མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་ཞིག་ང་ཚོར་རྒྱབ་སྐྱོར་དང་ངོས་ལེན་རག་ཐུབ་རྒྱུར་ཡིད་ཆེས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༤ བར་བཞུགས་སྒར་དུ་ཚོགས་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་བསྟུན་ཏེ། ཁུ་ནུ་ནས་ཕེབས་པའི་ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག་ལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཆོས་དང་རིག་གཞུང་གི་གནས་བབ་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། སྐུ་ཉིད་ནས་ད་བར་ནང་པའི་ཆོས་དང་རིག་གཞུང་ཐོག་ཕྱག་ལས་གང་དག་གནང་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། ངས་དམིགས་བསལ་གྱི་ལས་ཀ་དེ་འདྲ་གང་ཡང་སྒྲུབ་ཐུབ་ཡོད་པ་མ་རེད། རང་ཉིད་ལ་བླ་མའི་མིང་ཞིག་ཡོད་སྟབས། སོ་སོའི་ལུང་པའི་ནང་ཆོས་དང་རིག་གཞུང་ཡར་རྒྱས་ཆེད་ཞབས་ཞུ་ཅུང་ཙམ་ཞིག་སྒྲུབ་ཐུབ་ན་བསམ་སྟེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲའི་ཐོག་ནས་རོགས་རམ་དང་། ལྷག་པར་དུ་དགོན་པའི་ནང་གི་ཆོས་སྤྱོད་སློབ་གཉེར་གྱི་སྒྲིག་སྲོལ་ཚགས་ཚུད་ཡོང་ཐབས་ལ་འབད་བརྩོན་ཅུང་ཙམ་ཞུས་པ་ཡིན། ང་ཚོ་ཧི་མ་ལ་ཡ་རི་རྒྱུད་ནང་རྒྱ་གར་སློབ་གྲྭ་མ་གཏོགས་མེད་པས་བར་སྐབས་ཤིག་ལ་རྒྱ་གར་གྱི་ཤུགས་རྐྱེན་མང་པོ་ཐེབས་ཏེ། སོ་སོའི་མིང་ཡང་རྒྱ་གར་གྱི་མིང་ལ་ཕར་བསྒྱུར་མཁན་དང་། ཡང་ན་མིང་ཕྱེད་ཀ་རྒྱ་གར་དང་ཕྱེད་ཀ་བོད་མིང་མཉམ་དུ་བསྲེས་མཁན་གྱི་གནས་ཚུལ་མང་པོ་བྱུང་བ་རེད།  དེའི་ཐད་མང་ཚོགས་ཁྲོད་རང་ནུས་གང་ཐོན་གྱིས་གསལ་བཤད་དང་གནས་ལུགས་རྒྱུ་མཚན་འགྲེལ་བརྗོད་བྱས་སྟབས།  ད་ལྟའི་ཆར་ཚང་མས་སོ་སོའི་བོད་མིང་འདོགས་རྒྱུར་དགའ་བོ་བྱེད་བཞིན་འདུག  གཞན་ཡང་། སྲིད་དོན་ཚོགས་པ་ཁག་དང་འབྲེལ་བ་གནང་སྟེ་དགོན་སྡེ་ཁག་འཛུགས་སྐྲུན་གྱི་རོགས་དངུལ་ཐབས་འཚོལ་དེ་འདྲ་གནང་མྱོང་ཡོད། དེ་མིན་ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ བར་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མིའི་ལས་ཀ་བཅས་སྒྲུབ་མྱོང་ཡོད།

 

དྲི་བ། ད་ལྟའི་ཆར་ཧི་མ་ལ་ཡ་རི་རྒྱུད་ཁུལ་དུ་ནང་པའི་རིག་གནས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་དམ།   

ལན།  ནང་པའི་བསྟན་པ་དེ་ད་ལྟ་བོད་ནང་གནས་སྟངས་དཀའ་ཁག་ཅིག་ལ་ཐུག་བསྡད་ཡོད་སྟབས། མ་འོངས་པར་ནང་པའི་བསྟན་པ་ཡུན་གནས་ཡོང་བར་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཧི་མ་ལ་ཡ་རི་རྒྱུད་ཀྱི་ནང་པ་ཚོའི་ཐོག་ནས་ཤུགས་རྒྱག་ཐུབ་ན་ཡག་པོ་ཡོད་པའི་སྐོར་ལ་༸གོང་ས་མཆོག་གིས་བཀའ་སློབ་རིམ་པར་ཕེབས་ཡོད་པ་ལྟར། ང་ཚོ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ནང་པའི་བླ་སྤྲུལ་དག་གི་ངོས་ནས་ཀྱང་། ཐབས་ཤེས་རབ་དང་རིམ་པ་བྱས་པ་རེད། ལ་དྭགས་ལ་མཚོན་ན་ཞེ་དྲག་ཡག་པོ་ཡོད་པ་རེད། དེ་བཞིན་ཁུ་ནུ་སྤི་ཏི་ནང་དུའང་ཆོས་འཛིན་སྐྱོང་སྤེལ་གསུམ་གྱི་དགོན་སྡེ་ཆེན་པོ་དེ་འདྲ་འཛུགས་ཐུབ་ཀྱི་མེད་ནའང་།  གྲྭ་རྒྱུན་མང་པོ་ཞིག་གདན་ས་ཁག་ལ་གཏོང་བཞིན་ཡོད། ང་རང་ཉིད་ཀྱི་དགོན་པར་མཚོན་ནའང་གྲྭ་བ་བརྒྱ་ལྷག་གདན་ས་ཁག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད། དེ་བཞིན་ཧི་མ་ལ་ཡའི་དགོན་པ་གཞན་དག་གིས་ཀྱང་གྲྭ་བ་རྣམས་གདན་ས་ཁག་ལ་སློབ་སྦྱོང་དུ་གཏོང་བཞིན་ཡོད་པ་རེད། ཁུ་ནུ་ལ་མཚོན་ན་དགེ་བཤེས་ལྷ་རམས་ཐོན་མཁན་ལྔ་དྲུག་ཅིག་བྱུང་ཡོད་པ་རེད། དེ་འདྲའི་ཐོག་ནས་ནང་བསྟན་འཛིན་སྐྱོང་གི་ཐབས་ལམ་འཚོལ་བཞིན་ཡོད་པ་རེད། དེ་མིན་ལོ་གཉིས་གསུམ་ཞིག་གི་སྔོན་ནས་བཟུང་སྟེ་ལ་དྭགས་དང་ཟིངས་དཀར། ཁུ་ནུ། སྤི་ཏི་བཅས་ནང་མཁན་པོ་དང་དགེ་བཤེས་གདན་འདྲེན་ཞུས་ཏེ། ཡུལ་བའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཆེད། ཡུལ་སྐད་ཀྱི་ཐོག་ནས་ནང་ཆོས་དང་འབྲེལ་བའི་བཀའ་སློབ་དང་གསུང་ཆོས་གོ་སྒྲིག་ཞུ་བཞིན་ཡོད། རང་ཉིད་ལ་མཚོན་ནའང་ཡུལ་སྐད་ཐོག་ནས་ས་གནས་ཡུལ་མི་ཚོར་ཆོས་ངོ་སྤྲོད་ཞུ་བཞིན་ཡོད།

