། གལ་ཏེ་ཡིན་ན་ཡང་འདི་ནི་སྟག་ཚང་ལ་འཛུལ་ནས་སྟག་ཕྲུག་འཛིན་མཁན་གྱི་གླེན་རྟགས་དེ་འདྲ་གཏན་ནས་མིན། ཐད་ཀར་དུ་པེ་ཅིང་གཞུང་དང། དེའི་མཚུངས་རྒྱ་མི་རིགས་ཀྱི་གདུང་སེམས་དང་རྒྱབ་སྐྱོར། ད་དུང་རྒྱལ་སྤྱིའི་བདེན་པའི་རྒྱབ་ལངས། ལྷག་པར་བོད་གཞིས་བྱེས་ཡོངས་ནས་རྔ་རྡུང་དར་འཕྱར་གྱི་ལས་གཞི་ཧྲིལ་བོ་ཞིག་ལ་བརྟེན་ཅིང་འབྲེལ་བའི་སྒོ་ནས་བདེན་པ་ཉིད་རྣམ་པར་རྒྱལ་བ་ཞིག་ལ་དམིགས་ཡོད་པ་ཁྱེད་ཀྱིས་ཐག་རིང་ནས་མི་མཐོང་བ་ཁག་མེད་ཞུ་རྒྱུ་བཅས་སོ།