ང་རང་གསར་འགོད་ཀྱི་ལས་ལ་ཞུགས་ནས་ཅུང་མ་འགོར་བར། དུས་རབས་ཉེར་གཅིག་པའི་ནང་གི་དམག་འཁྲུག་ཐོག་མ་དེ་མགོ་བཙུགས་སོང་། སོ་སོ་གཡུལ་སའི་གསར་འགོད་པ་ཞིག་མིན་ཡང་། བརྙན་འཕྲིན་དང་དྲ་ལམ་ནས་ལྟ་སྐབས། ཉིན་རྟག་པར་དུད་སྨུག་གིས་དབུས་ཤར་ཨེ་ཤ་ཡའི་ནམ་མཁའ་བཀབ་འདུག ཡུ་ཊོབ་སོགས་ཀྱི་ནང་ནས་བུད་མེད་ཚོས་གཅིག་གི་ཕྲག་མགོར་གཅིག་ཁེན་ཏེ་ཆོ་ངེ་འདེབ་པ་དང་། ཡང་ན། གཅིག་གི་པང་ལ་ཅིག་ཤོས་ཀྱི་མགོ་བཞག་ནས་ངུ་མཚམས་མ་ཆོད་པར་སྡོད་ཀྱི་འདུག རྐང་ཡ་བརླག་ཚར་བའམ། ཨ་མའིི་ནུ་ཞོ་མ་རག་མཁན་གྱི་བྱིས་པ་ཚོ་ཡང་རྩེད་རའི་ནང་འཛོམས་མ་ཐུབ་པར་གྱང་རྩ་དེད་ནས་འབྲོ་བཞིན་པ་མཐོང་རྒྱུ་འདུག
བར་སྐབས་ཤིག་ནས་ཁ་ཆེ་ཕོ་གསར་ཚོས་ལུས་ལ་འགད་རྫས་ཁྱེར་ནས་རྒྱུག་སྟེ། རླངས་འཁོར་དང་ཁང་ཁྱིམ། འདུ་འཛོམས་ར་བ། མེ་འཁོར་ས་ཚུགས་སོགས་ནས་འགད་གི་འདུག ཐོག་མར་བློ་ཡུལ་ལ་མི་ཤོངས་པ་འདྲ་བོ་འདུག་རུང་། ག་ལེ་ག་ལེར། ཕོ་མོ་དང་རྒན་གཞོན་མེད་པར་གོ་སྐབས་རག་ན་འགད་རྐྱང་བྱེད་གི་འདུག་པས་དེ་ཡང་ཡིད་ལ་གོམས་པར་གྱུར།
ལོ་ནས་ལོར་བསྟུད་དེ་འགད་གཏོར་བྱས་པའི་དབང་གིས་གནས་ཚུལ་དེའི་རིགས་གསར་པ་ནས་རྙིང་བར་གྱུར། ཛ་དྲག་ནས་རྒྱུན་ལྡན་དུ་གྱུར་སྟབས། གསར་འགོད་པ་དག་གི་དབྱིངས་ཀྱང་བརླག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྣམ་འགྱུར་ཡང་རྒྱུན་ལྡན་དུ་གྱུར། ཐ་ན་རང་སྲོག་བློས་བཏང་གི་གཏོར་རྒོལ་འདིའི་རིགས་ནི་མི་རིགས་ཤིག་གི་རིག་གཞུང་ལྟ་བུར་འཇགས།
དམག་འཁྲུག་ཐོག་མར་མགོ་བཙུགས་དུས་བྱིས་པའི་དུང་སོ་བརྗེ་མེད་པ་དག་གིས་བར་སྐབས་ཤིག་ནས་མེ་མདའ་བཟུང་ནས་རྒྱུག་གི་འདུག མའོ་ཙེ་ཏུང་གི། ༼སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ་༽ཞེས་པའི་ཁ་ཆེའི་དམག་འཁྲུག་གི་མི་རབས་གསར་པ་དག་ཁོང་ཚོ་མ་རེད་སུས་ཟེར་ཐུབ།།
ཝེ་ཀེ་རིག་མཛོད་དུ་བཀོད་པ་ལྟར་ན། ༢༠༠༣ ནས་ད་བར་དུ་ཨི་རག་ནང་དུ་འགད་གཏོར་དང་སྡེབ་གསོད་ཀྱི་རིགས་ཐེངས་ ༡༡༣༠ ལྷག་བྱུང་འདུག རང་སྲོག་གཅོད་པའི་འགད་གཏོར་སྐབས་མི་སེར་ ༡༣༠༠༠ ལྷག་བསད་འདུག འདི་ནི་ཉིན་མཚན་ལ་བགོས་ན། ཉུང་མཐར་ཉིན་གསུམ་རེའི་འཕྲོ་ནས་གཏོར་རྒོལ་རེ་རེ་བྱུང་འདུག
ཨ་རིས་སྣེ་ཁྲིད་པའི་བྱང་དམག་དོན་སྒྲིག་འཛུགས་ཀྱིས་མི་སེར་དང་ཁ་གཏད་དགྲ་བོ་ག་ཚོད་བསད་པའི་གྲངས་ཀ་དེ་སྐབས་གཞན་དུ་གླེང་བར་བྱ།
ཨ་ཧྥུ་གྷན་ནེ་སི་ཐན་དང་པ་ཀི་སི་ཐན། རྒྱ་གར་སོགས་སུ་ཡང་འགས་གཏོར་དང་སྡེབ་གསོད། བཙན་འཁྲིད་སོགས་ཀྱི་གནས་ཚུལ་རྒྱུན་ཆད་གི་མེད། རྒྱུན་མ་ཆད་པ་དེའི་དབང་གིས་དེ་བས་རྒྱུན་ལྡན་དུ་འགྱུར་གིན་ཡོད།
གནས་སྟངས་འདི་བོད་ནང་ལ་ཤར་མགོ་ཚུགས། ཐོག་མར་མི་རིགས་མཉམ་ལངས་བྱེད་སྐབས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་བཅིངས་འགྲོལ་དམག་མིས་སྡེབ་གསོད་བྱེད་གི་འདུག མི་རིགས་ཧྲིལ་བོ་ཉེས་ཅན་ལ་བགྲང་གི་འདུག རིག་གཞུང་ཡང་དུག་ནག་ཅིག་ལ་ངོས་འཛིན་བྱེད་གི་འདུག དགོན་པ་དང་གྲྭ་མང་སྡེབ་གཅིག་ཏུ་བཙོན་ཁང་དང་བཙོན་པར་སྒྱུར་གི་འདུག དེའི་རྗེས་ནས་སླར་ཡང་དཔའ་ཁེར་ལངས་བྱེད་མགོ་བཙུགས། དེ་ཚོ་ཡང་ཁེར་འདེད་ཉིས་འདེད་བྱས་ནས་འཇུས་ཤིང་ཕྱིར་ཡོང་མེད་པའམ། དབང་བོ་སྐྱོན་ཅན་དུ་གཏོང་གི་ཡོད། རྒྱ་གཞུང་གི་ལག་ལ་ཤོར་ན་སྡུག་གྱོང་ལ་འགྲོ་གིན་ཡོད་སྟབས། ད་ནི་རྒྱ་ལག་ལ་འཇོག་པ་ལས་རང་སྲོག་བློས་གཏོང་བྱས་ན་དགའ་བ་དེ་སེམས་ལ་འཁོར། ཡིན་ཡང་། འགག་རྩ་དེ་འདྲར་ཐུག་དུས་ཀྱང་མི་རིགས་རང་གི་རིག་གཞུང་དང་མི་ཚེའི་ལྟ་བ་མ་གློད་པར། རང་སོ་སོ་མེ་ལ་སྒྲོན་པ་ལས་ཕ་རོལ་བོ་ལ་མི་གནོད་པའི་ཐབས་ལམ་བཙལ།
རེད་དེ། ལས་འགུལ་འདི་ཐོག་མར་ཛ་དྲག་དང་དངངས་སྐྲག་གི་ངོ་བོར་ཡོད་ཀྱང་། ཡང་དང་བསྐྱར་དུ་བྱུང་སྟབས། ད་ནི་ག་ལེར་ཡིད་ལ་གོམས་ཤིང་ལས་འགུལ་དེའི་སྟེང་གི་འཇིགས་སྐྲག་གི་རིམ་པ་ཡལ་ཏེ་རྒྱུན་ལྡན་ལ་འགྱུར་གིན་ཡོད། འདི་རྒྱུན་ལྡན་རང་བཞིན་དུ་བཟོ་མཁན་རིམ་པ་གསུམ་ཡོད།
དང་པོ་ནི་པེ་ཅིན་རེད། བོད་ནང་ཛ་དྲག་གི་དོན་རྐྱེན་དང་རང་བྱུང་གི་ཆག་སྒོ་ཅི་ཞིག་བྱུང་རུང་པེ་ཅིན་གྱི་ཐོག་མའི་མངགས་བྱ་དང་འཐབ་ཇུས་ནི་གནས་ཚུལ་དེའི་རིགས་རྒྱུན་ལྡན་དུ་བསྒྱུར་རྒྱུ་དེ་རེད།
གཉིས་པ་ནི་རྒྱལ་སྤྱིའི་སྲིད་གཞུང་དག་རེད། ཁོང་ཚོས་པེ་ཅིན་གྱི་གནོན་ཤུགས་ཅི་རིགས་འོག་ནས་གནས་ཚུལ་དེའི་གྲས་རྒྱུན་ལྡན་དུ་འཇོག་པའམ། ཡང་ན། མ་ཐོས་མ་མཐོང་གི་ཚུལ་ལ་གཡོལ་གི་རེད། ཐ་ན་ ༡༩༥༩ ལོ་ནས་ད་བར་དུ་བོད་དོན་ཐད་པེ་ཅིན་མཉམ་དུ་ཁ་རྩོད་དྲག་པོ་རྒྱག་མཁན་ཡང་དཀོན་པོ་རེད།