 

དྲི་བ། སྐུ་ཉིད་ཀྱི་ངོས་ནས་མ་འོངས་པར་ནང་པའི་ཆོས་དང་རིག་གཞུང་གོང་འཕེལ་ཐད་ལས་འཆར་ག་རེ་ཡོད་དམ།

ལན། སྤྱིར་བཏང་མ་འོངས་པར་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྒྱུའི་དམིགས་ཡུལ་གཅིག་གཉིས་རེ་ཡོད། ཡིན་ནའང་། གཏོང་སྟངས་གཏོང་ལུགས་ག་འདྲ་གནང་དགོས་མིན་ཐད་དམིགས་བསལ་གྱི་འཆར་གཞི་གསར་བ་གང་ཡང་ཞུ་རྒྱུ་མེད། ད་ལྟའི་ཆར་གྲྭ་བ་རྣམས་ཆོས་ལ་སློབ་སྦྱོང་བྱེད་པར་གདན་ས་ཁག་གསུམ་གཙོས་ཆོས་བརྒྱུད་སོ་སོའི་དགོན་སྡེ་ཁག་ཏུ་ཕེབས་བཞིན་ཡོད་པ་རེད། ཡིན་ནའང་། ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་ནང་ལོགས་སུ་ཆོས་དང་རིག་གཞུང་སློབ་གཉེར་བྱ་སའི་བསྟི་གནས་ཞིག་འཛུགས་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད། དེ་ལྟར་བྱུང་བ་ཡིན་ན་ས་ཁུལ་གཞན་དུ་སློབ་སྦྱོང་ལ་ཕེབས་མ་ཐུབ་མཁན་ཚོར་ས་གནས་རང་ནས་སློབ་གཉེར་གྱི་གོ་སྐབས་ཤིག་རག་ཡོང་གི་རེད།  གཉིས་ནས་༸གོང་ས་མཆོག་གི་བཀའ་སློབ་གནང་བཞིན་པ་ལྟར་དཔེ་ཆ་ལྟ་བ་དང་ཆོས་བྱ་རྒྱུ་དེ་གྲྭ་བ་གཅིག་པུའི་ལས་འགན་ཡིན་པས།  སློབ་གཉེར་གྱི་གོ་སྐབས་དེའང་གྲྭ་བ་གཅིག་པུ་ཙམ་མ་ཡིན་པར་སྐྱ་སེར་ཚང་མར་སྤྲོད་ཐུབ་པའི་ཤེས་རིག་གི་བསྟི་གནས་ཞིག་འཛུགས་ཐུབ་པ་བྱུང་ན་ཡག་པོ་རེད།  ཁུ་ནུ་ས་ཁུལ་ནང་ང་རང་གིས་བོད་མིའི་ཤེས་རིག་བསྟི་གནས་ཁང་ཞེས་པ་ཞིག་གསར་འཛུགས་བྱས་ཡོད།  སྤྱིར་ཁུ་ནུར་མཚོན་ན་ནང་ཆོས་དར་ཁྱབ་ཡག་པོ་ཡོད་ས་དང་། ནང་པ་དང་ཧིན་རྡི་འདྲེས་བསྡད་ཡོད་ས། ཧིན་རྡི་ཤུགས་ཆེན་པོ་ཡོད་ས་བཅས་ས་ཁུལ་ཁག་གསུམ་ཡོད་པ་རེད། ངས་བོད་མིའི་ཤེས་རིག་བསྟི་གནས་ཁང་དེ་ཧིན་རྡི་ཤུགས་ཆེན་པོ་ཡོད་པའི་ས་ཆར་བཙུགས་ཡོད། དེ་གར་ནང་པའི་མི་འབོར་ཉུང་ཉུང་ཡིན་སྟབས་དང་ཐོག་མི་མང་གིས་རྒྱབ་སྐྱོར་ཞེ་དྲག་རག་གི་མི་འདུག ཡིན་ནའང་། ཐབས་ཤེས་འབད་བརྩོན་གནང་སྟེ་ད་ལྟ་བར་ལོ་བརྒྱད་དགུ་ཞིག་ཕྱིན་པ་རེད། དེ་བཞིན་མིང་ལ་དགོན་པ་ཞེས་མ་བཏགས་པར་བོད་མིའི་ཤེས་རིག་བསྟི་གནས་ཁང་འདོགས་དོན་གཙོ་བོ་ནི།  ཆོས་ཀྱི་ཆོ་ག་སྒྲུབ་འདོད་ཡོན་མཁན་ཚོས་ཆོས་སྒྲུབ་ཆོག་པ་དང་། ཡང་ཆོས་མི་སྒྲུབ་པར་ནང་ཆོས་ལ་སློབ་སྦྱོང་བྱེད་འདོད་མཁན་ཚོས་སློབ་གཉེར་བྱས་ཏེ་བསྡད་ན་འགྲིག་པ་ཞིག་ཡོང་ཆེད་ཡིན། དང་ཐོག་མཚན་ཉིད་འཛུགས་རྒྱུའི་འཆར་གཞི་མེད། ཡིན་ནའང་། ༢༠༠༧ ལོར་༸གོང་ས་མཆོག་ཆིབས་ཕེབས་གནང་སྐབས་མཚན་ཉིད་ལྟ་དགོས་པའི་བཀའ་སློབ་གནང་པར་བརྟེན།  རྗེས་སུ་གཞི་ནས་མཚན་ཉིད་བཙུགས་ཏེ་ད་ལྟ་ཕར་ཕྱིན་འཛིན་གྲྭའི་བར་བསླེབས་ཡོད། ད་ལོའི་འཇང་དགུན་ཆོས་སྐབས་སུའང་ཆོས་དོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་འཇང་དགུན་ཆོས་ལ་བཏང་ཡོད།   མ་འོངས་པར་ཡང་དེ་འདྲའི་རིག་གནས་སློབ་སྦྱོང་བྱ་ས་འཛུགས་ཐུབ་ན་བསམ་པའི་རེ་བ་བཅངས་ཡོད།

 

དྲི་བ། སྐུ་ཉིད་ཀྱིས་ཧི་མ་ལ་ཡ་རི་རྒྱུད་ཁུལ་དུ་ནང་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་བ་ལ་ཐབས་ཤེས་གང་དང་གང་གཟིགས་ཀྱི་ཡོད་དམ།

ལན། གོང་དུ་ཞུས་པ་ནང་བཞིན་གཙོ་ཆེ་ཤོས་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་རེད། མི་མང་གི་ངོས་ནས་ཆོས་ཀྱི་གོ་དོན་ཧ་གོ་སྟེ་དེའི་སོ་སོར་ཕན་ཐོགས་ཡོད་པ་དེ་ཤེས་དགོས་ཀྱི་འདུག   ༸གོང་ས་མཆོག་གིས་ས་ཆ་ག་བར་ཕེབས་པ་ཡིན་ནའང་དེ་ལྟར་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་རེད།  ང་ཚོ་ཧི་མ་ལ་ཡ་རི་རྒྱུད་མང་ཆེ་བས་ཡུལ་སྐད་མ་གཏོགས་བོད་སྐད་དང་བོད་ཡིག་ཀློག་ཤེས་ཀྱི་ཡོད་པ་མ་རེད། བོད་ཡིག་ཀློག་ཤེས་པ་ཡིན་ནའང་ཆོས་ཤེས་རྒྱུ་དེ་ལས་སླ་བོ་ཡོད་པ་མ་རེད།  བོད་སྐད་བོད་ཡིག་ཐང་ཐང་རྒྱག་མཁན་ཡིན་ནའང་ཆོས་ཀྱི་དོན་རྟོགས་རྒྱུ་ཁག་པོ་རེད། དེར་བརྟེན། མང་ཚོགས་ནང་གོ་བདེ་བའི་ཐོག་ནས་ཆོས་ངོ་སྤྲོད་བྱ་དགོས་པ་དེ་གལ་ཆེན་པོ་རེད། ངས་ནམ་རྒྱུན་ཁོ་ཚོར་ཡུལ་སྐད་ཀྱི་ཐོག་ནས་གོ་བདེ་བོ་བཟོས་ཏེ་འགྲེལ་བཤད་དང་། ནམ་རྒྱུན་གྱི་ཟ་འཐུང་གི་སྐད་ཆའི་ཐོག་ལ་ཚུར་བསྒྱུར་ཏེ་བཤད་ཀྱི་ཡོད། དེ་ལྟར་བྱས་ན་མང་ཚོགས་ཀྱིས་དོན་རྟོགས་ཐུབ་ཀྱི་འདུག  ཐབས་ཤེས་དེའི་རིགས་གལ་ཆེན་རེད། གདན་ས་ཁག་ནང་དགེ་བཤེས་ཚོས་ལོ་མང་རིང་སློབ་སྦྱོང་གནང་སྟེ་མཁས་པ་དང་ཡོན་ཏན་ཆེན་པོ་ཆགས་ཡོད་ནའང་།  ཕར་བསླེབས་དུས་སོ་སོའི་ལུང་པའི་སྐད་བརྗེད་དེ་བོད་སྐད་མ་གཏོགས་མཁྱེན་གྱི་མི་འདུག  དེར་བརྟེན་ཁོང་ཚོས་ས་གནས་མི་མང་ལ་ཕན་ཞེ་དྲག་ཐོག་གི་མི་འདུག  ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན།  ད་ལྟའི་ཆར་དགོན་པའི་ནང་གྲྭ་བ་བྱེད་མཁན་མང་པོ་འདུག  ཡིན་ནའང་། མ་འོངས་པར་ལོ་སུམ་ཅུ་བཞི་བཅུའི་རྗེས་ལ་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་ལའང་དཀའ་ངལ་དེ་འཕྲད་བཞིན་ཡོད་པ་རེད། དེང་སྐབས་བོད་པའི་སྤྱི་ཚོགས་ནང་གྲྭ་བ་བྱེད་མཁན་ཞེ་དྲག་དཀོན་པོ་རེད། སློབ་གྲྭ་ནས་སློབ་སྦྱོང་ཐོན་མཁན་ཚོས་སོ་སོའི་བྱིས་པ་སློབ་གྲྭར་གཏོང་བཞིན་པ་མ་གཏོགས་དགོན་པར་གཏོང་འདོད་ཡོད་མཁན་དཀོན་པོ་རེད། ད་ལྟའི་ཆར་ང་ཚོའི་ལུང་པར་མཚོན་ན་སྔོན་མའི་ལུགས་སྲོལ་རང་བྱས་ཏེ། བྱིས་པ་གཉིས་ཡོད་ན་གཅིག་གྲྭ་བ་བཟོ་བཞིན་ཡོད་པ་རེད། ཡིན་ནའང་། མ་འོངས་པར་གྲྭ་བ་བཟོ་མཁན་མེད་པའི་དཀའ་ངལ་ཏན་ཏན་འཕྲད་རྒྱུ་རེད། དེར་བརྟེན་མི་མང་ཁྲོད་ཆོས་ཀྱི་གོ་རྟོག་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། 