གསུམ་པ་ནི། བོད་པ་ཚོ་ཡིན། བོད་པ་ཚོར་མགོ་སྒུར་རྒྱུའི་གོམས་གཤིས་ཤིག་འཇགས་ཡོད། རྒྱ་ནག་དང་རྒྱ་ནག་གི་ཕྱོགས་གཏོགས་རྒྱལ་ཁབ་བམ་སྲིད་གཞུང་བརྒྱ་ཕྲག་ཅིག་གི་ལོ་མང་རིང་གི་སྲིད་བྱུས་དང་། འཐབ་བྱུས། གནོན་ཤུགས་བཅས་ཀྱི་འོག་ནས་བོད་དོན་ནི་འཐབ་རྩོད་ཀྱི་ངོ་བོ་ནས་་མགོ་རྙོག་གི་ངོ་བོར་འཕོས། རེ་བ་ནས་འཁྲུལ་སྣང་གི་ངོ་བོར་འཕོས་ཡོད། དེ་བས་རང་ལུས་མེར་སྲེག་གི་ལས་འགུལ་འདིའི་རིགས་ཀྱང་མི་སོ་སོའི་མགོ་རྙོག་དང་འཁྲུལ་སྣང་ལས་བྱུང་བར་ངོས་འཛིན་མཁན་ཡོད་ལ། རྒྱ་ནག་དང་རྒྱལ་སྤྱིའི་སྲིད་གཞུང་དག་གིས་བོད་ལ་ག་དུས་ཡིན་ཡང་རྒྱུན་ལྡན་གྱི་རྣམ་འགྱུར་ཅིག་འཛིན་པ་དེའི་ཤུགས་རྐྱེན་འོག་ནས། བོད་མི་ཚོའི་བོད་དོན་གྱི་གནས་བབ་དང་ལས་འགུལ་མཐའ་དག་ཀྱང་རྒྱུན་ལྡན་གྱི་རྣམ་པར་འཕེལ་བཞིན་ཡོད།
ད་སྐབས་ཧ་ཅང་ཉེན་ཁ་ཆེ་ཤོས་ནི། མི་རིགས་ཀྱི་འཐབ་རྩོད་འདི་་ས་གནས་ཀྱི་དགོན་སྡེའམ། སྡེ་བ་ཆུང་ཆུང་རེ་ཡི་གྱོད་དོན་གྱི་ངོ་བོར་སྒྱུར་སྲིད་པ་དེ་རེད། དགེ་འདུན་པ་དང་མི་སྐྱ་དེ་དག་གིས་རང་ལུས་མེར་སྲེག་པ་དེ་ནི་རྔ་བ་ཀིརྟི་དགོན་པ་གཅིག་པུའི་གནད་དོན་ལས་བོད་དོན་ལ་འབྲེལ་བ་མེད་པར་སྒྲོག་སྲིད་པ་དང་། རྒྱ་གཞུང་གིས། བོད་མདོ་དབུས་ཁམས་གསུམ་གྱི་གནས་སྟངས་རྒྱུན་ལྡན་ཡིན་པར་བཤད་གི་རེད། ཕྱི་ལོག་ནས་ཀྱང་རྐང་བཙུགས་ནས་དེ་ལ་ངོས་ལེན་དང་། ཡང་ན། དོན་ངོ་མར་གོ་བ་ལོག་ནས་དེ་ལྟར་ངོས་འཛིན་བྱེད་མི་སྲིད་པ་མིན།
མཐའ་དོན། ལས་འགུལ་འདི་མུ་མཐུད་ནས་སྤེལ་ཏེ་མཚམས་མི་འཇོག་ཚེ། དེ་ལ་དཔག་པའི་ལམ་སྟོན་ཞིག་མདོ་དབུས་ཁམས་གསུམ་དང་། འཛམ་གླིང་གང་སར་འབྱོར་དགོས་པར་འདུག ཡང་མིན་ན། རྔ་པ་དང་དཀར་མཛེས་ས་ཁུལ་དུ་དམིགས་བསལ་གྱི་གསུང་འཕྲིན་རིན་པོ་ཆེ་ཞིག་བསྩལ་ཏེ། གནས་སྐབས་རིང་ལས་འགུལ་འདིའི་རིགས་ངེས་པར་མཚམས་འཇོག་དགོས་པའི་ལམ་སྟོན་གནང་དགོས་པར་འདོད།
ནད་པ་ལགས། ད་ལྟའི་ཆར་བོད་གཞུང་དམངས་གཉིས་ཀ་ཁྲོམ་ལ་ཐོན་ཏེ། ལས་འགུལ་སྤེལ་བཞིན་པ་ཡིན་སྟབས་དམིགས་བསལ་ཞུ་རྒྱུ་མེད། ཡིན་ཡང་། བོད་ཕྱི་ནང་གཉིས་ཀ་དོ་མཉམ་པའི་ལས་འགུལ་ཞིག་ཕྱི་ནས་སྤེལ་འཇོག་རྒྱུའི་ཡིད་ཆེས་ང་ལ་མེད། དེ་ལས་ལྡོག་སྟེ། ཉིན་ལྔ་དྲུག་ཅིག་འཕྲོ་ནས་ཕྱི་ཕྱོགས་ཀྱི་ཚ་ཚ་འུར་འུར་གྱི་ལས་འགུལ་འདི་མཚམས་ཆད་འགྲོ་གི་རེད། མ་མཐར་ཇེ་ཞན་ལ་འགྲོ་གི་རེད། ཡིན་ཡང་། བོད་ནང་གི་ལས་འགུལ་དེ་མུ་མཐུད་ནས་འདུག་གི་རེད། སླར ཡང་། ང་དང་བཅས་པ་མང་པོ་ཞིག་གི་ཁ་ནས་ལབ་རྡོལ་མང་ཙམ་འཆོར་གི་རེད།
མི་ནག་ཚང་ལགས། ༸ ཆེས་རླབས་ཆེན་གྱི་བླ་ན་མེད་པའི་འཛམ་གླིང་ཞི་བདེའི་སྐྱེས་མཆོག་དམ་པ་དང་། སྒོས་བོད་མི་རིགས་ཀྱི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་༸ གོང་ས་ཡིད་བཞིན་བུས་ད་ཆ་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་སྤངས་ཏེ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་ཀུན་སྤྱོད་གོང་ཐོར་གཏོང་མཛད་བཞིན་པའི་མཛད་འཕྲིན་འདི་ནི་བླ་ན་མེད་པ་ཞིག་རེད།
དེར་བརྟེན་ད་ཆ་བཙན་བྱོལ་གཞུང་གིས་ཆབ་སྲིད་ཀྱི་འགོ་འཁྲིད་མི་དམངས་ཀྱིས་ཐད་ཀར་བདམས་ཐོན་བྱུང་སྟབས་ད་ཆ་ཆབ་སྲིད་ཀྱིས་འགོ་འཁྲིད་ཚོས་འགན་འཁུར་ལེན་དགོས།
དེ་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དེ་རང་གི་མི་རིགས་སམ་མི་དམངས་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡིན་སྟབས། མི་དམངས་ཚོས་འགན་འཁུན་བླངས་དགོས།
མི་དམངས་ནི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་ལ་རྒྱལ་ཁབ་ཀྱི་བདག་པོའང་ཡིན་ལ་མི་རིགས་ཀྱི་ལས་དབང་ཡང་མི་དམངས་ལ་ཐུག་ཡོད།
བོད་རིགས་རྒྱ་ཆེའི་མི་དམངས་ཀྱིས་བོད་ཀྱི་རྩ་དོན་དེ་རང་ཉིད་མ་ཤི་བར་དུ་ངེས་པར་བློས་གཏོང་མ་བྱས་པར་མུ་འཐུད་འཐབ་རྩོད་བྱེད་དགོས།
མཐར་ཐུག་ན་བོད་རྒྱལ་ཁབ་དེ་བོད་མི་རིགས་ལ་བདག་རྒྱུ་ཡོད་པ་དེ་ང་ཚོས་ངོས་འཛིན་དང་ཡིད་ཆེས་བྱེད་དགོས།
ནད་པ་ལགས། རྒྱ་ནག་གཞུང་གིས་ང་ཚོར་མ་ཉེས་ཁ་གཡོག་མང་པོ་བྱས་པའི་དབང་གིས། ད་སྐབས་ང་ཚོ་ཁ་གང་ལ་འཁོར་རུང་སྐྱོན་ཆ་ཞིག་ལ་གཡོལ་ཅི་ཐུབ་བྱ་དགོས་པ་འདི་ཤར་པ་རེད། དཔེར་ན། ཀིརྟི་དགོན་པ་གཅིག་པུའི་གྱོད་དོན་ལ་སྒྱུར་སྲིད་པའི་ངའི་བློ་དོགས། དེ་ནས། ཏཱ་ལའི་བླ་མའི་སྐུལ་སློང་ལ་ངོས་འཛིན་བྱ་སྲིད་པའི་ཁྱོད་ཀྱི་བློ་དོགས་སོགས་རེད། ཡང་སྙིང་ཅི་བྱ་དགོས་པ་རེད།
ལུང་རྟོགས་ལགས། རྒྱལ་གཅེས་དཔའ་བོ་དེ་དག་གིས་ཚེ་སྲོག་འཕྲོ་བརླག་ལ་བཏང་མེད་པ་བདེན་པ་རེད། ཡིན་ཡང་། ཁོང་ཚོའི་རྩ་ཆེའི་ཚེ་སྲོག་གི་ལེགས་སྐྱེས་དེ་ང་ཚོས་འཕྲོ་བརླག་ལ་མི་གཏོང་བའི་ངེས་པ་མི་འདུག
རྣམ་པ་ཚོར་དགོངས་དག མཆན་དུས་ཐོག་ཏུ་འབུལ་ཐུབ་མ་སོང་།
གསར་བརྗེ་སྐྱབས་ལགས་ཀྱི་དགོངས་ཚུལ་ཕལ་ཆེ་བར་ངོས་ལེན་ཡོད།