 

དྲི་བ། ད་ལྟའི་ཆར་ཧི་མ་ལ་ཡ་རི་རྒྱུད་ཁུལ་དུ་སོ་སོའི་སྐད་ཡིག་སློབ་སྦྱོང་གི་མཐུན་རྐྱེན་གནས་བབ་གང་འདྲ་ཡོད་པ་རེད།

ལན། རྒྱ་གར་གཞུང་གི་སློབ་གྲྭའི་ཁྱབ་ཁོངས་ལ་ཆ་བཞག་པ་ཡིན་ན། ལ་དྭགས་དང་སི་ཀེམ་ནང་བོད་ཡིག་སློབ་ཚན་ཡོད་པ་རེད། ཨ་རུ་ནཱ་ཅལ་ནང་མངའ་སྡེ་གཞུང་གི་རོགས་རམ་ལ་བརྟེན་ཏེ་བོད་ཡིག་སློབ་ཚན་གསར་འཛུགས་བྱས་ཏེ་ལོ་ཤས་ཕྱིན་ཡོད་པ་རེད། དེ་མིན་ང་ཚོ་ཧི་མ་ཅལ་ནང་ལ་ད་དུང་བོད་པའི་སྐད་ཡིག་སློབ་ཚན་ཡོད་པ་མ་རེད། སྤྱིར་ཧི་མ་ཅལ་མངའ་སྡེ་ནང་ཁུ་ནུ་(Kullu)དང་སྤི་ཏི་(Spiti)། གར་ཞ(Garsha)གསུམ་ཡོད་པ་རེད། དེ་བཞིན་མ་ནཱ་ལི་ས་ཁུལ་དུའང་རྒྱ་གར་ཁམས་པ་ཟེར་བ་སོགས་ནང་པ་མང་པོ་ཡོད་པ་རེད། དེ་སྔོན་ཕྱི་ལོ་ ༡༩༧༠ ཙམ་ནས་སྤི་ཏི་ནང་ལ་བོད་ཡིག་སློབ་ཚན་ཡོད་པའི་སློབ་གྲྭ་གཅིག་ཡོད་པ་དང་། ད་ལྟ་དེ་གར་འཛིན་གྲྭ་ལྔ་པའི་བར་བོད་ཡིག་དགེ་རྒན་ཞིག་ཡོད་པ་རེད། ཡིན་ནའང་། གླ་ཕོགས་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། དེ་བཞིན་བོད་ཡིག་སློབ་ཚན་ལ་ཡིག་རྩལ་གཏོང་བ་སོགས་སྒྲིག་གཞི་ལམ་སྲོལ་དམ་པོ་མེད་པའི་རྐྱེན་གྱིས། ཉི་མ་འཕུད་ཐབས་ཙམ་མ་གཏོགས་ཕན་ཐོགས་ཆེན་པོ་འཐོན་ཐུབ་ཀྱི་མི་འདུག  དེ་འདྲ་ཞིག་མ་གཏོགས་གཞན་རྒྱ་གར་གཞུང་གི་འཛིན་སྐྱོང་འོག་བོད་ཡིག་སློབ་ཚན་ཡོད་ས་མི་འདུག ཡིན་ནའང་། སྤི་ཏི་ནང་སྒེར་བཙུགས་སློབ་གྲྭ་ཁག་གསུམ་བཞི་ཞིག་ཡོད་པ་རེད། དེ་ཚོའི་ནང་ལ་བོད་ཡིག་ཆ་ཚང་སློབ་ཀྱིན་ཡོད་པ་རེད། རྒྱ་གར་གཞུང་གི་ལས་ཀ་རག་པ་དང་སོ་སོའི་མི་ཚེ་འཚོ་བའི་མདུན་ལམ་ཆེད་དབྱིན་ཇི་དང་ཧིན་རྡི་ཤེས་དགོས་ཀྱི་ཡོད་སྟབས། བོད་ཡིག་ཞེ་དྲག་ཡག་པོ་བསླབ་དགོས་ཀྱི་མི་འདུག་ཟེར་མཁན་ཡང་ཡོང་གི་ཡོད་ས་རེད།

   

དྲི་བ། སྔོན་ཆད་དང་བསྡུར་ན་ཧི་མ་ལ་ཡ་རི་རྒྱུད་ཁུལ་དུ་སོ་སོའི་སྐད་ཡིག་དེ་ཡར་རྒྱས་ཡོང་འདུག་གམ། ཡང་ན་ཉམས་རྒུད་དུ་འགྲོ་བཞིན་འདུག

ལན། ཉམས་རྒུད་འགྲོ་བཞིན་ཡོད་པ་རེད། དེའི་ཐད་ངས་ག་དུས་ཡིན་ནའང་ཤུགས་ཆེན་པོས་ལབ་ཀྱི་ཡོད། ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་ལ་སོ་སོའི་སྐད་དང་ཡི་གེ་ཉམས་ཆག་ཆེན་པོ་འགྲོ་བཞིན་འདུག  རྒྱ་གར་སློབ་གྲྭའི་ནང་ཧིན་རྡི་དང་དབྱིན་ཇི་སྐད་བཤད་དགོས་ཀྱི་ཡོད་སྟབས། ད་ལྟ་ཡུལ་བའི་སྐད་ནང་ཧིན་རྡི་དང་དབྱིན་ཇི་མང་པོ་སླེབས་ཡོང་གི་འདུག  ལྷག་པར་དུ་གཞོན་སྐྱེས་ཚོས་ནམ་རྒྱུན་སྐད་ཆའི་ནང་ཧིན་རྡི་དང་དབྱིན་ཇིའི་ཚིག་མང་པོ་བེད་སྤྱོད་གཏོང་བཞིན་པར་མ་ཟད། སོ་སོའི་སྐད་ནང་དེའི་ཚབ་ལ་ཚིག་ག་རེ་ཡོད་པ་མ་ཤེས་པར་ཧིན་རྡི་དང་དབྱིན་ཇིའི་ཚིག་དེ་དག་རང་ཉིད་ཀྱི་ཡུལ་སྐད་ཡིན་ཤག་ལ་རྩི་བཞིན་འདུག  དེ་ཧ་ཅང་གི་ཉེན་ཚབས་ཆེན་པོ་ཞིག་རེད།  ང་ཚོའི་རིག་གཞུང་དེ་སྐད་ཡིག་གི་སྒང་ལ་གནས་བསྡད་ཡོད་པ་རེད།  སྐད་ཡིག་ཡོད་ན་རིག་གཞུང་དེ་ག་འདྲ་བྱས་ནའང་གནས་འདུག་གི་རེད། སྐད་ཡིག་ཉམས་ན་རིག་གཞུང་རང་བཞིན་གྱིས་བརླགས་འགྲོ་བ་རེད། དེར་བརྟེན། ངས་རང་ནུས་གང་ཡོད་ཀྱིས་མང་ཚོགས་ནང་ཤུགས་ཆེན་པོས་ལབ་ཁུལ་བྱེད་བཞིན་ཡོད།  ཡིན་ནའང་། ནུས་པ་ག་ཚོད་ཅིག་ཐོན་ཡོང་གི་ཡོད་མེད་ཧ་གོ་རྒྱུ་མི་འདུག གཞན་ད་ལྟ་བེད་སྤྱོད་ཡོད་མེད་ལ་མ་བལྟས་པར་སྐད་བརླག་འགྲོ་བར་སེམས་འཚབ་ཀྱིས་ང་ཚོས་མཉམ་རུབ་ཐོག་ཚིག་མཛོད་ཅིག་ཀྱང་བཟོ་བཞིན་ཡོད།  མ་མཐའ་ཡང་རྗེས་མ་སོ་སོའི་སྐད་ཡིག་ནང་མིང་ཚིག་ག་འདྲ་ཡོད་མེད་ལྟ་ས་ཞིག་རག་གི་རེད། སྔོན་མ་དེབ་ཅིག་བཟོས་ཡོད་མོད་དེའི་ནང་མིང་ཚིག་མང་པོ་ཞིག་བསླེབས་མ་ཐུབ་པར་བརྟེན། ཡང་བསྐྱར་རྒྱ་ཆེ་རུ་བཏང་སྟེ་ཚིག་མཛོད་གསར་བཟོའི་ལས་གཞི་དེ་མགོ་བརྩམས་པ་ཡིན། ཡིན་ནའང་། མ་དངུལ་ཆེན་པོ་མེད་སྟབས་མི་རྒན་པ་དང་མཁས་པ་སོ་སོའི་ལག་ཏུ་ཤོག་བུ་བཀྲམས་ཏེ། སོ་སོའི་དང་བླངས་ཐོག་ཀ་ཁའི་རིམ་པ་ལྟར་མིང་ཚིག་རྣམས་བསྡུ་རུབ་གནང་བཞིན་ཡོད། ཟླ་བ་དྲུག་དང་ཡང་ན་ལོ་གཅིག་རེ་མཚམས་སུ་ཚོགས་འདུ་ཚོགས་ཏེ་ཚང་མ་བསྡུ་སྒྲིག་གིས་གློག་ཀླད་ནང་འཇུག་བཞིན་ཡོད།  དེ་ལྟར་ཚིག་མཛོད་དེ་ག་ལེར་ག་ལེར་མ་གཏོགས་ཡོང་འགྲུབ་ཐུབ་ས་མ་རེད། ད་ལྟའི་ཆར་ཚིག་མཛོད་དེར་མིང་དེ་འདྲ་བཏགས་མེད།

 

དྲི་བ། ཧི་མ་ལ་ཡ་རི་རྒྱུད་ཁུལ་གྱི་ནང་པ་ཚོས་སོ་སོའི་སྐད་ཡིག་རྒྱུན་འཛིན་ཡོང་ཐབས་ཀྱི་འབད་བརྩོན་ག་རེ་གནང་གི་ཡོད་པ་རེད་དམ།  