༡ བོད་དོན་འཐབ་རྩོད་ཀྱི་ཕྱོགས་བས་བོད་མི་རིགས་ལ་མགོ་རྙོག་ཡོད་པ་ནི་མངོན་གསལ་རེད། དཔེར་ན། བོད་མི་གསུམ་མཉམ་དུ་འཛོམས་ན་ལྟ་ཚུལ་དང་ལངས་ཕྱོགས་གསུམ་འཁྱེར་ཡོང་གི་རེད། གཞུང་ངམ། དབུ་ཁྲིད་ཀྱི་ལྟ་བ་དང་མང་ཚོགས་ཀྱི་མངོན་འདོད་ཁ་ཁར་གྱེས་ཡོད།
༢། བཞུགས་ཁྲིའི་སྟེང་གི་ཚོགས་པ་དེ་ཚོ་ཁྲོམ་ལ་འབུད་རྒྱུར་ད་དུང་ལོ་ངོ་མང་པོ་འགོར་གི་རེད། ཡིན་ཡང་། སྤྲུལ་སྐུའི་ལམ་ལུགས་ཀྱིས་བོད་དོན་འཐབ་རྩོད་ལ་ཧ་ཅང་གནོད་ཀྱི་ཡོད་པར་ངོས་འཛིན་བྱ་ཁག་པོ་རེད། དེ་དག་གིས་བོད་ཀྱི་ཆོས་རིག་ལ་ཕྱོགས་གང་ཐད་ནས་བྱས་རྗེས་བཞག་པའང་ཡོད་པ་རེད།
༣། དབུ་མའི་ལམ་ལ་སྐྱར་ཞིབ་བྱ་རྒྱུ་ལས་སླ་བོ་རེད། ཡིན་ཡང་། གལ་སྲིད་དབུ་མའི་ལམ་མ་ཡིན་པའི་སྲིད་བྱུས་གང་འདྲ་ཞིག་འཛིམ་རྒྱུར་ཕལ་ཆེ་བར་གྲ་སྒྲིག་མེད་པར་འདོད།
༤། ངས་ནི་ད་ལྟའི་རང་ལུས་མེར་སྲེག་གི་ལས་འགུལ་འདིའི་རིགས་མཚམས་འཇོག་བྱ་དགོས་པར་མཐོང་གི་མེད། ཡིན་ཡང་། ཀིརྟི་དགོན་པའི་དགར་འདུན་ཚོ་ཁོ་ནས་ལས་འགུལ་འདི་སྤེལ་བསྡད་ན་དེ་དགོན་པ་བྱེ་བྲག་པ་ཞིག་གི་གྱོད་དོན་གྱི་ངོ་བོར་འགྲོ་ངེས་སྟབས། དེ་ལ་དཔག་པའི་སྲིད་བྱུས་དང་ལམ་སྟོན། མཉམ་ཞུགས་ཤིག་དགོས་པར་འདོད་པ་ཡིན། གལ་སྲིད་དེ་མེད་ཚེ། ལས་འགུལ་འདི་མཚམས་འཇོག་རྒྱུའི་གསུང་འཕྲིན་སྩལ་འོས་པར་བཤད་པ་ཡིན།
མྱི་ནག་ཚང་ལུང་རིགས་ལགས། གཏམ་དཔེ་འདིས་སྐུ་ཉིད་ཡེར་རེ་བཏང་བཞག་བ་འདི་ཡང་གོ་བ་ལེན་ཕྱོགས་ཤིག་ཡིན་པ་འདྲ། དུས་ལ་བབས་ནས་རྐྱེན་དང་འཕྲད་སོང་ན་མགོ་སྐྱོར་རེ་བྲོས་འགྲོ་ས་ཞིག་ཀྱང་མེད་ཚོད་དུ་སླེབས་འདུག
སྐབས་དོན་་་འགག་རྐྱེན་ལ་ཐུག་སའི་གནད་དེ་གསར་རྗེས་སྐྱབས་ལགས་ཀྱིས་ཡང་བསྐྱར་ནན་བཤད་བྱས་འདུག་མོད། རེ་ཞིག་བརྒྱ་ཆའི་བརྒྱ་ཐམ་པ་གྲིས་གཏུབ་པ་བཞིན། ཐག་སེ་གཏིང་ཐག་བཅད་ཆོག་ཆོག་དེ་ཡང་བསམ་ཀྱིན་མེད་དེ། དཔེར་ན། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ལྟ་བུ་ལ་མཚོན་ན། མི་ལོ་བཅུའི་རིང་སྲིད་ཁྲི་ལ་བཞུགས་ནས་ལས་དོན་མང་བོ་ཞིག་བསྒྲུབས་པ་རེད་ལ། དེ་བཞིན་གྲུབ་འབྲས་ཡང་ངོམས་ཆོག་ཆོག་ཞིག་བླངས་ཡོད་བ་རེད། ཡིན་ནའང་ད་བར་དུ་དཀའ་ལས་བརྒྱབ་པའི་སྙིང་རུས་དེ་མ་ཡུམ་མི་རིགས་དང་རྒྱལ་གཅེས་ཀྱི་བསམ་ཕྱོགས་དེ་མིན་པར། དད་པ་དང་དམ་ཚིག་གི་སྟེང་ལ་བབས་སོང་། བར་འདི་ནས་གསར་རྗེས་སྐྱབས་ལགས་ཀྱིས་འགག་རྐྱེན་ངོས་འཛིན་བྱེད་ཕྱོགས་ལ་ཁ་ཕྱིར་འཁོར་ནས་བལྟས་ན་གསལ་བོ་ཆགས་ཡོང་བསམ་པ་དྲན་བྱུང་། ཡིན་ནའང་ཕྲན་ཀྱི་བསམ་ཕྱོགས་འདི་གསར་བརྗེ་སྐྱབས་ལགས་ཀྱིས་ཁོང་རང་གི་ལྟ་ཚུལ་དང་འདྲ་བའི་ངོས་འཛིན་བྱེད་མིན་ཆ་མ་འཚལ་མོད། ཕྲན་ཀྱི་བསམ་སྣང་ལ་དད་པ་དང་དམ་ཚིག་རྨང་གཞི་བཏང་བའི་སྲིད་སྐྱོངས་བ་ཞིག་ལ། ཚད་བཀག་ཅིག་ཡོད་ཡོད་པ་རེད་བསམ་ཐོག ཟམ་གདོང་རིན་པོ་ཆེའི་རིང་གི་སྲིད་ཇུས་འཛིན་ཕྱོགས་ནས་བཟུང་། འཐབ་རྩོད་རིམ་པ་གང་ཐད་ནས་མང་མང་གི་སྙིང་སྟོབས་ཀྱི་ཆ་ལ་འགོག་རྐྱེན་འཕྲད་ཡོད་སྲིད་པ་རེད། དེ་ཡང་རིག་གཞུང་། ཆོས་ལུགས། དབུ་ཁྲིད་ཀྱི་མཚན་སྙན་སོགས་གཙོ་བཟུང་ཐོག་བྱུང་བ་ཞིག་རེད།
མ་གཞི་ནས་རང་ཚོད་ཀྱིས་འགག་རྐྱེན་རེ་གཉིས་མུ་མཐུད་ནས་ལབ་འདོད་ཡོད་དེ།
དུས་ཚོད་ཀྱི་དབང་གིས་འདི་མུར་འཇོག་དགོས་བྱུང་སོང་། ཞོར་དུ་དུས་བབས་རྩོམ་སྒྲིག་པ་ལ་ཆེད་ཞུ། ཕྲན་ཀྱི་མིང་བྱང་དང་འདྲ་བའི་རྡོ་རྗེ་ཚེ་རིང་འབོད་པ་ཞིག་སླེབས་འདུག་ན། དེ་རིང་ནས་ཕྲན་གྱི་མིང་ལ་འདི་ལ་འགྱུར་བ་རེ་གཏོང་རོགས་ཞུ།*
དེ་མིན་བདག་གི་མིང་དང་འདྲ་བའི་རྡོ་རྗེ་ཚེ་རིང་ལགས།དེ་རིང་ནས་བཟུང་མིང་འདི་སྐུ་ཉིད་ལ་རྩིས་སྤྲོད་བྱས་ཟིན་པ་ཡིན། རྗེས་ཕྱོགས་མུ་མཐུད་དེ་བོད་དོན་ལ་བསམ་དཀར་རེ་བྱས་ནས་དཔྱད་མཆན་འདེབས་པའི་རེ་བ་ཤིན་ཏུ་ནས་ཆེ།
གཡུ་དྲུག་དཀར་གྱི་འཆར་སྣང་ལ་ཡིད་དགའ་ནས་ཡོད། རེད་དེ། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་། གལ་སྲིད་ང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་ན་བོད་ཀྱི་རང་དབང་དེ་བདུན་ཕྲག་གཅིག་གི་རིང་ལེན་ཐུབ་གི་་རེད་ཅེས་གསུངས་མྱོང་བ་རེད།
སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་དུས་ཚོད་ཀྱི་ཁོམ་སྐབས་ཤིག་བཙལ་ནས་ངེས་པར་ཁ་གསབ་གནང་རོགས།
གྲོགས་མྱི་ནག་ལགས། ཉིད་ཀྱི་གླེང་སྟངས་ནས་མཇུག་བསྡུ་སའི་བར་ཧ་ཅང་གོ་རིམ་ལྡན་ལ། སེམས་ཚོར་གྱིས་ཀུན་ནས་གླེང་བའི་ཐབས་སྤྱད་པ་ཤིན་ཏུ་ལེགས། ཉིད་ཀྱི་ཀུན་སློང་འཁྱེར་སྟངས་བཟང་ཞིང་དོན་དངོས་དེ་འདྲ་ཞིག་བྱེད་དགོས་པ་ཡང་འདུག
དེ་མིན་རེ་ཟུང་གིས་དེ་འདྲ་ཤོད་རྒྱུ་ཡོད་མ་རེད་ད་དུང་རང་ལུས་མེ་རུ་བསྒྲོན་མཁན་ཇེ་མང་ནས་ཇེ་མང་ལ་གཏོང་དགོས་པའི་བསྐུལ་སློང་དགོས་ཚུལ་གྱི་བསམ་འདུན་གླེང་མཁན་ཡང་འདུག སྤྱིར་དེ་ནི་མི་རང་ཉིད་ཀྱི་བསམ་འདུན་རེད་མོད་དེ་ལྟར་བཤད་མཁན་དེས་རང་སྲོག་ག་ཚོད་ཞིག་གཅེས་འཛིན་བྱེད་བཞིན་ཡོད། དེ་བཞིན་གཞན་ལ་ཡང་རང་དཔེ་ལེན་དགོས་པ་འདུག