ལན། ཧི་མ་ལ་ཡ་རི་རྒྱུད་ཁུལ་གྱི་ནང་པ་ཚོས་བྷོ་ཊི་སྐད་ཡིག་དེ་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་ངོས་ལེན་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། ལས་གཞི་འདི་དང་པོ་མགོ་འཛུགས་མཁན་དེ་ང་ཚོའི་གྲས་ཡིན། ལས་གཞི་དེ་མགོ་བཙུགས་ཏེ་ད་ལྟའི་བར་ཧ་ལམ་ལོ་ ༡༥ ནས་ ༢༠ ཙམ་འགོར་ཟིན་པ་རེད། ད་ལྟ་ཡང་ཐབས་ཤེས་འབད་བརྩོན་མུ་མཐུད་གནང་བཞིན་པ་རེད། ལས་གཞི་དེ་སྲིད་དོན་ལ་ཐུག་ཡོད་སྟབས་འགོག་རྐྱེན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད་པ་རེད། རྒྱུ་མཚན་གཙོ་བོ་གཅིག་ནི་མི་འབོར་གྱི་བརྒྱ་ཆའི་དཀའ་ངལ་རེད། སྤྱིར་ཧི་མ་ལ་ཡའི་རི་རྒྱུད་ས་རྒྱ་ཧ་ཅང་རྒྱ་ཆེན་པོ་རེད་དེ་མི་འབོར་ཞེ་དྲག་ཉུང་ཉུང་རེད། མི་གྲངས་ཀྱི་ཆ་ནས་ལ་དྭགས་ནས་སི་ཀེམ་བར་དུ་རྒྱ་གར་གྱི་གྲོང་ཁྱེར་ཆུང་ཆུང་གཅིག་གི་མི་གྲངས་ཀྱང་ཡོད་པ་མ་རེད། མི་འབོར་མང་པོ་མེད་པའི་རྐྱེན་གྱིས་སྣང་ཆུང་བཏང་ནས་བཞག་ཡོད་པ་རེད། ཡིན་ནའང་། རྒྱ་གར་གྱི་རྩ་ཁྲིམས་ནང་ལ་ཚུད་པར་ཚང་དགོས་པའི་སྐད་ཡིག་གི་ཆ་རྐྱེན་གྱི་ཕྱོགས་ནས་བཤད་ན། མི་འབོར་གྱི་ཆ་རྐྱེན་ཡག་པོ་ཚང་གི་ཡོད་མེད་གསལ་བོ་མི་ཤེས་མ་གཏོགས། གཞན་པའི་ཆ་རྐྱེན་ཆ་ཚང་འཛོམས་བསྡད་ཡོད་པ་རེད། ལོ་སྔོན་མའི་ནང་རྒྱ་གཞུང་གི་སྐད་རིགས་ཉམས་ཞིབ་ཁང་ཞིག་བྷང་ལོར་གསར་འཛུགས་བྱས་འདུག  ང་རང་ལས་གཞི་དེའི་ནང་མེད། ཡིན་ནའང་། འཆི་མེད་ཚེ་རིང་ལགས་ལས་གཞི་དེའི་ནང་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ལྷན་ཁང་གི་ཚོགས་མིའི་ནང་ཡོད་པ་རེད། ང་རང་སྔོན་མ་གྲངས་ཉུང་མི་རིགས་ལྷན་ཁང་ནང་སྡོད་སྐབས། ང་ཚོ་གྲངས་ཉུང་མི་རིགས་ལྷན་ཁང་ནས་གྲོས་ཆོད་བཞག་སྟེ་རྒྱ་གར་དབུས་གཞུང་ལ་ཕུལ་ཏེ་ཐབས་ཤེས་གང་ཡོང་བྱས་པ་ཡིན། ད་ལྟ་ཁོང་གིས་ཐབས་ཤེས་གནང་སྟེ་ཉམས་ཞིབ་ཁང་དེའི་ངོས་ནས་ང་ཚོར་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ད་ལྟ་གཞུང་གིས་རྒྱབ་སྐྱོར་ཐོབ་སྟེ་སྲིད་འཛིན་ལྷན་ཁང་ལ་ཕུལ་ཟིན་པ་རེད། ཡིན་ནའང་། སྲིད་འཛིན་ལྷན་ཁང་གིས་ཆོག་མཆན་ས་རྟགས་བསྐྱོན་རྗེས་ཁྲིམས་བཟོ་ལྷན་ཁང་ལ་འབུལ་དགོས་ཀྱི་ཡོད་པ་རེད། དེའི་ཐོག་ང་ཚོས་མུ་མཐུད་དུ་ཤུགས་རྒྱག་བཞིན་ཡོད། ཉིན་ཞིག་ང་ཚོར་ཏན་ཏན་རྒྱབ་སྐྱོར་དང་ངོས་ལེན་རག་ཐུབ་རྒྱུར་ཡིད་ཆེས་ཡོད།

   

དྲི་བ། བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་ནང་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐད་མཐུན་སྦྱོར་རོགས་རམ་གནང་དགོས་པ་དེ་འདྲ་ག་རེ་མཐོང་གི་འདུག་གམ།

ལན། འདི་འདྲ་ཞིག་བྱུང་ན་ཕན་ས་རེད་བསམ་པའི་དམིགས་བསལ་གྱིས་ཞུ་རྒྱུ་གང་ཡང་མེད།  ད་ལྟ་བར་དུ་ཆོས་དང་རིག་གཞུང་གི་ཐོག་ལ་བོད་པ་རང་ངོས་ནས་ང་ཚོར་ཕན་ཐོགས་ཡོད་པ་རེད། སྔོན་མ་བོད་རང་བཙན་ཡོད་པའི་སྐབས་སུ་ང་ཚོའི་གྲྭ་བ་རྣམས་སློབ་སྦྱོང་བྱེད་པར་བོད་ལ་འགྲོ་བཞིན་ཡོད་པ་དང་། བོད་རང་བཙན་ཤོར་བའི་རྗེས་ལའང་གྲྭ་བ་རྣམས་རྒྱ་གར་ནང་ཡོད་པའི་གདན་ས་ཁག་གསུམ་གཙོས་བོད་པའི་དགོན་སྡེ་ཁག་ནང་སློབ་སྦྱོང་བྱེད་པར་འགྲོ་བཞིན་པར་མ་ཟད། བྱིས་པ་འགའ་ཤས་ཀྱང་བོད་པའི་སློབ་གྲྭའི་ནང་བཏང་ཡོད་པ་རེད། དེ་བཞིན་སྤི་ཏི་དང་ལ་དྭགས། ཨ་རུ་ནཱ་ཅལ་བཅས་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་ཁག་ནང་བོད་ཡིག་སློབ་མཁན་གྱིས་གཙོས་པའི་སློབ་ཚན་གཞན་པ་སློབ་མཁན་བོད་པའི་དགེ་རྒན་མང་པོ་ཕེབས་ཡོད་པར་མ་ཟད་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད་པ་རེད།

   

དྲི་བ། ཧི་མ་ལ་ཡ་རིི་རྒྱུད་ཁུལ་ལ་མཚོན་ན། དགོན་སྡེ་དང་སྤྱི་ཚོགས་གཉིས་བར་ཕན་ཚུན་ལྟ་སྟངས་གང་འདྲ་ཡོད་དམ། 

ལན། ང་རང་གི་བསམ་པར་ནང་པའི་ཆོས་ལ་མཁྱེན་རྒྱ་ཡོད་པའི་དགེ་བཤེས་དང་མཁན་པོ་ཚོའི་ངོས་ནས་སྤྱི་ཚོགས་ལ་ཐུགས་འགན་ཆེ་ཙམ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ང་ལྟ་བུ་ཞིག་ལ་ཆ་མཚོན་ནས་བཤད་ནའང་། མི་གཅིག་གིས་རྒྱ་ཆེན་པོ་ཞིག་སྒྲུབ་ཐུབ་པ་ཞིག་མ་རེད། དགེ་བཤེས་དང་མཁས་པ་ཚང་མས་མཉམ་རུབ་གནང་པ་ཡིན་ན་ཕན་རླབས་ཆེ་བ་ཡོང་གི་རེད། མི་སྒེར་སོ་སོ་བའི་ནུས་པ་ལ་ཚད་ཡོད་སྟབས་མི་རེ་འགའ་ཁོ་ན་ཞིག་གིས་སྒྲུབ་ཐུབ་པ་ཞིག་མ་རེད།  དགེ་བཤེས་དང་མཁན་པོ་ཚོ་མི་མང་གི་དཀྱིལ་ལ་མར་ཕེབས་ཏེ་སློབ་གསོ་བསྐྱོན་རྒྱུ་གལ་ཆེན་པོ་རེད།  ཡིན་ནའང་། དེང་སང་དགེ་བཤེས་ཆགས་མཁན་མང་པོ་ཞིག་ཕྱིར་སོ་སོའི་ལུང་པའི་ནང་ཕེབས་ཏེ་མི་མང་དང་ལྷན་དུ་བཞུགས་རྒྱུའི་དགོངས་བཞེས་མེད་པར།  ཕྱིའི་རྒྱལ་ཁབ་ནང་ཕེབས་རྒྱུ་ཁོ་ནར་ཐུགས་བསམ་གཏོང་བཞིན་འདུག   དེ་ལྟར་གྱུར་བ་ཡིན་ན་དགེ་བཤེས་དང་མཁས་པ་མང་པོ་ཐོན་པ་ཡིན་ནའང་སོ་སོའི་ལུང་པར་ཕན་ཐོགས་ཀྱི་མི་འདུག   ལྷག་པར་དུ་གཞོན་སྐྱེས་ཚོའི་མཉམ་དུ་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་རེད།  གཞོན་སྐྱེས་ཚོ་སློབ་གྲྭ་འདྲ་མི་འདྲ་ལ་ཕྱིན་ཡོད་སྟབས།  བསམ་བློ་དང་ལྟ་བའང་འདྲ་མི་འདྲ་ཞིག་ཆགས་བསྡད་པ་རེད། ཕར་ཕྱོགས་ནས་སྙིང་རྗེ་བོ་ཞིག་བཤད་མཁན་བྱུང་པ་ཡིན་ན་དེའི་ཕྱོགས་ལ་བློ་ཁ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།  ཡིན་ནའང་། ཁོ་ཚོ་ལ་སློབ་གསོ་བརྒྱབ་པ་ཡིན་ན་མི་རྒན་པ་ཚོ་དང་འདྲ་ཡི་མི་འདུག  མི་རྒན་པོ་ཚོར་དད་པ་བརྟན་པོ་ཡོད་པ་རེད་མ་གཏོགས་ཁོ་ཚོར་སློབ་གསོ་ག་ཚོད་བརྒྱབ་པ་ཡིན་ནའང་། སྔོན་མ་གང་ཡོད་པ་དེ་ཙམ་ལས་ཡར་རྒྱས་ཆེན་པོ་འགྲོ་རྒྱུ་ཞེ་དྲག་ཁག་པོ་རེད། ན་གཞོན་ཚོར་མཚོན་ན་སློབ་སྦྱོང་བྱེད་ས་དེ་རིག་གནས་གཞན་པའི་སྒང་ལ་ཡིན་ནའང་། ཁོ་ཚོའི་ཀླད་པར་སྦྱོང་བརྡར་མང་པོ་ཐོབ་ཡོད་པའི་རྐྱེན་གྱིས་ཕར་སློབ་གསོ་སྐྱོན་པ་ཡིན་ན་ཀླད་པའི་ནང་འཛུལ་རྒྱུ་ལས་སླ་བོ་ཡོད་པ་རེད། དེར་བརྟེན་དགེ་བཤེས་དང་མཁས་པ་ཚོས་སོ་སོའི་ཡུལ་སྐད་དང་ཧིན་རྡི། དབྱིན་ཇི་སོགས་ཐབས་ལམ་གང་རུང་གི་ཐོག་ནས་གཞོན་སྐྱེས་ཚོར་ནང་ཆོས་ཀྱིས་གཙོས་པའི་སོ་སོའི་རིག་གཞུང་གི་སྐོར་ནས་གོ་རྟོག་སྤྲོད་རྒྱུ་གལ་ཆེན་པོ་རེད། 