ཡང་གཅིག་བཤད་ན་རང་ལུས་མེ་རུ་བསྒྲོན་ཡང་རྒྱ་ནག་གི་གཤིས་ཀ་ཇེ་བརྟན་དང་། རྣམ་འགྱུར་ཇེ་སྡུག་ལས་གནས་བབ་དེ་དང་བསྟུན་ནས་བསྒྱུར་བཅོས་ཤིག་བྱས་མི་ཡོང་ལ། འགྱུར་བ་ཞིག་གཏོང་རྩིས་ཀྱང་གཏན་ནས་ཡོད་པ་མ་རེད།
ལྷག་དོན་ཁྱོད་ཀྱིས་བརྗོད་པ་བཞིན་རང་ལུས་མེ་རུ་བསྒྲོན་པ་འདི་ཡང་མེད་པ་ནས་ཡོད་པར་གྱུར་ཡོད་ལ། ཡོད་པ་ནས་ད་ལྟ་རྒྱུན་ལྡན་དུ་འགྱུར་བཞིན་འདུག བོད་པ་ཨ་གསར་ཆེ་དེ་སྔོན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་སྐུ་ཕུང་མེ་རུ་སྒྲོན་དུས་བོད་མིའི་ཚོ་ག་ཚོད་ཀྱི་འུར་ཟིང་ཆེ། ཇི་ཙམ་གྱིས་མི་ཆུ་འབྱིན་བཞིན་འདུག དེ་ནས་གཅིག་རྗེས་གཉིས་མཐུད་ཀྱི་སྐུ་ལུས་མེ་རུ་བསྒྲོན་སྐབས་ཕྱི་སྡོད་བོད་མི་ཚོའི་མིག་ཆུ་སྐམ་འདུག་ལ། ད་ལྟ་སྙིང་རྗེ་ཟེར་བ་ཙམ་ལས་ཁ་ནས་གྱེར་བའི་མ་ཎྀ་དེ་ཡང་བོར་ཚར་འདུག ངས་སྐུ་ཕུང་མེ་རུ་བསྒྲོན་པའི་དཔའ་བོ་ཚོའི་ལོ་རྒྱུས་དང་སེམས་འདུག་རྣམས་དྲ་རྒྱ་ལས་བཤུས་ནས་དགེ་སློབ་ཚང་མའི་བལྟ་ཀློག་བྱེད་སའི་སྦྱར་པང་སྟེང་སྦྱར་བ་ཡིན་མོད་ཚང་མས་གང་བྱས་ནས། ག་རེ་རེད། འོ་ཙི་ཞེད་ལ་ཟེར་བ་ཙམ་ལས་སྐྱོ་སེམས་མེད་ལ་ལབ་གླེང་ཡང་མེད། ངས་ཀྱང་ད་ལྟ་ཚང་མ་དྲེད་ཚར་འདུག་ཞེས་མཆན་འདེབས་མྱོང་ཡོད་ལ། ད་ལྟ་ཉིད་ནས་དངོས་ཡོད་ལམ་ནས་ཀུན་གྱི་མིག་ལམ་དུ་འདི་ལྟར་བསྟར་སོང་།
ལུངས་རིགས་ལགས། རྩོམ་གྱི་མགོ་ནས་མཇུག་བར་ཀློག་པ་ཡིན། རྩོམ་ཡིག་འདི་ལ་བརྗོད་བྱ་ངེས་གཏན་ཞིག་མིན་འདུག་སྙམ་པའི་ཚོར་སྣང་སྐྱེས། འོན་ཀྱང་རྩོམ་ཡིག་ཀུན་སློང་ཐད་ནས་ཆོལ་གསུམ་ཁྱོན་ཡོངས་དང་ལས་འགུལ་དེ་དང་དེ་འདྲ་བ་སྤེལ་དགོས་པའི་སྐུལ་མ་དེ་གཞིས་བཞུགས་ཀྱི་བོད་མི་རྣམས་ཀྱི་ཚེ་སྲོག་དེ་ཁྱེད་དང་ཁྱེད་ལྟ་བུའི་ཉེར་འཚེ་བ་དག་གིས་ཆབ་སྲིད་ཀྱི་ལག་ཆ་རུ་སྤྱད་འདུག
མི་ནག་ཚང་ལགས། ༸ གོང་ས་མཆོག་གིས་གསུང་འཕྲིན་བསྩལ་ཏེ་བཀག་འགོག་གནང་དགོས་པའི་རྒྱུ་མཚན་བཤད་ན་ནོར་འཁྲུལ་ཚབ་ཆེན་ཤོར་གྱི་རེད།
རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཏྰ་ལའི་རུ་ཚོགས་སྣེ་འཁྲིད་བྱས་པ་རེད་ཅེས་བཤད་བཞིན་འདུག
དེར་བརྟེན་༸ གོང་ས་མཆོག་གིས་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་བཀའ་ཡིག་གམ་གསུང་འཕརྀན་ཞིག་བསྩལ་ནས་མཚམས་འཇོག་བྱས་ན་རྒྱ་དམར་གྱིས་བཤད་པ་ལྟར་དངོས་དོན་དུ་འགྱུར་རྒྱ་རེད།
བོད་ཀྱི་བདག་པོ་བོད་མི་ཡིན་སྟབས་གཞི་བྱེས་མི་དམངས་ཀྱིས་ལས་འགུལ་གང་སྤེལ་བ་དེ་༸ གོང་ས་མཆོག་གིས་བཀག་འགོག་གནང་དགོས་དོན་མེད། དེ་ལྟར་གནང་ཚེ་མི་དམངས་ཀྱི་རང་དབང་འཕྲོག་པ་ལྟར་གཅིག་མཚུངས་སུ་གྱུར་པ་རེད།
རྒྱལ་ཁབ་དང་མི་རིགས་གཅིག་གི་གནས་ཚུལ་ཡིན་སྟབས་ངེས་པར་མུ་མཐུད་དེ་ཕྱི་ནང་གཉིས་ཀྱིས་བོད་དོན་རྩོད་དགོས།
བོད་རྒྱལོ།།
མིས་ཚེ་སྲོག་ལ་རིན་ཐང་ཆེན་པོ་ལྡན་པ་ནི་སུས་ཀྱང་ཤེས། འོན་ཀྱང་ཚེ་སྲོག་ལས་རྩ་ཆེ་བའི་དངོས་པོ་གང་ཡང་མེད་པ་རེད་དམ། ངས་བལྟས་ན་ང་ཚོའི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ནི་མིའི་ཚེ་སྲོག་ལས་རྩ་ཆེ་བ་ཞྀག་མིན་ན་ཆུང་བ་ཞིག་གཏན་ནས་མ་རེད་འདོད། དེས་ན་བོད་ནང་གི་དཔའ་བོ་ཚོས་རང་གི་ཚེ་སྲོག་མཆོད་མེར་འབུལ་བཞིན་པ་འདི་དག་ནི་གོང་ཞུས་དེ་དག་གི་ཆེད་དུ་ཡིན་པས་ཁོང་ཚོའི་ཚེ་སྲོག་འཕྲོ་བརླག་སོང་བ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་གི་མེད་ལ། ཚེ་སྲོག་ག་རིན་ཐང་བརྙེད་སོང་བར་འདོད
མྱི་ནག་ཚང་ལགས་ལ།
༡༽ང་ཚོའི་རྩ་དོན་འཐབ་རྩོད་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་ཞིག་མེད་པ་ཡིན་ནམ། དེ་མ་རེད། འཐབ་རྩོད་ལ་དགོས་པའི་ལས་འགུལ་ཁག་ང་ཚོའི་མི་རིགས། རིག་གཞུང་། སྲོལ་རྒྱུན། ཆོས་ལུགས། ལྷག་པར་དུ་སྲིད་བྱུས། དབུ་འཁྲིད། རང་འདོད་ཡ་རབས་བཅས་ལ་གནོད་གཞིའི་ལས་འགུལ་དུ་ངོས་འཛིན་བྱེད་ཀྱིན་ཡོད། ཡང་ན། རྩ་དོན་ཆེད། ང་ཚོའི་མི་རིགས། རིག་གཞུང་། སྲོལ་རྒྱུན། ཆོས་ལུགས། སྲིད་བྱུས། དབུ་འཁྲིད། རང་འདོད་ཡ་རབས་སོགས་དང་མཐུན་པའི་འཐབ་རྩོད་ལས་འགུལ་ཞིག་སྤེལ་མ་ཐུབ་པའམ། སྤེལ་མ་ཤེས་པ། གོ་སྒྲིག་གི་བློ་རིག་མེད་པ། བློ་རིག་གང་ཡོད་བཀོལ་ནས་སྤེལ་བའི་ལས་འགུལ་དག་གིས་འཐབ་རྩོད་ལ་མ་ཕན་པ། མགོ་རྙོག་དང་འགལ་འདུ་གཙོ་བོ་འདི་ནས་ཡོང་གི་ཡོད། མགོ་རྙོག་དང་འགལ་འདུ་འདིས་ད་བར་འཐབ་རྩོད་ལ་ཕན་པ་དང་མི་ཕན་པའི་ལས་འགུལ་གང་ཡིན་ཡང་། མཐར་དོན་འཁྱོལ་དང་རྒྱུན་འཁྱོངས་མ་ཐུབ་པའི་གནས་སྟངས་དེ་བཟོས་བ་ཡིན།
༢༽ཁ་སྔོན་ཉིད་ཀྱི་རྩོམ་ཡིག་གི་མཆན་བུ་ནང་། ཨི་རྗིབ་དུ་ལས་འགུལ་དེ་རིགས་ལམ་སློང་ཡོང་དོན་གཙོ་བོ་༼འབོལ་གདན་སྟེང་གི་ཚོགས་པ། ༽རྣམས་ལས་འགུལ་ནང་མཉམ་ཞུགས་ཐུབ་པས་རེད། ཅེས་གསུངས་འདུག བོད་ལ་༼ འབོལ་གདན་སྟེང་གི་ཚོགས་པ་༽ ཤུགས་ཆེན་པོ་དེ་འདྲ་གང་ཡང་མེད། གང་ཡོད་ཚང་མ་རྣམ་པ་ཙམ་རེད། འོན་ཀྱང་། ༼ བཞུགས་ཁྲི་སྟེང་གི་ཚོགས་པ་༽ ཤུགས་ཆེན་སྟོབས་ཆེན་ཞིག་ཡོད། དེ་དག་ནི་དགོན་སྡེ་དང་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོ་རེད། དཔལ་རྒྱལ་བ་ཀརྨ་པ་དང་ས་སྐྱ་གོང་མ་རིན་པོ་ཆེ་གཉིས་གཙོས་པའི་བླ་ཆེན་ཚོ་རེ་རེ་བཞིན་གྲངས་ཀ་ལོངས་དང་། ཁོང་རྣམ་པ་སུ་ཞིག་ད་བར་དུ་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་ངམ། ཐ་ན་དུས་ཚོད་ཉེར་བཞི་རིང་གི་ཟས་བཅད་ངོ་རྒོལ་ལ་ཐེངས་གཅིག་ཕེབས་མྱོང་བའང་བཤད་རྒྱུ་མེད། གནས་སྟངས་འདི་འདྲ་རེད། ང་ཞེད་ས་དང་སྐྲག་ས་དེ། ཀིརྟིའི་གྲྭ་བ་ཚོ་མེར་བསྲེག་ཚར་རྗེས། བོད་པ་ཚོས་སྔར་བཞིན་ཚོང་གཉེར་དང་སྤྲོ་སྐྱིད་མགོ་འཛུགས་རྒྱུ་དེ་མིན་པར། ༼བཞུགས་ཁྲི་སྟེང་གི་ཚོགས་པ་༽ འདི་དག་མུ་མཐུད་ནས་སྣང་མེད་ངང་སྐུ་ཕྲེང་རིམ་པ་ནས་རིམ་པའི་བར་ལྷན་ནེ་ལྷམ་མེར་བར་བཞུགས་རྒྱུ་དེ་རེད།
༣༽བཙན་བྱོལ་སྒྲིག་འཛུགས་ལ་མཚོན་ན་སྲིད་བྱུས་སྲ་བརྟན་ཞིག་ཡོད་རྒྱུ་དེ་གཙོ་བོ་མིན། སྲིད་བྱུས་གང་ཡིན་ཡང་ཁེ་ཕན་འགྲུབ་ཐུབ་ན་དེ་གས་འགྲིག་ཡོད། ལས་སླ་བོ་རེད། ལམ་དབུ་མ་ཕྱག་བསྟར་བྱས་ནས་ཉུང་མཐར་ལོ་ངོ་ཉི་ཤུ་སོང་ཡོད། སྲིད་བྱུས་གང་ཞིག་ལོ་ཉི་ཤུ་ལ་ལག་བསྟར་བྱས་ནས་གྲུབ་འབྲས་མེད་ཚེ་དེ་ལ་བསམ་བློ་གཏོང་དགོས་ཚོད་དུ་ཡོད། འོན་ཀྱང་ལམ་དབུ་མར་ད་བར་དུ་བསྐྱར་ཞིབ་ཙམ་འགྲོ་ཐུབ་མེད། ང་ཚོའི་གནས་སྟངས་དང་ལས་འགུལ་གཉིས་ཐོ་གཏུགས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་འདི་ནའང་ལྷག་ཡོད།
༤༽༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་། ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེག་གི་ལས་འགུལ་འདི་གཉིས་ལྟ་བུ་ལས་ལྷག བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཕན་པའི་ལས་འགུལ་ཞིག་ཁག་པོ་རེད་འདོད། ལས་འགུལ་འདི་རིགས་དོན་འཁྱོལ་དང་རྒྱུན་འཁྱོངས་ཡོང་བར་འབད་བརྩོན་བསྟེན་པ་ལས། ཁ་ཤས་ནང་བཞིན་མཚམས་འཇོག་གི་འབོད་སྐུལ་བྱེད་བཞིན་ནི། དོན་དམ་པའི་བོད་པའི་རྩ་དོན་འཐབ་རྩོད་ལ་འགན་མ་འཁུར་བའམ། རང་ལུས་རྩ་དོན་ཆེན་བཏང་བའི་རྒྱལ་གཅེས་པ་དེ་དག་གི་ཚེ་སྲོག་ལའང་གུས་བརྩི་མ་ཞུས་པའི་རྣམ་འགྱུར་ཞིག་ཆགས་ཡོད་འདོད།
གལ་ཏེ་གསུང་འཕྲིན་ཞིག་ཡོད་ན་འདི་འདྲ་ཞིག་དགོས་ཀྱི་འདུག བོད་པ་ཡོད་ཚད་སྡེབ་གཅིག་ལ་རྒྱ་རྒོལ་ཆེད་དུ་ལོངས་ཤོག གཞིས་བྱེས་གཉིས་ནས་ལོངས་ཤོག ད་ཨུ་ཐུག་སོང་ཐབས་ཟད་སོང་། བཀའ་ཤག་ནས་ས་གནས་རྒྱུན་ལས་བར་གྱི་ལས་ལས་བྱེད་ཡོད་ཚད་ལོངས་ཤོག རྒན་པོ་མགོ་དཀར་ནས་གཞོན་སོ་དཀར་བར་གྱི་རྩམ་ཟན་ཡོད་དོ་ཅོག་ལོངས་ཤོགས། བླ་མའི་བླ་བྲང་བཞག་བཞག་ནས་ལོངས་ཤོག གྲྭ་བའི་དགོན་སྡེ་བསྐྱུར་ནས་ལོངས་ཤོག སློབ་མའི་སློབ་གྲྭ་གཡུགས་ནས་ལོངས་ཤོག ས་ལ་ཐིམ་ཀྱང་ཆོག་ཆུ་ལ་ཐིམ་ཀྱང་རུང་ མེ་ལ་བསྟིམ་ཀྱང་ཆོག གངས་ལྟར་ལོངས་ཤོགས། གཞིས་བྱེས་གཉིས་ནས་དུས་གཅིག་ལ་ལོངས་ཤོག བཀའ་ཤག་ཡིན་ན་འདྲ། ༧གོང་ས་མཆོག་ཡིན་ན་འདྲ། གསུང་འཕྲིན་འདི་འདྲ་ཞིག་གནང་ན་ལས། གཞན་པ་ཞིག་དགོས་དོན་མི་འདུག
རྒྱུན་ལྡན་དུ་སྒྱུར་བྱེད་ཀྱི་རྒྱུ་རྐྱེན་གསུམ་ལ་འཐད། ད་དུང་ཁ་གསབ་ཅིག་ཀྱང་བརྒྱག་དགོས་བསམ་ཡང་དུས་ཚོད་ཀྱིས་མ་ལྕོགས་ཐལ།
འགྱུར་མེད་བསྟན་འཛིན་ལགས། ངས་བསམ་ན། རྒན་ལྷ་མོ་སྐྱབས་ཀྱི་ཐུགས་དགོངས་ཅུང་ཁྲོས་ཡོད་པ་འདྲ། སྐུ་རྩེད་ཡིན། ཁོང་ཟང་ཟིང་ཆགས་མི་འདུག་པ་མ་ཟད། ཞིབ་ཆ་དང་བཅས་ཡོང་གི་འདུག འཐབ་བྱུས་འདིང་གི་ཡོད་དུས། ང་ཚོས་བོད་ཕྱི་ལོག་གི་རྩོམ་པ་པོ་དང་ཆབ་སྲིད་ལས་འགུལ་བ་ཞིག་གི་ཐུགས་རེ་ངོ་མ་དེ་ཤེས་ཐུབ་པ་མ་ཟད། གསལ་བོ་ཆགས་སྟབས་ཡག་པོ་འདུག་ག རྒན་ལགས་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད་མེད་གང་ལྟར་ཀྱང་། བསམ་ཚུལ་དེ་ལྟར་འདོན་ཐུབ་པ་ཙམ་གྱིས་ཁོང་རླབས་ཆེན་རེད་འདོད།
ལྷ་མོ་སྐྱབས་དེང་སང་འུར་ཟིང་ཚ་བོ་འདྲ་ཞིག་ཆགས་འདུག
ཁོང་གིས་ག་དུས་ཀྱང་བོད་ནང་གི་མི་དེ་ཚོའི་ཚེ་སྲོག་ལ་རིན་ཐང་མི་བཞགས་པར་མུ་མཐུད་ནས་ཚེ་སྲོག་མེར་བསྲེགས་པའི་ཀུན་སློང་བྱ་གི་འདུག
རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་ག་ཚོད་ཡོད་དེ་ལ་འདྲ་དཔེ་བྱ་ནས་ཉམས་མྱོང་བླང་ནས་མི་གཞན་གྱི་ཚེ་སྲོག་ལ་རིན་ཐང་གཞགས་དགོས།
ལུང་རིག་རྒྱལ་གྱི་ཚེ་སྲོག་མེར་བསྲེགས་ཀྱི་ལས་འགུལ་མཚམས་འཇོགས་བྱ་བའི་རྩོམ་ཡིད་འདི་ཡིད་པ་འཐད་པོ་བྱུང།
རྒྱབ་སྐྱོར་ཡོད།
མོས་མཐུན་ཡོད།
རྡོ་རྗེ་ཚེ་རིང་ལགས། དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ།
ཉིད་ཀྱི་ཐོག་མའི་གཏམ་དཔེ་དེས་ང་ལ་ཤ་འདར་ཅིག་རྒྱུག་ཏུ་བཅུག དེ་ནས་ལྷོད་ལ་བབས་ཏེ་བསྐྱར་དུ་བཀླགས།
དེ་ནས་ཐིག་ཕྲེང་འགའ་མར་དེད་སྐབས་སླར་ཡང་མགོ་རྙོག་རེར་འཕྲད། དཔེར་ན། འགོག་རྐྱེན་ངོ་མ་སུ་རེད། གང་ལྟར། མདོ་དོན་དམིགས་བྱ་གཅིག་པ་དང་། ན་ཚ་གཅིག་པ་སོགས་ཀྱིདབང་གིས་བསམ་ཚུལ་དེའི་རིན་ཐང་ལེན་ཐུབ་སོང་།
ཉི་མཚོ་དགོན་པ་རུ་བཅོ་རོགས།
རྒན་ལྷ་མོ་སྐྱབས་ལགས་ཀྱི་དགོངས་ཚུལ་ལ་བརྩི་བཀུར་ཡོད། ཉིད་ཀྱི་ཁ་སང་དེ་རིང་གི་བསམ་ཚུལ་ཕལ་ཆེ་བར་མོས་མཐུན་ཡོད། ཡིན་ཡང་། ངའི་བསམ་ཚུལ་འདི་ལ་བཏགས་པའི་བསམ་ཚུལ་དེར་འཐད་པ་མེད།
ཉིད་ཀྱི་མཆན་དེའི་ནང་སྙིང་ལྟ་བུ་དེ། ༼ད་ལྟ་ལྷག་པར་དུ་ཡིད་བཞིན་ནོར་བུས་སའརིད་འགན་བཞེས་མེད་སྟབས་བཀའ་ཕེབས་ཅི་ལ་འོས།༽ཅེས་པ་འདི་རེད།
རྒན་ལགས་ཀྱིས་བསྐྱར་དུ་ཐུགས་བསམ་བཞེས་དང་། ཁོང་གི་ཚབ་ཐུབ་མཁན་མེད་པར་བཤད་མཁན་ཡང་ང་ཚོ་རེད། ཁོང་རིགས་ཀྱིས་ཀྱང་། ངོས་ཟུར་ནས་ལ་འདུག དགོས་གལ་ལ་ཐུག་ན་ངོས་ཀྱིས་གཅིག་བྱས་ན་ཕན་ཐོགས་གི་རེད་ཅེས་གསུངས་ཡོད་པ་རེད། དེ་བས། གལ་སྲིད་ལས་འགུལ་འདི་ངེས་པར་དུ་དེ་རིང་ནས་གནས་སྐབས་རིང་མཚམས་འཇོག་དགོས་པ་འདྲ་ཞིག་བྱུང་ན། ཁོང་མ་གཏོགས་ང་ཚོས་སུ་ལ་སྐྱབས་འཇུག་ཞུ།
ངའི་དཔྱད་ཐུང་དེའི་ནང་གི་བསྟན་དོན་ནི་ལས་འགུལ་མཚམས་འཇོག་གི་ཐད་ཁ་ཚ་དགོས་གཏུགས་ཀྱི་གསུང་འཕྲིན་སྩོལ་རྒྱུ་དེ་མིན། ད་ནི་༼སྐྱིད་སྡུག་མཉམ་མྱོང་༽གི་ཕྱོགས་སུ་བློ་རྩེ་གཏོད་རྒྱུ་དེ་ཡིན། གལ་སྲིད་དེ་མི་ཡོང་ན། མ་མཐར་ཡང་། ཀིརྟི་དགོན་པ་དང་དཀར་མཛེས་རྟའུ་དགོན་པ་དང་། དེ གཉིས་ཀྱི་ལྷ་སྡེ་མི་སྡེ་ལ་ཡང་གསུང་འཕྲིན་གལ་ཆེན་དང་དམིགས་བསལ་ཞིག་ཕེབས རྒྱུ་དེ་ཡིན།
རྒན་ལྷ་མོ་སྐྱབས་ལགས་ཀྱི་དགོངས་ཚུལ་ལ་བརྩི་བཀུར་ཡོད། ཉིད་ཀྱི་ཁ་སང་དེ་རིང་གི་བསམ་ཚུལ་ཕལ་ཆེ་བར་མོས་མཐུན་ཡོད། ཡིན་ཡང་། ངའི་བསམ་ཚུལ་འདི་ལ་བཏགས་པའི་བསམ་ཚུལ་དེར་འཐད་པ་མེད།
ཉིད་ཀྱི་མཆན་དེའི་ནང་སྙིང་ལྟ་བུ་དེ། ༼ད་ལྟ་ལྷག་པར་དུ་ཡིད་བཞིན་ནོར་བུས་སའརིད་འགན་བཞེས་མེད་སྟབས་བཀའ་ཕེབས་ཅི་ལ་འོས།༽ཅེས་པ་འདི་རེད།
རྒན་ལགས་ཀྱིས་བསྐྱར་དུ་ཐུགས་བསམ་བཞེས་དང་། ཁོང་གི་ཚབ་ཐུབ་མཁན་མེད་པར་བཤད་མཁན་ཡང་ང་ཚོ་རེད། ཁོང་རིགས་ཀྱིས་ཀྱང་། ངོས་ཟུར་ནས་ལ་འདུག དགོས་གལ་ལ་ཐུག་ན་ངོས་ཀྱིས་གཅིག་བྱས་ན་ཕན་ཐོགས་གི་རེད་ཅེས་གསུངས་ཡོད་པ་རེད། དེ་བས། གལ་སྲིད་ལས་འགུལ་འདི་ངེས་པར་དུ་དེ་རིང་ནས་གནས་སྐབས་རིང་མཚམས་འཇོག་དགོས་པ་འདྲ་ཞིག་བྱུང་ན། ཁོང་མ་གཏོགས་ང་ཚོས་སུ་ལ་སྐྱབས་འཇུག་ཞུ།
ངའི་དཔྱད་ཐུང་དེའི་ནང་གི་བསྟན་དོན་ནི་ལས་འགུལ་མཚམས་འཇོག་གི་ཐད་ཁ་ཚ་དགོས་གཏུགས་ཀྱི་གསུང་འཕྲིན་སྩོལ་རྒྱུ་དེ་མིན། ད་ནི་༼སྐྱིད་སྡུག་མཉམ་མྱོང་༽གི་ཕྱོགས་སུ་བློ་རྩེ་གཏོད་རྒྱུ་དེ་ཡིན། གལ་སྲིད་དེ་མི་ཡོང་ན། མ་མཐར་ཡང་། ཀིརྟི་དགོན་པ་དང་དཀར་མཛེས་རྟའུ་དགོན་པ་དང་། དེ གཉིས་ཀྱི་ལྷ་སྡེ་མི་སྡེ་ལ་ཡང་གསུང་འཕྲིན་གལ་ཆེན་དང་དམིགས་བསལ་ཞིག་ཕེབས རྒྱུ་དེ་ཡིན།
གསར་བརྗེ་སྐྱབས་ལགས་ཕེབས་པ་ཤིན་ཏུ་ལེགས།
ཉིད་ཀྱི་བསམ་ཚུལ་དེ་ཚོ་གནད་ལ་འཁེལ་སོང་། དོན་ཚན་དེ་དག་ཚང་མ་ངས་ནི། མགོ་རྙོག་དང་འཁྲུལ་སྣང་གི་ངོ་བོར་ཕྱིན་པའི་རྐྱེན་དང་། འགལ་འདུ་རྙོག་འཛིང་གི་རིགས་དེ་མུ་མཐུད་ནས་ཡོད་སྟབས་ད་ནི་རིག་པ་ཇེ་དྭངས་ལ་འགྲོ་དགོས་པར་འདོད་པ་ཡིན།
ཡང་མིན་ན། མཉམ་ཤི་མཉམ་གསོན་དང་། དེ་མིན་ན་སུ་ཡང འོབ་དོང་ལ་མི་གཡུག་རྒྱུ་དེ་ཡིན། ངས་ནི་མགོ་རྙོག་དང་འཁྲུལ་སྣང་གཉིས་ཀ་མུ་མཐུད་ནས་ཤུགས་ཆེན་པོར་བསྡད་ཡོད་པར་འདོད། དཔེར་ན། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཕལ་ཆེ་བ་དང་། བྱེས་གྱར་རམ་ཕྱི་སྡོད་བོད་མིའི་ཁྲོད་ན་རང་ལུས་མེར སྲེག་མཁན་ཕར་ཞོག ཐ་ན། ཟས་བཅད་ངོ་རྒོལ་ཡང་མཐར་སྐྱེལ་མཁན་དཀོན་པོ་རེད། འདི་མུར་ཕྱིན་ན། ཀིརྟི་དགོན་པའི་དགེ་འདུན་པ་ཚོ་མེ་རུ་སྒྲོན་ནས་ཚར་རྒྱུ་དང་། དེའི་རྗེས་ནས་བོད་པ་ཚོའི་ཚོང་ལས་དང་སྤྲོ་སྐྱིད་སྔར་བཞིན་མགོ་འཛུགས་གི་རེད།
ད་ཕྱིན་འདིའི་རིགས་འགོག་ཕྱིར་བོད་རིགས་ཡོད་དོ་ཅོག ཡང་ན་ཡ་ཡུད་དང་དེ་མིན་ཁ་རོག་བསྡད་ན་༼Go big or stay in bed༽ དགེ་མཚན་ཆེ་བར་འདོད།
མི་ལོ་ ༦༠ འཐབ་རྩོད་ཀྱི་ཉམས་མྱོང་ལས་ད་ནི་གཉིད་སད་ན་ཡག་གི་རེད།
ལུང་རིགས་ལགས། ངར་ལྕགས་ཚ་ཐོག་ན་ཡོད་དུས་བརྡུངས་ན་འབིག་བཟོས་ཀྱང་ཆོག མདུང་བཟོ་ཡང་རུང་། དེའི་ཕྱིར་གནས་སྐབས་འདིར་གསུང་འཕྲིན་རིན་པོ་ཆེ་བསྩལ་ཀྱང་མ་བསྩལ་རུང་། བོད་མའི་འཐབ་རྩོད་ཀྱི་རིམ་པ་འདི་ནམ་ཡིན་རུང་རྒྱུན་འཁྱོལ་དགོས་བ་ཞིག་རེད་འདོད། དེ་ཡང་གསར་བརྗེ་སྐྱབས་ལགས་ཀྱིས་གསུང་བ་ལྟར། ལན་མང་དང་བསྐྱར་མང་ལ་ལས་འགུལ་དང་དམ་བཅའ་བཞག་ཁུལ་བྱས་མོད། རེ་རེ་བཞིན་མཐར་ཐུག མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས། ༧རྒྱལ་བ་མཆོག་གི་དགོངས་གཞི་དང་མི་མཐུན་པའི་ལྟ་ཚུལ་གཙོ་བཟུང་ཐོག འབོད་སྐུལ་བྱས། དྲིལ་བསྒྲགས་བྱས་བའི་དབང་གིས་སྐྱུར་བཞག་བའམ་ལྷག་སོང་བའི་འཐབ་རྩོད་རིམ་པ་ཞིག་ཀྱང་ཡོད་བ་རེད། ཕྱོགས་གཞན་ནས་བསམ་ན་ད་ལྟ་༧གོང་ས་མཆོག་གི་སྲིད་འགན་མཚམས་བཞག་ཡོད་སྟབས། སྤྱི་དོན་ཐད་བོད་མི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ཁམས་དང་མོས་བ་ལྟར་འཐབ་རྩོད་གང་ཡང་བྱེད་རུང་བ་སྟེ། འཐབ་རྩོད་གང་བྱས་བའི་མཇུག་འབྲས་ལོ་རྒྱུས་ཁོ་ནས་བདེན་དབང་བྱེད་འོས་བ་རེད་སྙམ། མདོ་དོན་་་་རང་ངོས་ན་ཛ་དྲགས་ཆགས་ཡོད་པའི་སྐབས་འདིར་མཁོ་ངོ་མ་ནི། བཀའ་སྤྱི་ལྷན་རྒྱས་ཀྱི་གྲགས་འགུལ་སྟེང་ན་རྙེད་རྒྱུ་འདྲ་མེད་དམ།
འགྱུར་མེད་བསྟན་འཛིན་ལགས་ཀྱི་རྒྱབ་སྐྱོར་དང་། ཁྱེད་ཀྱིས་བཀའ་ཁྲིར་བཟུང་བའི་རེ་བ་དེ་དོན་སྨིན་ཡོང་བའི་རེ་བ་ང་ལ་ཡང་ཡོད།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དྲི་བ་དེའི་ལན་འཚོལ་རོགས། གསུང་འཕྲིན་གང་འདྲ་ཞིག་དགོས་པ་རེད། ག་དུས་ཕེབས་དགོས་པ་རེད། མ་གཞི་ནས་ཕེབས་དགོས་ཀྱི་འདུག་གམ།
ཡིད་བཞིན་ནོར་བུས་དེ་སྔ་ཞིག་ནས་དྲག་པོའམ་འཚེ་བའི་ལས་ལ་མ་ཞུགས་ཞེས་ཐེངས་མང་གསུངས་ཡོད་པ་རེད། ཐ་ན་མ་ཤི་བར་དུ་ཟས་བཅད་ངོ་རྒིལ་རིགས་ཀྱང་མཚམས་མི་འོས་ཚུལ་གསུངས་ཡོད་པ་རེད། དེས་ན་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་ཡིད་བཞིན་ནོར་བུས་ཐུགས་ལ་ཅི་འདྲ་ཞིག་ཡིན་མིན་གསལ་རྟོགས་ཐུབ་པ་ཞིག་རེད།
ད་ལྟ་ལྷག་པར་ཡིད་བཞིན་ནོར་བུས་སྲིད་འགན་བཞེས་མེད་པས་བཀའ་འབེབས་ཅི་ལ་འོས། ད་ནི་བོད་མི་རང་ཉིད་ཀྱིས་རང་དོན་ཇི་ལྟར་སྒྲུབ་འོས་ཐག་གཅོད་པའི་དུས་ཤིག་རེད། ཡིད་བཞིན་ནོར་བུའི་ལམ་སྟོན་སྔར་ལས་གསར་བ་ཞིག་ཡོད་མི་སྲིད།
འཆི་ན་ཡང་རང་དབང་རེད། འཐབ་ན་ཡང་རང་དབང་རེད། ཅི་ཡང་མི་བྱེད་ན་ཡང་རང་དབང་རེད།
སུས་སུ་ལ་ལེ་བདའ་བྱེད། བརྩི་ན་ཡིད་བཞིན་ནོར་བུ་དང་གཞུང་བརྩི་དགོས། མ་བརྩིས་ན་དོན་དག་ཁ་ཁ་་རེད། བོད་ནང་ལ་སུས་ཞིག་གིས་ཀྱང་དྲག་པོ་དང་རང་ལུས་མཆོད་སྦྱིན་གཏོང་དགོས་ཚུལ་གྱི་འབོད་སྐུལ་ཞུས་ཡོད་མ་རེད། འདི་དག་དང་བླངས་རེད། དེ་བས་རླབས་ཆེན་དང་གཟི་བརྗིད་རེད། ང་ཚོ་ཁོང་ཚོའི་ཚེ་སྲོག་ལ་ཕངས་གིན་ཡོད་པ་མ་གཏོགས་་་གཞན་ཅི་ཡང་མ་རེད། ནོར་ཡོད་ན་དགོངས་དག
ད་རེབ་སྐུ་ཞབས་མི་ནག་ལགས་ཀྱི་སེམས་ཁྲལ་དེ་དགོས་མེད་ཅིག་རེད། རྒྱ་ནག་གིས་རྒྱུན་ལྡན་ནས་ཆབ་སྲིད་དེ་འདྲ་ཞིག་ཁྲབ་ཀྱི་ཡོད་པ་དེ་འཛམ་གླིང་ཡོངས་གྲགས་རེད། དེར་དྲང་བདེན་གྱི་རྒྱལ་སྤྱིའི་གླེང་སྟེགས་ཐོག་སུ་ཞིག་གིས་ཆ་འཇོག་བྱེད་མཁན་མེད།
གལ་སྲིད་རྒྱ་ནག་གིས་བཤད་པ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད་ན། བོད་པ་ཚོ་སྔ་ས་ནས་འཛམ་གླིག་གི་དྲག་སྤྱོད་པའི་ཐོ་གཞུང་དུ་རྫངས་ཚར་བ་རེད། དེར་སེམས་ཁྲལ་མི་དགོས། འོན་ཀྱང་ང་ཚོའི་ལས་འགུལ་འདི་ཨ་རབ་ཀྱི་ཁ་ཆེ་བའི་ལས་འགུལ་གྱི་ཟུར་དུ་ཡང་སླེབས་ཀྱི་མི་འདུག དེ་ནི་ནུས་ཤུགས་ཀྱི་གོང་བུ་གཅིག་སྒྲིལ་མེད་པ་དེ་རེད། མཚམས་འདིར་ང་ཚོས་ཕྱིར་འདང་མི་རྒྱག་ཐབས་མེད་རེད།
ལས་འགུལ་ཁག་དོན་འཁྱོལ་དང་རྒྱུན་འཁྱོངས་མི་ཡོང་བར་རང་སྐྱོན་འགའ་ཡོད།
༡༽ ལས་འགུལ་སྤེལ་སྐབས་དེ་ལ་ཞི་དྲག་གི་དབྱེ་བ་བགར་ནས་འགོག་རྐྱེན་བཟོས་ཡོད། ཆུ་བཞི་སྒང་དྲུག་གིས་དྲག་པོས་གཡུལ་ཐབས་ནས་གློ་སྨོན་ཐང་གི་སྒྲིག་འཛུགས། གཞོན་ནུའི་བོད་ནང་ཞི་བའི་གོམ་བགྲོད། མ་ཤི་བར་གྱི་ཟས་བཅད་ངོ་རྒོལ། བོད་ནང་བྱུང་བའི་ངོ་རྒོལ་ཁག་བཅས་ལ་བསྟུན་མར་འགོག་རྐྱེན་འདི་རིགས་འཕྲད་ཡོད།
༢༽བོད་ནང་དང་ཕྱི་རོལ་ནས་བྱས་པའི་ངོ་རྒོལ་ཁག་གཞུང་དང་རྒྱལ་བའི་དགོངས་གཞི་དང་མི་མཐུན་པའམ། སྲིད་བྱུས་དང་དགོངས་གཞི་ལ་རྒྱབ་འགལ་ཡིན་པའི་དྲིལ་སྒྲོག་དང་འབྲེལ། ཕྱིར་འཐེན་དང་མཚམས་འཇོག་དགོས་པའི་འབོད་སྐུལ་ནི་ག་དུས་ཡིན་ནའང་ཕེབས་ཆོག་ཆོག་ཏུ་ཡོད། མཚམས་ལ་ལར་བཀའ་རྒྱའི་བཙན་སྐུལ་གྱི་ངོ་བའི་ཐོག་ནས་ཕེབས་མྱོང་ཡོད།
༣༽ལས་འགུལ་དང་གནད་དོན་གང་ཡིན་ཡང་ཛ་དྲག་གི་ངོ་བོར་འཕོས་སྐབས། ཚང་མས་བསམ་བློ་གཏོང་ས་འཐབ་རྩོད་ཀྱི་ངོ་བོ་མིན་པར། མི་རིགས་དང་རིག་གཞུང་། ཆོས་ལུགས། དེ་ལས་ཀྱང་དབུ་ཁྲིད་ཀྱི་མཚན་སྙན་སོགས་བྱས་ནས་མཚམས་འཇོག་བྱེད་འཇུག་པའམ། ཡང་ན་རང་འགུལ་ཐོག་མཚམས་འཇོག་བྱེད་ཀི་ཡོད།
༤༽ རང་ལུས་མེར་སྲེག་གི་འཐབ་རྩོད་ལས་འགུལ་འདི་ལྟ་བུ་ཡིན་ནའང་། ལྟ་གྲུབ་དང་རིག་པ་བསྡུར་ནས་འདི་འཚེ་བ་ཡིན་མིན། འདི་ནང་བའི་ལྟ་སྤྱོད་ཡིན་མིན་རྩོད་གླེང་བྱ་རྒྱ་གཙོ་འདོན་བྱེད་པ་ལས། ལས་འགུལ་བ་ཚོས་དམར་པོ་ཚེ་སྲོག་ཡན་དོར་ནས་མཐའ་མཇུག་གི་རྒོལ་འཛིང་བྱེད་བཞིན་པའི་༼འཐབ་རྩོད་༽ཅིག་གི་ངོ་བོ་སྒོ་ནས་ནམ་ཡང་ཐུགས་བསམ་བཞེས་མྱོང་མེད།
༥༽མི་ནག་ཚང་གི་གསུང་འཕྲིན་ཕེབས་ན་ལེགས་པའི་དགོངས་ཚུལ་ཡང་། བསམ་བློ་དང་ཁོར་ཡུག་གི་རྒྱབ་ལྗོངས་འདི་འདྲ་ཞིག་གི་འོག་ནས་ཡོང་བ་ཡིན།
ལུང་རིགས་རྒྱལ་གྱི་བསམ་ཚུལ་ལ་ཧ་ཅང་མོས་མཐུན་ཡོད།
བོད་ནང་གི་མི་འདི་ཚོས་ཚེ་སྲོག་འཕྲོགས་བརླགས་མི་འགྲོ་བའི་ཐབས་ཤེས་ཤིག་ཡོད་ན་བྱ་རོགས་གྱིས་སྔ་མོ་ནང་གང་ས་གང་དུ་ཞུས་ཡོད།
ད་བཀའ་ཁྲི་བློ་ཟེང་གིས་བོད་ནང་གི་མི་འདི་ཚོའི་ཚེ་སྲོག་འཕྲོགས་བརླགས་མི་འགྲི་བའི་ཐབས་ཤེས་ཤིག་བྱ་བའི་ནུས་པ་འདོན་ཐུབ་བམ།
༧གོང་ས་མཆོག་ནས་གསུང་འཕྲིན་ཕེབས་ན་རིན་ཐང་ལྡན་པ་དང་ཆོས་ཀྱི་དབུ་ཁྲིད་ཡིན་པས་བྱེད་འོས་པ་ཞིག་ཡིན་ནའང་། རྒྱུ་མཚན་ཅི་ཞིག་གི་ཆེད་དུ་མཚམས་འཇོག་དགོས་པར་གྲོས་ཁ་བསྡུར་ན། བསྟན་པའི་ཆེད་དུ་ཡིན་ལ། གཞན་དོན་ཀྱང་ཡིན་པ། ལྷག་པར་ཏུ་༧གོང་ས་མཆོག་ལ་དད་དམ་རྩེ་གཅིག་གིས་ཡིན་པས་ཀྱང་ཁོང་ཚོ་དག་གི་བློ་ཐག་ཆོད་པོ་དེས་འདས་མ་ད་གསུམ་ལ་བོད་བསྟན་སྲིད་ཀྱི་རྩ་བ་ཁུར་ཞིང་དར་ཆ་འཕྱར་ནས་ཡོད་སྟབས། ང་ཚོས་འདི་ནས་རྒྱུ་མཚན་ཅི་ཞིག་བཀོད་དགོས་རྒྱུ་རེད་དམ། ཡང་ན་གཅེས་པའི་ལུས་སྲོག་དེ་དག་ལ་ཕངས་སེམས་ཆེན་པོ་རུས་པ་འདར་པ་ཞིག་ཡོད་པ་དེ་ཁོ་ན་བཤད་དགོས་སམ། དེས་ཁོག་གི་རེད་དམ་མ་རེད། གསུང་འཕྲིན་ལ་བསམ་བློ་གཏོང་དགོས་ཀྱི་འདུག ངས་བསམས་ན་བསམ་བློ་འདི་ཁ་སང་ནས་འཁོར་ཡོད་ཀྱི་རེད་བསམས། འོན་ཀྱང་ད་དུང་མ་ཕེབས་པའང་རྒྱུ་མཚན་ཞིག་ལོས་ཡོད་བསམས།
སྐུ་མདུན་གྱིས་གསུང་འཕྲིན་ཅིག་བསྩལ་ན་ཕན་ཐོགས་དང་དགེ་བ་རྒྱུ་མཚན་ཆེ་ཁར། ཁོང་ཉིད་ཞི་བདེ་དང་ཆོས་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡིན་སྟབས། འདི་ལྟའི་གནས་སྐབས་ལ་གསུང་འཕྲིན་སྩོལ་འོས་པ་དང་དགོས་པ་ཞིག་རེད། དེ་ལ་ཕྱོགས་གང་ཐད་ནས་དགེ་ཕན་ཆེ་བར་འདོད།
གསུང་འཕྲིན་ཞིག་ཕེབས་དགོས་པའི་དབང་དུ་བཏང་ན། མཆོད་མེར་སྒྲོན་པར་ངོས་འཛིན་ཞིག་གནང་དགོས་ཀྱི་ཡོད་པ་རེད། བཀའ་བཏང་ནས་མཚམས་ཞོག་ཅེས་ན་དེའང་གོ་བ་ལོག་པར་འགྱུར་རྒྱུ་རེད། དེ་བས་གསུང་འཕྲིན་ཞིག་དགོས་ན་བཀའ་ཤག་ནས་དུས་དང་འཇིག་རྟེན་གཉིས་ཀ་མཐུན་པ་ཞིག་གནང་དགོས་ཀྱི་རེད། མ་ཟད། བཀའ་ཤག་གིས་མཆོད་མེར་སྒྲོན་མཁན་ཚོར་རྗེས་དྲན་ཁང་དམིགས་བསལ་ཞིག་ཛ་དྲག་ངང་རྒྱག་དགོས་ཀྱི་རེད།
རྣམ་པ་ཚོ་དངོས་གནས་མགྱོགས་སེ་བྱུང་། ན་ནིང་རྒྱ་གཞུང་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་གཉིས་ཀྱི་མགོ་ལ་ཞྭ་གཡོག་རྩིས་བྱས་སོང་། དེ་དུས་ངས་རྒྱ་གཞུང་གི་གཡོ་བྱུས་དེ་ཚོ་ག་ལེར་དགོན་པ་འདིའི་མགོར་ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱས། ད་ལྟའི་ཆར་ལྷག་པར་དུ་སེམས་ཁྲལ་དེ་འདྲ་ཞིག་འདུག
རྒྱལ་སྤྱིས་བོད་དོན་ལ་ལྟ་སྟངས་སྤྱིར་བཏང་བ་ཞེས་པ་འདི་སྐད་ཆ་ཚད་ལྡན་ཞིག་རེད། དེས་ཤུགས་རྐྱེན་གྱིས་བོད་དབུ་ཁྲིད་ལས་སྣེ་དག་ཀྱང་སྤྱིར་བཏང་དུ་སྣང་ནས། ཕྱོགས་གཅིག་ནས་ད་ལོར་བཀའ་ཁྲིར་འཚིང་ཁ་བརྒྱབས་པ་རེད། ངས་བློ་བཟང་སེང་གེ་དེ་ལྟར་མིན་པའི་རེ་བ་རྒྱབ་ཡོད། སང་ཉིན་ངས་ཁོང་ལ་ཉན་གི་ཡིན། དེ་ནས་ཁོ་ཐག་ཅིག་ཆོད་འགྲོ་ཡི་རེད་ལ། ཐག་རིང་ས་ཞིག་ང་ཚོ་ཚང་མས་མཐོང་ཐུབ་ཀི་རེད།
རྒན་ལགས་ཀྱིས་དེང་སང་བཀའ་མོལ་ཚང་མ་ཞེ་དྲག་མགྱོགས་པོ་གསུངས་ཀྱིན་འདུག
སང་ཉིན་སྔ་དྲོ་ཆུ་ཚོད ༡༡ ལ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་ཡོད་པ་རེད། དེར་ཅིག་ལྟ་རྒྱུ་རེ་ལོས་ཡོད་བསམས།
གཉིས་ནས་ཡུལ་ལུང་ལ་ལ་འདི་མུར་སྤྱིར་བཏང་ངང་བཞག་ཚེ། མི་རྒྱུ་རྩ་དོན་དང་བཅས་པའི་གྲུབ་འབྲས་ལྟ་དགོས་སྟབས། ཛ་དྲག་པོ་ཞིག་གི་སྐབས་སུ་ཐག་གཅོད་རིན་ཐང་ཅན་ཞིག་ཀླད་པར་འཁོར་རྒྱུའང་དཀའ་བས། ད་བར་ཚད་ཐུབ་ཅིག་མ་དྲན་པ་ཁེག་མེད་འདོད་ཀི།
གསུང་འཕྲིན་དེའང་ཕེབས་དགོས་དབང་དུ་བཏང་ན། ཆོས་པའི་སྐད་ཆའང་མིན་པ། འཚེ་བའི་སྐད་ཆའང་མིན་པ་ཞིག་དགོས་སྟབས་དེའང་དཀའ་ལས་ཁག་པོ་ཞིག་ལོས་ཡིན།
འོན་ཀྱང་གོང་དུ་བཤད་པ་ལྟར། དགོན་པ་གྲོང་ཚོའི་དོན་དག་ཅིག་ཏུ་མ་བསྒྱུར་གོང་བཤད་རྒྱུ་དང་ལས་རྒྱུ་གང་ཡོད་འདོན་དགོས་བ་རེད།
ཡིད་ལ་འཐད་དོ།
དགོན་སྡེ་བྱེ་བྲག་པ་ཞིག་གི་གནད་དོན་ལ་ཇི་ལྟར་སྒྱུར་རྩིས་བྱས་ན་ཡང་སྒྱུར་ཐབས་མེད། དཔེ་མཚོན་ད་བར་ལ་བོད་ཀྱི་ས་ཁུལ་མང་པོ་ནས་ངོ་རྒོལ་རབས་དང་རིམ་པར་བྱས་པའི་དངོས་བྱུང་ལོ་རྒྱུས་ཡོད། ལྷག་པར་དུ་༢༠༠༨་གཅིག་པུས་ད་གཅིག་གོ་ཀུན་ཆོད་རང་ཡིན་པ། ཡིན་ན་ཡང་རང་གིས་གནད་དོན་འདི་ཐད་ལ་སེམས་ཁྲལ་གནང་བ་དེ་ཡང་སེམས་ཁྲལ་རིགས་ཤིག་ཅི་ལ་མིན།
རྒྱུན་ལྡན་མིན་པ་འཛམ་གླིང་ཡོངས་ལ་གསལ། དམག་མིས་དམ་བསྒྲགས་ཤིག་ལྷོད་ན་ད་ཡང་གསལ་བོ་ཧ་གོ་གི་རེད་ཡ་་་