 

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱིད་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༤ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལོ་ཆེན་རིན་པོ་ལགས། བཀྲ་ཤིས་བདེ་ལེགས། ཉིན་ཞིག་ང་ཚོར་རྒྱབ་སྐྱོར་དང་ངོས་ལེན་རག་ཐུབ་རྒྱུར་རེ་བ་དང་སྨོན་འདུན་ཡོད། དགེའོ། །

    Reply
  2. ཤར་གངས་ཕྲུག says:
    ལོ་ 15 སྔོན།

    འདྲི་བ་ཡག་པོ་འདུག

    Reply
  3. མང་ཐོས། says:
    ལོ་ 15 སྔོན།

    ད་སྐབས་བཙན་བྱོལ་ནང་གི་གྲྭ་བའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ཅུ་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་གྲྭ་རྒྱུན་གྱིས་ཟིན་ཡོད། ད་ནི་བོད་རྒྱུད་ནང་བསྟན་འདི་མི་མཉམ་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཧི་མ་ལ་ཡའི་རྒྱུད་ཀྱི་ནང་པ་ཚོས་དང་ལེན་བྱེད་རན་ཡིན་པས།
    ལོ་ཆེན་རིན་པོ་ཆེའི་གཙོས་ཧི་མ་ལ་རི་རྒྱུད་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་གལ་ཆེན་ཞིག་ལ་བཀའ་པོད་ལྔ་སློབ་གཉེར་བྱེད་སའི་དགོན་སྡེ་ཆེན་པོ་ཞིག་གསར་འཛུག་བྱས་
    ནས་ཕྱོགས་སུ་ཕྱོགས་ཕེབས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་རང་ནས་ནང་བསྟན་རྒྱུན་འཛིན་དར་སྤེལ་བྱེད་ཐུབ་ན་ཧ་ཅང་གི་དགེ་མཚན་ཆེན་པོ་འདུག

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    ལོ་ཆེན་རིན་པོ་ཆེ་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
    ཁྱེད་ཀྱིས་དགོངས་འཆར་ལེགས་པོ་མང་པོ་ཞིག་གནང་འདུག་པས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
    དོན་དངོས་སུ་ཧི་བོད་གཉིས་སྐད་ཡིག་གོམ་གཤིས་ཆས་ལུགས་གང་གིས་ཆ་ནས་ཀྱང་མཉམ་གནས་ཐུབ་པའི་མི་རིགས་ཤིག་ཡིན་པས། དེས་ན་ཧི་བོད་གཉིས་ཀས་གཅིག་གིས་གཅིག་ལ་མཐོང་དམའ་འབེབས་པའི་རིགས་ནམ་ཡང་མི་རུང།
    སྐབས་རེར་ཁ་བརྡའི་དྲ་རྒྱ་སོགས་ཀྱི་ནང་དུ་མི་ངན་རེ་ཟུང་གིས་ཧི་བོད་དབར་གྱི་འགྲེལ་ལམ་ལ་དོ་ཕོགས་འགྲོ་གཞི་ཡི་གཏམ་འཆལ་མང་པོ་སྤེལ་དང་སྤེལ་བཞིན་འདུག་པས་དེ་ཚོར་དགོངས་པ་བཞེས་དགོས་པ་འདུག།
    ངེད་ཅག་གཉིས་ཀར་གཅིག་ལ་གཅིག་བརྟེན་གྱི་རྟེན་ཅིང་འབྲེལ་བར་གནས་དུས་ཕན་ཚུན་དགོངས་པ་དཀྱེལ་ཡངས་ཀྱི་ཐུགས་བསམ་བཞེས་དགོས་པ་མང་པོར་མཐོང།
    བཀྲ་ཤིས་བདེ་ལེགས།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཡིག་དང་ནང་ཆོས་འཛིན་སྐྱོང་ལེགས་ཙམ་བྱུང་ན་དེ་ཡང་དོན་ལ་བོད་ཀྱི་ངོ་གདོང་ཞིག་ཡིན། བླ་མ་དག་གིས་བསྟན་འགྲོའི་དོན་ལ་དགོངས་ཏེ་དམ་ཆོས་ཡུན་གནས་ཐད་ལ་ཐབས་ནུས་ཡོད་དགུ་འདོན་ཐུབ་ན་ཕན་རླབས་ཆེ་ངེས། ལོ་ཆེན་སྤྲུལ་སྐུ་ལགས་ནས་མུ་མཐུད་ཐུགས་བརྩོན་གནང་རོགས་ཞུ།
    གང་དུ་དམ་ཆོས་དར་ན་དེ་ན་ཞི་བདེ་མང། གང་དག་ཞི་བདེ་འདོད་ན་དེ་ལ་དམ་ཆོས་དགེ ཧི་མ་ལ་ཡའི་ཕྱི་ནང་མི་རིགས་ཀུན། ཆོས་སྐད་གཅིག་གིས་དམ་དུ་སྦྲེལ་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese