ཁྲིན་ཧོང་ཞིན་གྱིས་བརྩམས། ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
དོན་རྐྱེན་ལ་ཕྱི་མིག་ལྟ་བ།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ནས་བཟུང་། རྒྱ་ནག་གི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་ནས་སྔ་རྗེས་སུ་བོད་ཀྱི་དགེ་འདུན་པ་ ༡༡ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་ངོ་རྒོལ་བྱས་འདུག དེའི་ཁྲོད་དུ་དགེ་འདུན་པ་ ༩ དང་བཙུན་མ་ ༢ འདུས་ཡོད་པ་དང་། ད་ལྟའི་ཆར་ཉུང་མཐར་ ༦ ལྷག་གྲོངས་ཡོད་ལ། དེའི་ནང་དུ་བཙུན་མ་ ༢ འདུས་ཡོད། གཞན་ ༦ ལྷག་གར་སོང་ཆ་མེད་དུ་གྱུར་འདུག དགེ་འདུན་པ་ ༩ ཁྲོད་ནས་ ༦ སྐད་གྲགས་ཆེ་ཅན་གྱི་རྔ་པའི་དགེ་ལུགས་པའི་ཀིརྟི་དགོན་ནས་རེད། དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་སྐབས། “ང་ཚོར་ཆོས་དད་རང་དབང་དགོས། ” “ཏཱ་ལའི་བླ་མ་བོད་ལ་ཕེབས་དགོས། ” “ཏཱ་ལའི་བླ་མ་ཁྲི་ལོར་བརྟན་པར་ཤོག ” “བོད་ལ་རང་དབང་དགོས་པ་དང་རྒྱལ་ཁབ་སླར་གསོ་བྱེད་དགོས”སོགས་ཀྱི་འབོད་ཚིག་བསྐྱོར་འདུག
རྒྱལ་ཕྱི་རྒྱལ་ནང་དུ་དོ་སྣང་ཤུགས་ཆེན་བསླེབས་པ།
བོད་མིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བསྟུད་མར་སྤེལ་བས། རྒྱལ་ཁབ་ཕྱི་ནང་དུ་དོ་སྣང་ཤུགས་ཆེན་སླེབས་ཡོད། ཕྱི་རྒྱལ་དུ་ཡོད་པའི་བོད་མིས་རྒྱབ་བསྐྱོར་ལས་འགུལ་ཆེན་པོ་སྤེལ་ཡོད་ལ། བཙན་བྱོལ་བོད་གཞུང་གི་བསྟི་གནས་ངྷ་རམ་སཱ་ལ་ནས་མི་གྲངས་སྟོང་ཕྲག་མང་བོས་ཕྱི་ཟླ་ ༡༠ ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་ཏཱ་ལའི་བླ་མ་དབུ་བཞུགས་ཐོག་ཞལ་འདོན་བསྐྱོར་བ་དང་སྨྱུང་གནས་སྲུང་བ། འདས་པོར་བསྔོ་སྨོན་མཆོད་འབུལ་གནང་འདུག
ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་དང་རྔ་པ་ནས་ཡིན་པའི་བོད་མི་རྣམས་ཀྱིས་ཀྱང་ཞལ་འདོན་བསྐྱོར་བ་དང་སྨྱུང་གནས་སྲུང་བ་བཅས་ཀྱི་ལམ་ནས་གདུང་སེམས་མཉམ་སྐྱེད་གནང་བཞིན་པ་དང་། བཙན་བྱོལ་བོད་གཞུང་གི་སྲིད་བློན་བློ་བཟང་སེངྒེ་ལགས་ཀྱིས་ཨ་རིའི་གཞུང་ལ་སི་ཁྲོན་བོད་ཁུལ་དུ་བསྟུད་མར་བྱུང་བཞིན་པའི་རང་ཉིད་མེར་བསྲེགས་ཀྱི་དོན་རྐྱེན་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དགོས་པའི་འབོད་བསྐུལ་གནང་ཡོད་པའི་ཁར། དེ་དང་མཉམ་དུ་བཙན་བྱོལ་བོད་གཞུང་གིས་དགོས་འདུན་དྲུག་བཏོན་འདུག
དེ་དག་ནི་ད་ལྟ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། བོད་ནང་དམ་དྲག་མཚམས་འཇོག་བྱ་རྒྱུ་དང་སྨྲ་བརྗོད་རང་དབང་སྤྲོད་རྒྱུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་ཇུས་བསྐྱར་ཞིབ་གནང་རྒྱུ་དང་། བོད་མིའི་བསམ་འདུན་དང་མཐུན་པ་དང་སྤྱི་ཚོགས་ཞི་མཐུན་ལ་བསྐུལ་ཐུབ་པའི་སྲིད་ཇུས་གསར་བ་ཞིག་གཏན་འབེབས་གནང་རྒྱུ། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ་རྣམས་ལ་བོད་ནང་དང་སྒོས་སུ་ཀིརྟི་དགོན་གྱི་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་སྐུ་ཚབ་འཕྲལ་མར་གཏོང་བར་འབོད་སྐུལ་བཅས་རེད།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཁྲའོ་ཉིས(Mark Toner) ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༨ཉིན་གྱི་གསར་འགོད་པར་ལན་འདེབས་ཚོགས་ཐོག་ཏུ་བསྟན་དོན། “ང་ཚོས་བོད་ཀྱི་དགེ་འདུན་པས་རང་ཉིད་མེར་བསྲེགས་གཏོང་བཞིན་པར་དོ་སྣང་བྱེད་ཀྱི་ཡོད་ལ། ཀྲུང་གོའི་བོད་རིགས་རྣམས་ལ་ཁོང་ཁྲོ་བསྟུད་མར་ཡོང་བཞིན་པའི་གཏིང་རིམ་ལ་དཔག་ན། རྒྱ་ནག་རྒྱལ་ཁབ་དང་དབུ་ཁྲིད་པས་བོད་མིའི་ཁེ་དབང་ལ་བརྩི་བཀུར་གྱིས་བོད་ཁུལ་ཁག་ཅིག་ལ་སྤེལ་བཞིན་པའི་སྲིད་ཇུས་ཀྱི་འགལ་ཆར་བསྐྱར་བཅོས་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་སྲུང་སྐྱོབ་བྱེད་དགོས།” གཞན་འཇར་མན་ཕྱི་འབྲེལ་ལས་ཁུངས་ནས་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་འབོད་བསྐུལ་དྲག་པོ་གནང་དོན། “རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འགྱུར་བ་བཏང་ནས་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་གཏོང་འོས། ”
ཕྱི་རྒྱལ་དུ་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་མཁན་གྱི་རྒྱ་ནག་གི་ཤེས་ཡོན་པ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་ ༢༠༠ ལྷག་གིས་མིང་རྟགས་བཀོད་པའི“ང་ཚོས་བོད་ཀྱི་གནས་སྟངས་ལ་གསལ་བསྒྲགས་དང་འབོད་བསྐུལ”ཨ་རིའི་སྲིད་འཛིན་ཨོ་བྷ་མའི་མཚན་ཐོག་ལ་ཕུལ་ནས་ཧ་ཝེ་ཡེ(Hawaii)ནས་བསྐོང་བཞིན་པའི་འཛམ་གླིང་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུའི་སྟེང་ནས་རྒྱ་ནག་གི་གཙོ་འཛིན་ཧུའུ་ཅིན་ཐོ་ལ་བོད་ཀྱི་དགེ་འདུན་པ་དང་བཙུན་མ་མེར་བསྲེགས་ལས་འཕྲོས་པའི་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་ནས་བསྐུལ་འདེད་གནང་དགོས་པའི་འབོད་བསྐུལ་གནང་ཡོད། ད་དུང་དམངས་གཙོའི་ལས་འགུལ་གྱི་ཚོགས་པ་ཁག་གིས་ཀྱང་འབོད་བསྐུལ་ཞུས་འདུག་ལ། དཔེར་ན་ཨ་རིར་ཡོད་པའི་རྒྱ་ནག་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་རྒྱུན་ཨུ་སོགས་ཀྱིས་ཀྱང་བོད་མིར་རྒྱབ་སྐྱོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོ་སྣང་གིས་རྒྱ་ནག་གཞུང་གིས་ད་ལྟ་གྲངས་ཉུང་མི་རིགས་ཐོག་སྤེལ་བཞིན་པའི་སྲ་མཁྲེགས་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་བོད་ནང་གི་བོད་མིའི་འདོད་བློ་དང་འཚམ་ཞིང་། སྤྱི་ཚོགས་དངོས་གནས་ཞི་མཐུན་ལ་བསྐུལ་ཐུབ་པའི་སྲིད་ཇུས་གསར་བ་ཞིག་གཏན་འབེབས་ཡོང་བར་འབོད་བསྐུལ་བྱས་འདུག
ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་རྒྱ་ནག་གཞུང་ལ་ཛ་དྲག་གི་སྐྱོན་བརྗོད་དང་འབོད་བསྐུལ་གནང་ཡོད་པས། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་ཐེངས་དུ་མར་དགེ་འདུན་པས་རང་ཉིད་མེར་བསྲེགས་གཏོང་བ་ནི“ལྐོག་ལ་སྦས་པའི་དྲག་སྤྱོད་རིང་ལུགས་པ”ཡིན་ཞེས་བརྗོད་ཡོད་པར་མ་ཟད། ཏཱ་ལའི་བླ་མས་ཡག་བསྒྱུར་གྱིས་བསྐུལ་མ་བྱས་པ་ཞིག་དང་། བོད་རང་བཙན་དྲིལ་བསྒྲགས་བྱས་པའི་མཇུག་འབྲས་ཡིན་པས། རང་ཉིད་མེར་བསྲེགས་དོན་རྐྱེན་གྱིས་རྒྱ་དམར་སྲིད་དབང་བཙོག་བསྒྱུར་བྱེད་ཀྱི་ཡོད་ཚུལ་ལབ་བཞིན་ཡོད།
གནས་ཚུལ་ཡོང་ཁུངས་ལྟར་ན། རྒྱ་ནག་གཞུང་གིས“བྱ་བའི་ཚན་ཆུང”གི་མིང་ཐོག་ནས་ལས་བྱེད་མི་སྣས་དགོན་པར་དོ་དམ་བྱེད་ཀྱིན་པར་མ་ཟད། རྔ་བར་བདེ་འཇགས་དམག་མི་མངགས་གཏོང་གིས་ཀིརྟི་དགོན་དང་། དགེ་འདུན་པ་དང་བཙུན་མ་མེར་བསྲེགས་བྱུང་སའི་དགོན་པ་དང་རུ་སྡེ་ཁག་ལ་དམ་དྲག་ནན་མོ་བྱེད་ཀྱིན་པས། དགེ་འདུན་པ་དང་བཙུན་མ་མང་ཆེ་ཤོས་དགོན་པར་ཁ་བྲལ་དུ་བཅུག་ཡོད་ཅིང་། དྲ་རྒྱ་མཚམསས་འཇོག་དང་རྒྱ་ལམ་བཀག་འགོག་གིས་ས་གནས་རང་གི་མི་མ་གཏོགས་ཡུལ་དེར་གཏོང་གི་མེད་པས། གསར་འགོད་པས་བཅར་འདྲི་རྩ་བ་ནས་བཀག་འདུག
ཡི་གེ་ཁྲོད་ཀྱི་དེང་གནས།
མི་མང་བོ་ཞིག་གིས་ད་དུང་བརྗེད་ངས་བསྐུར་མེད་སྲིད་པ་ཞིག་ནི་ཟླ་ངོ་བཞིའི་ཡར་སྔོན་ཏེ། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན། ལྷ་སའི་པོ་ཏ་ལའི་མདུན་ཐང་དུ་གླུ་གར་གྱི་མཚོ་མོ་གཡོ་ཞིང་། ཚོན་ལྡན་ཤོག་སྦག་དང་ལྒང་བུའི་བར་སྣང་བཀང་ཡོད་ལ། སྐབས་དེར་རྒྱ་ནག་གི་གཙོ་འཛིན་གཞོན་པ་ཞུས་ཅིན་ཕེན་གྱིས་བོད་དང་རྒྱ། རྒྱལ་ཕྱི་རྒྱལ་ནང་གི་མི་རིགས་རྣམས་ལ་སྤྲོ་སེམས་འཁོལ་བའི་ལམ་ནས་བརྗོད་དོན། “བོད་བཅིངས་འགྲོལ་བྱས་ནས་ལོ་ངོ་ ༦༠ འཁོར་བའི་རིང་དུ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱས་ཡོད་པའི་ཁར། བོད་མི་དམངས་ཀྲུང་གོ་གསར་བའི་བདག་པོ་གྱུར་ཡོད། ……” དེ་མ་ཐག་ཏུ་རྒྱ་ནག་རྒྱལ་ཡོངས་ཀྱི་ཚགས་ཤོག་ཆེ་ཆུང་དང་བརྙན་འཕྲིན། རླུང་འཕྲིན་དང་དྲ་རྒྱ་སོགས་ཀྱི་བརྒྱུད་ལམ་བཀོལ་ཏེ་ཁ་དོག་སྣ་ལྔའི་བརྡ་ཆད་ཀྱི་ལམ་ནས་བོད་ཀྱི་འཚོ་བའི་གནས་སྟངས་སམ། རྒྱལ་ཁབ་ཀྱི་བདག་པོའི་བདེ་སྐྱིད་ཀྱི་དེ་རིང་ལ་བསྟོད་བསྔགས་གནམ་ས་གཡོ་བ་ཞིག་བྱས་ཡོད།
ད་ལོའི་ལོ་མགོ་ནས་བཟུང་། གཅིག་རྗེས་གཉིས་མཐུད་ཀྱི་རྩོམ་ཡིག་དང་བརྙན་འཕྲིན། གློག་བརྙན་བཅས་བཀོལ་ནས་ལོ་ངོ་ ༦༠ རིང་དུ་དབུས་སྲིད་གཞུང་གིས་བོད་མིར་སྐད་ཅིག་མའི་ནང་དུ་ལོ་ངོི་སྟོང་ཕྲག་གི་ལོ་རྒྱུས་ཐོལ་བརྒལ་ཇི་ལྟར་བྱེད་དུ་བཅུག་ཚུལ་དང་། ཞིང་བྲན་ནས་བདག་པོར་ཇི་ལྟར་བསྒྱུར་ཚུལ། ད་དུང་རླབས་ཆེན་གཙོ་འཛིན་གྱི་བླ་མེད་ཐུགས་ཁུར་ཇི་ལྟར་གངས་ལྗོངས་སུ་འཕྲོས་ཚུལ་སོགས་བསྒྲགས་ཡོད།
ཡིན་ནའང་། མི་མང་བོ་ཞིག་གིས་འདི་ལྟར་འདྲི་སྲིད་དེ། ཅིའི་ཕྱིར“བདེ་སྐྱིད”ལྡན་པའི་བོད་མིས་རང་ཉིད་ཀྱི་གཅེས་སྲོག་མཇུག་བསྡུ་བའི་ལམ་ནས“བདེ་སྐྱིད་ཀྱི་འཚོ་བ་རྒྱབ་ཏུ་དོར”བཞིན་ཡོད་དམ། ཅིའི་ཕྱིར་ནང་ཆོས་དད་ཅིང་ཚེ་སྲོག་ལ་བརྩི་བཀུར་ཡོད་པ་དང་། ལོ་ངོ་བརྒྱ་ཕྲག་མང་བོར་འགྲན་སེམས་དོར་ནས་དགོན་པའི་ནང་ཆོས་ལ་ཉམས་ལེན་གནང་བཞིན་པའི་དགེ་འདུན་པ་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ཉིད་མེར་བསྲེགས་ནས་ཚེ་སྲོག་མཇུག་བསྡུ་དགོས་ཐུག་པ་རེད་དམ། ཅིའི་ཕྱིར“བརྩི་བཀུར”ཐོབ་པའི“རྒྱལ་ཁབ་ཀྱི་བདག་པོ”ཚོས་རང་ཉིད“བདག་པོ”ཡིན་པའི་ཐོབ་ཐང་མི་བཀོལ་བར་རང་ཉིད་མེར་བསྲེགས་ཀྱིས་དགོས་འདུན་འདོན་བཞིན་ཡོད་དམ། ཅིའི་ཕྱིར་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཀྱིན་པར་བསྒྲགས་པའི་བོད་མིར་ད་དུང་དྭངས་ཐབས་མེད་པའི་ལེ་བདས་ཁེངས་ཡོད་དམ། དགེ་འདུན་པ་དང་བཙུན་མས་རང་སྲོག་ཕུལ་དོན་ཅི། ཟུངས་ཁྲག་བརྡོལ་དོན་གང་ཡིན་ནམ།
དྲི་བ་འདི་དག་གི་རྒྱབ་ལོགས་སུ་འཛམ་གླིང་མི་དམངས་ཀྱིས་མིག་མཐར་མཆི་མ་འཁོར་ནས་ལོ་ངོ་ ༦༠ རིང་མཐོང་བའི་དོན་དངོས་ནི། བོད་ཀྱིས་མི་རབས་ལ་མི་རབས་བརྒྱུས་ཏེ་གཅིག་རྗེས་གཉིས་མཐུད་ཀྱི་ལམ་ནས་རང་ཉིད་ཀྱི་ཚེ་སྲོག་དང་ཟུངས་ཁྲག་གིས་སྡུག་བསྔལ་དང་མགོ་མི་འདོག་པའི་བོད་མིའི་ལོ་རྒྱུས་ཟིན་འགོད་བྱེད་ཀྱིན་པར་མ་ཟད། དེ་མཚུངས་སུ་རྒྱ་དམར་གཞུང་གིས་ཡི་གེར་ཕབ་པའི་དེང་གནས་དྲིལ་བསྒྲགས་ཀྱི་རྫུན་གཏམ་ལ་ངོ་རྒོལ་བྱེད་ཀྱིན་པ་ཞིག་རེད།
དབང་ཡོད་དང་རྩུབ་སྤྱོད་ཀྱིས་ངུར་སྨྲིག་གི་བླ་གོས་མེ་རུ་བསྒྲོན་པ།
ལོ་ངོ་སྟོང་ཕྲག་གི་རིང་ལ་ནང་ཆོས་ཀྱིས་བོད་མིའི་རིན་ཐང་ལེན་ཕྱོགས་ཀྱི་ལྟེ་བ་བསྐྲུན་ཡོད་པ་དང་། ཤེས་རིག་གི་དོན་སྙིང་གྲུབ་ཡོད། ཆོས་དད་ནི་གངས་ལྗོངས་བོད་མིའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ནང་ཆོས་ཀྱི་དགོངས་པས་གངས་ཅན་མཐོ་སྒང་གཡོགས་ཤིང་། མི་རྣམས་ཀྱི་སེམས་ཁམས་སུ་འཐིམ་ཡོད།
ལོ་ངོ་ ༦༡ ཡར་སྔོན་གྱི་ཟླ་ ༡ ནང་། མའོ་ཙེ་ཏུང་གིས་མངོན་གསལ་གྱིས་བསྟན་དོན། “བོད་ཀྱི་མི་འབོར་ཉུང་ནའང་། རྒྱལ་སྤྱིའི་གནས་བབ་གལ་ཆེན་བཟུང་ཡོད་པས། ང་ཚོས་ངེས་པར་དུ་དབང་འོག་ཏུ་བཅུག་ནས་བསྒྱུར་བཅོས་ཀྱིས་མི་དམངས་དམངས་གཙོའི་བོད་ཅིག་བསྐྲུན་དགོས།” སྐབས་དེ་ཤེད་ནས“བསྒྱུར་བཅོས”ཀྱི་མིང་ཐོག་ནས་བོད་མི་ས་ཡ་གཅིག་གི་ཚེ་སྲོག་འཕྲོག་ཡོད་པ་དང་། དགོན་པ་ ༦༠༠༠ ལྷག་ལ་གཏོར་བཅོམ་ཕོག་ཡོད་པས། རིག་གསར་གྱི་རྗེས་སུ་སྒོ་འབྱེད་སྐབས་དགོན་པ་ ༡༣ ལས་ལྷག་མེད། དུས་ཡུན་དེར་དགེ་འདུན་པ་དང་བཙུན་མ་བཙོན་འཇུག་དང་སྐྱ་སར་ཕབ་ནས་གཉེན་སྒྲིག་ཏུ་བཅུག་པ། ལ་ལ་ཞིག་ལ་གཅར་རྡུང་གིས་སྲོག་ཐོག་བཏང་ཡོད།
དུས་རབས་སྔ་མའི་ལོ་ ༨༠ རྗེས་ནས་དགོན་པ་མང་བོ་ཞིག་ལ་སླར་གསོ་བྱས་ཡོད་ནའང་། སྲིད་གཞུང་གིས་དགོན་པར་ཞུགས་མཁན་གྱི་ལོ་ཚོད་དང་སེར་མོ་བ་བྱེད་པར་ཆོག་མཆན་ལེན་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པར་མ་ཟད། ད་དུང“རྒྱལ་གཅེས་རིང་ལུགས་དང་ཁྲིམས་ལུགས་སློབ་གསོ”ནི་དགོན་པ་ཁག་གིས་ངེས་པར་དུ་སློབ་སྦྱོང་བྱེད་པའི་སློབ་ཚན་དུ་བསྒྱུར་ཡོད་པ་དང་། དེའི་ནང་དུ་བོད་མིའི་སེམས་ཁུངས་སུ་བླ་ན་མེད་པའི་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་སེར་མོ་བའི་བསམ་བློའི་འཁྱེར་ཕྱོགས་ལ་བརྟག་པའི་འགག་སྒོ་ཞིག་ཏུ་བཟོས་འདུག
གལ་སྲིད་སུ་ཞིག་གིས་དེ་ལ་མ་དགའ་བའི་རྣམ་འགྱུར་བཟུང་ཚེ“ཁ་བྲལ་བའི”ཞྭ་མོ་གཡོགས་ཀྱི་ཡོད་ཅིང་། སྐྱོན་ཆ་ཡང་མོའི་རིགས་སྐྱ་སར་ཕབ་ནས་དགོན་པ་ནས་ཕྱི་ལ་བསྐྲད་ཀྱིན་པ་དང་ལྕི་མོའི་རིགས་བཙོན་ཁང་དུ་བཅུག་ཡོད། དགོན་པ་ཆེ་ཆུང་ཀུན་ལ“བྱ་བའི་ཚན་ཆུང”གི་མིང་ཐོག་ནས་ལས་བྱེད་མི་སྣ་བཀྲམས་ནས་ཡོད་པའི་ཁར། རང་འགུལ་པར་ལེན་འཕྲུལ་ཆས་གང་སར་བཙུགས་ཡོད་པ་དང་ཉེན་རྟོགས་དམག་མི་དུས་ངེས་མེད་ནང་དགོན་པའི་ནང་འཛུལ་ཆོག་གི་ཡོད་ལ། ཐ་ན་སྤྱི་ཚོགས་ནག་པོའི་བྱེད་སྟངས་བཀོལ་ནས་དྲག་གནོན་དང་གཅར་རྡུང་། མི་བསད་རྗེས་ངོས་ལེན་མི་བྱེད་པ་བཅས་ལག་བསྟར་བྱེད་ཀྱིན་འདུག
མཐའ་མཇུག་བོད་མི་ཞིག་གིས་ཁ་ཆེམས་ནང་མཐོང་བ་ནི། “ང་རང་རྒྱ་ནག་གི་གཉའ་གནོན་གྱི་འོག་ཏུ་འདུག་འདོད་མེད་ལ། ཉིན་གཅིག་ལའང་འདུག་འདོད་མེད་པའི་ཁར། ཐ་ན་སྐར་མ་གཅིག་ལའང་འདུག་འདོད་མེད། ”གཞན་དགེ་འདུན་པ་ལོང་བ་ཞིག་སྐུ་གྲོངས་ཁར་ནང་མིར་བཤད་དོན། “འདི་ལྟ་བུའི་འཚོ་བ་ཞིག་མིག་ཡོད་མཁན་ཞིག་གིས་བསྲན་ག་ལ་ཐུབ། ང་རང་ལྟ་བུའི་མིག་ལོང་བར་གྱུར་ཡོད་མཁན་ཞིག་གིས་ཀྱང་བསྲན་ཐུབ་ཀྱི་མི་འདུག ”
དེ་ལྟར་བོད་ཁུལ་གྱི་ལོ་རྒྱུས་ཐོག་སྔར་བརྒྱུད་མ་མྱོང་བའི་སྡུག་བསྔལ་གྱིས་བོད་མི་བསྲན་ཐབས་མེད་པའི་གནས་སུ་དེད་ནས་ངུར་སྨུག་གི་བླ་གོས་མེ་རུ་བསྒྲོན་འདུག བཤད་མ་དགོས་པ་ཞིག་ལ་མེ་རྟ་ནི་དབང་དྲག་དང་རྩུབ་སྤྱོད་རེད། འོད་དུ་འབར་བའི་ཚེ་སྲོག་གིས་མི་རྣམས་ཀྱི་སེམས་པར་འབོད་བསྐུལ་དྲག་ཏུ་བྱེད་ཀྱིན་པ་དང་། ཡ་ང་བ་དང་སྡུག་བསྔལ་གྱིས་ལྕགས་ཀྱི་སེམས་ཁམས་གྲུབ་པའི་དབང་དྲག་མི་སྣར་གཡོ་འགུལ་བྱེད་ཐབས་མེད་ནའང་། བོད་མིའི་མཐུན་སྒྲིལ་དང་སྙིང་སྟོབས་ཀྱི་སྲ་བརྟན་ལ་བསྐུལ་ལྕག་ཚད་མེད་ཐེབས་ངེས་རེད།
རྒྱ་དམར་གཞུང་གིས་སྤེལ་བའི་རྒྱབ་ཤ་དཀར་བོའི་དེབ་ནང་དུ་བོད་མིར་རྩ་བའི་ཐོབ་ཐང་སྣ་ཚོགས་ཡོད་པར་བཤད་ཡོད་པའི་ཁར། བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པར་བྲིས་འདུག དོན་དངོས་སུ་འདི་ལྟ་བུའི“བདེ་སྐྱིད་ཀྱི་འཚོ་བའི”ནང་དུ་ལོ་མང་རིང་བོད་ཐོག་ལག་བསྟར་བྱས་པའི་དྲག་གནོན་གྱི་བྱེད་ཐབས་འདུས་ཡོད་ལ། ཁྲིམས་འགལ་གྱི་འཛིན་བཟུང་དང་ཡང་དག་མ་ཡིན་པའི་བཅད་ཁྲའང་འདུས་ཡོད། མི་འགྱངས་པའི་ཡར་སྔོན། རྒྱ་དམར་གཞུང་གི་མ་འོངས་ཆེས་མཐོའི་གཙོ་འཛིན་ཞིས་ཅིན་ཕེན་གྱིས་ལྷ་སར་འཚམས་འདྲི་བྱེད་སྐབས། བོད་མིར་ཐུག་འཕྲད་བྱས་མེད་ལ། དགོན་པའི་ནང་དུའང་བསྐྱོད་མེད། དེ་ལས་ལྡོག་ནས་ས་གནས་ཀྱི་ཉེན་རྟོགས་པ་དང་བོད་སྡོད་དམག་མི། ཆབ་སྲིད་མི་སྣ་དང་ཁྲིམས་འཛིན་དཔོན་རིགས་ལ་ཐུག་འཕྲད་བྱས་ཡོད། བྱེད་ཐབས་འདི་སྤྱད་ནས་རྒྱ་དམར་གཞུང་གིས་བོད་ཐོག་དྲག་རྩུབ་གཉའ་གནོན་གྱི་ཆོད་སེམས་ཕྱི་ལ་བསྟན་ཡོད།
ཡིན་ནའང་། ཆོད་སེམས་ལས་སྲ་མཁྲེགས་ལྡན་པ་ནི་ཚེ་སྲོག་ཡིན་པས། བོད་མི་དུས་རབས་སྔ་མའི་ལོ་རབས་ ༥༠ ནང་རྒྱ་དམར་དམག་དཔུང་གི་རྩུབ་སྤྱོད་དང་མེ་སྒྱོགས་ཀྱི་ཁ་གཏད་དུ་ལངས་པ་ནས་བཟུང་། དུས་རབས་ཕྱེད་ཀའི་རིང་རང་ཉིད་ཀྱི་བླ་ན་མེད་པའི་ས་གཞི་དང་ཆོས་དད། ལོ་ངོ་སྟོང་ཕྲག་རིང་གི་ཤེས་རིག མི་རིགས་ཀྱི་བརྒྱུད་འཛིན་བཅས་ཀྱི་ཆེད་དུ་ངོ་རྒོལ་མཚམས་འཇོག་བྱེད་མྱོང་མེད་ལ། མི་རབས་ནས་མི་རབས་མཐུད་ནས་མགོ་འདོགས་ཡལ་བར་དོར་ནས་ཚེ་སྲོག་དང་ཟུངས་ཁྲག་གི་རིན་དོད་ལ་མི་ཕངས་པར་གུས་བསྟོད་དང་མིག་ཆུ་འཆོར་བའི་བོད་མིའི་ལོ་རྒྱུས་ཀྱི་ཤོག་ལྷེར་ཤོག་ལྷེ་མཐུད་ནས་འབྲི་བཞིན་ཡོད།
ལོ་མཇུག་ལ་སླེབས་ལ་ཉེ་བའི་སྐབས་འདིར་ང་ཚོའི་སེམས་པ་རེ་རེ་ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་དཔའ་བོ་རྣམ་པས་ཟུངས་ཁྲག་གིས་བྲིས་པའི་ལོ་རྒྱུས་སྟེང་བརྐོས་ཡོད། དཔའ་བོ་རྣམ་པའི་མཚན་གཞུང་གཤམ་གསལ།
བློ་བཟང་ཕུན་ཚོགས། ལོ ༢༠ ཨ་མདོ། དེང་གི་སི་ཁྲོན་རྔ་པ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ཉིན།
ཚེ་དབང་ནོར་བུ། ལོ་ ༢༩ ཁམས། དེང་གི་སི་ཁྲོན་དཀར་མཛེས་ཁུལ་ཉ་མཚོ་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ཉིན།
དློ་བཟང་སྐལ་བཟང་། ལོ་ ༡༨ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ ཉིན།
བློ་བཟང་དཀོན་མཆོག ལོ་ ༡༨ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ཉིན།
སྐལ་བཟང་དབང་ཕྱུག ལོ་ ༡༧ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་ཀརྟི་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ཚེས་ ༧ཉིན།
ཆོས་འཕེལ། ལོ་ ༡༩ ཨ་མདོ། ༢༠༡༠ ལོར་བྱ་བའི་ཚན་ཆུང་གིས་དགོན་པ་ནས་བསྐྲད་དེ་བཙན་ཚུགས་ཀྱིས་སྐྱ་སར་ཕབ་པའི་ཀརྟི་དགོན་པའི་དགེ་འདུན་པ་ཟུར་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༧ ཉིན།
མཁའ་དབྱིངས། ལོ་ ༡༨ ཨ་མདོ། ༢༠༡༠ ལོར་བྱ་བའི་ཚན་ཆུང་གིས་དགོན་པ་ནས་བསྐྲད་དེ་བཙན་ཚུགས་ཀྱིས་སྐྱ་སར་ཕབ་པའི་ཀརྟི་དགོན་པའི་དགེ་འདུན་པ་ཟུར་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༧ ཉིན།
ནོར་བུ་དགྲ་འདུལ། ལོ་ ༡༩ ཨ་མདོ། ༢༠༡༠ ལོར་བྱ་བའི་ཚན་ཆུང་གིས་དགོན་པ་ནས་བསྐྲད་དེ་བཙན་ཚུགས་ཀྱིས་སྐྱ་སར་ཕབ་པའི་ཀརྟི་དགོན་པའི་དགེ་འདུན་པ་ཟུར་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ཚེས་ ༡༥ཉིན།
བསྟན་འཛིན་དབང་མོ། ལོ་ ༢༠ ཨ་མདོ། དེང་གི་སི་ཁྲོན་རྔ་བ་ཁུལ་མ་མའི་བཙུན་དགོན་གྱི་བཙུན་མ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༧ཉིན།
ཟླ་བ་ཚེ་རིང་། ལོ ༣༨ ཁམས། དེང་གི་སི་ཁྲོན་དཀར་མཛེས་ཁུལ་དཀར་མཛེས་དགོན་པའི་དགེ་འདུན་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༢༥ ཉིན།
དཔལ་ལྡན་ཆོས་མཚོ། ལོ་ ༣༥ ཁམས། དེང་གི་སི་ཁྲོན་དཀར་མཛེས་ཁུལ་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ཚེས་ ༣ ཉིན།
རྩོམ་ཡིག་འདི་བྲིས་ནས་མཇུག་རྫོགས་ལ་ཉེ་སྐབས། བོད་ཕྱི་ལོགས་སུ་བོད་མི་གཉིས་ཀྱིས་རང་ཉིད་མེར་བསྲེགས་ལ་བཏང་ནས་ངོ་རྒོལ་བྱས་པའི་གནས་ཚུལ་ཐོས་སོང་ལ། ང་ཚོའི་སྐྱོ་སེམས་དང་གུས་བརྩི་ཧི་མ་ལ་ཡ་བརྒྱུད་ནས་ཁོང་གཉིས་ཀྱི་འགྲམ་དུ་སྐྱེལ་རྒྱུ་ཡིན། ཁོང་རྣམ་གཉིས་ནི།
ཤེས་རབ་རྡོ་རྗེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྡི་ལི་ས་གནས་གཞོན་ནུ་ཚོགས་པའི་ཟུང་དྲུང་། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ སྟེང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་ཡོད་ཅིང་། སྐབས་དེར་རྒྱ་གར་ཉེན་རྟོགས་པས་འཇུས་ནས་མེ་བསད་ཡོད་པ་དང་ལྡི་ལི་སྨན་ཁང་ཞིག་ཏུ་བསྐྱལ་འདུག
གཞན་མིང་མི་ཤེས་པའི་དགེ་འདུན་པ་ཞིག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ ཡས་མས་ཙམ་ལ་བལ་ཡུལ་རྒྱལ་སའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་འདུག འོན་ཀྱང་། གནས་ཚུལ་ཞིབ་ཕྲ་ལག་སོན་བྱུང་མ་སོང་།
བསྒྱུར་མཆན།
ཁྲིན་ཧོང་ཞིན་ནི་ད་ལྟ་ཨོ་སི་ཁྲི་ལི་ཡར་བཞུགས་ཀྱིན་པའི་རྒྱ་མོ་མཁས་པ་ཞིག་དང་རྒྱ་ནག་གི་དེང་རབས་སྲིད་དོན་ལ་ཞིབ་འཇུག་གནང་བཞིན་ཡོད།
འདི་ན་དོན་གྱི་ཞུ་དག་པ་རེ་ཡང་འདུག བཟང་གི ཚང་མ་བཟང་གི དགའ་བོ་བྱུང། མུ་མཐུད་དུ་ཡིན་ད་་
རྒྱ་མོས་རྒྱ་ཚང་མ་ནག་པོ་མིན་པ་གསལ་བཤད་བྱེད་ཀྱིན་མོད། མཁས་མཉམ་གཏོད་མཁན་ཚོས་ཁྱད་པར་ཞིག་ཕྱེ་ཁུལ་བྱེད་ཀྱི་ཡོད་པ་མ་གཏོགས། ངེད་བོད་མི་བྱིང་ནས་རྒྱ་ཟེར་དུས་རྒྱ་རང་རེད་མ་གཏོགས་དེ་ལ་བཟང་ངན་ཞིག་ཕྱེ་ཐུབ་ཀྱི་མེད། བཟང་ངན་བཀར་བཀར་ནས་མོ་རྒན་གྱི་རོ་ཁོ་ན་འཚོལ་འདོད་དེ་བས་ཀྱང་མེད།
མིང་ཚིག་རེ་འགའ་བཀོལ་སྤྱོད་ཐད་ནས་ཏག་ཏག་ཅིག་ཡོང་ཡོད་མེད་གང་ལྟར་ཡང་རྩོམ་གྱི་སྤྱི་ཁོག་གོ་ཐུབ་ཀྱི་འདུག་པས། ད་ཚང་མ་ལོས་རྩ་བ་དོར་ནས་ཡལ་གའི་སྟེང་དུ་མ་བཞུགས་རོགས། རྒྱའི་མཁས་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དཔྱད་པ་གནང་བར་བགྲོ་གླེང་བྱེད་རན་མེད་དམ།
ཡིག་སྒྱུར་གནང་བར་ཐུགས་རྗེ་ཆེ། ལྷག་པར་དུ་ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་རིགས་ཚོའི་མཉམ་དུ་བགྲོ་གླེང་དང་གནས་ཚུལ་དབྱེ་ཞིབ་བྱ་རེས་བྱེད་བཞིན་པ་སོགས་ནི་རང་ཅག་ལ་བློ་སྐྱེད་དང་གནས་ཚུལ་ཁ་གསབ་སོགས་ལ་ཕན་ཐོགས་ཆེན་པོ་འདུག
བདུན་ཕྲག་རེ་ཟུང་སྔོན་དགེ་འདུན་རབ་གསལ་ལགས་དང་དེ་རིང་གསར་བརྗེ་སྐྱབས་ལགས་ཀྱིས་བསམ་ཚུལ་བཏོན་པ་བཞིན། ང་ཚོས་མཉམ་འཇོག་བྱ་དགོས་ས་ཏན་ཏན་ཡོད་པ་རེད།
ང་རང་དང་པོ་བཙན་བྱོལ་ལ་འབྱོར་སྐབས་ཀྱང་བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སོགས་ཀྱིས་བཏོན་པའི་ཡིག་ཆ་དེའི་རིགས་ནང་བཀོད་པའི་ཚིག་དོན་ཇི་བཞིན་མ་གོ་བར་དཀའ་ལས་ཁག་པོ་བྱུང་། གཙོ་བོ་བསྡུས་ཚིག་མང་དྲག་པའི་དཀའ་ངལ་ཡིན་པ་འདྲ། ད་སྐབས་ནི་སླར་ཡང་བོད་ནང་ནས་ཡིག་སྒྱུར་དང་། རྩོམ་འབྲི་གནང་བའི་ནང་གི་ཚིག་དོན་མང་པོ་ཞིག་ངོ་འཕྲོད་དཀའ་བ་འདུག
ཡང་ཁག་ཅིག་ནི་ངོ་འཕྲོད་ཀྱང་། དོན་ངོ་མར་བོད་རང་གི་ཆོས་རིག་དང་སྲོལ་རྒྱུན་དང་མི་འཚམ་པའི་ཚོར་སྣང་བྱུང་། དཔེར་ན། གོང་དུ་བོད་ནང་གི་བོད་མི་ཚོས་སྐད་འབོད་བྱས་སྐབས། (ཏཱ་ལའི་བླ་མ་ཁྲི་ལོར་བརྟན་པར་ཤོག) ཅེས་པ་ལྟ་བུ་རེད། འདི་ནི་ཡིག་སྒྱུར་བ་ཚོས་དོ་སྣང་མ་བྱས་པའི་སྐྱོན་རེད་འདོད། བོད་མི་ཚོས་ཕལ་ཆེར་ (༧རྒྱལ་བ་རིན་པོ་སྐུ་ཚེ་བརྟན་པར་ཤོག) ཅེས་སོགས་སྐད་འབོད་བྱས་ཡོད་ཀྱི་རེད། མ་གཞི་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་པ་འདི་ནི་རྒྱ་ནག་གི་འབོད་སྟངས་ཤིག་རེད། 毛泽东万岁 མའོ་ཙེ་ཏུང་ཁྲི་ལོར་བརྟན་པར་ཤོག ཅེས་པ་སོགས་ཐད་སྒྱུར་བྱས་པ་ལས་བྱུང་བ་འདྲ།
མ་གཞི་ནས་བསྒྱུར་བ་བོ་ལ་བཀའ་དྲིན་ཆེ་ཞུ་བ་ལགས། གཞན་་་་གསར་བརྗེ་སྐྱབས་ལགས་ཀྱིས་ཡིག་བསྒྱུར་བྱེད་ཕྱོགས་ཀྱི་ཆ་རེ་ཟུང་ཐད་དགོངས་ཚུལ་གསུང་གནང་བ་བཞིན། ཕྲན་ཀྱིས་ཀྱང་མིང་ཚིག་རེ་གཉིས་ལ་གོ་བ་ལོན་དཀའ་ཙམ་འདུག་ན། དེ་ལུགས་བཞིན་ཚིག་འགྲེལ་རེ་ཡོང་བ་ཞུ།
གཤམ་གྱི་མིང་ཚིག་དེ་ཚོས་གོ་བ་ཅི་ཞིག་སྤྲོད་ཀྱི་འདུག་གམ།
”ཡི་གེ་ཁྲོད་ཀྱི་དེང་གནས།”
”མི་མང་བོ་ཞིག་གིས་ད་དུང་བརྗེད་ངས་བསྐུར་མེད།”
”རྒྱལ་ཁབ་ཀྱི་བདག་པོའི་བདེ་སྐྱིད་ཀྱི་དེ་རིང་ལ་བསྟོད་བསྔགས་གནམ་ས་གཡོ་བ་ཞིག་བྱས་ཡོད།”
མ་རྩོམ་ནང་དེ་འདྲ་ཞིག་ཡིན་མི་སྲིད། ད་དུང་དེ་འདྲ་བ་ཅུང་མང་། དོན་བསྒྱུར་དང་ཐད་བསྒྱུར་ཅི་ཞིག་ཡིན་ཡང་། ཀློག་པ་པོ་ཚོར་གོ་བརྡ་འཕྲོད་ངེས་ཤིག་དགོས། གལ་སྲིད་དེ་འདྲ་མ་འཁྱོངས་ན་མི་གཞན་མཉམ་གོ་བསྡུར་འདྲ་གནང་ན་ལེགས།
རྒྱལ་ཕྱི་རྒྱལ་ནང་དུ་དོ་སྣང་ཤུགས་ཆེན་བསླེབས་པ། ‘རྒྱལ་ཕྱི་རྒྱལ་ནང་།’ འདིའི་བོད་ཚིག་ངོ་མ་ ‘རྒྱལ་ཁབ་ཕྱི་ནང་’ཞེས་པ་འདི་ཡིན་སྙམ། བསྒྱུར་མཁན་གྱིས་དུམ་ཚན་ཁ་བྱང་ནང་དེ་ལྟར་བཀོད་ཡོན་ནའང་། དོན་ཚན་དེའི་ཐིགས་ཕྲེང་དང་པོའི་ཚིག་གྲུབ་གཉིས་པའི་ནང་བོད་ཚིག་ངོ་མ་ ‘རྒྱལ་ཁབ་ཕྱི་ནང་དུ་’ཞེས་བཀོད་འདུག འདི་དཔེ་གཅིག་ཡིན། འདི་ནང་བཞིན་དེང་སང་ཟིན་བྲིས་དང་གསར་འགྱུར་འབྲི་སྐབས་ ‘གཙོ་སྒྲུབ་’ཅེས་པ་དང་ ‘བྱ་འགུལ་སྤེལ་’སོགས་མིང་ཚིག་གསར་པ་གང་འཚམ་ཞིག་བྲིས་ཡོང་གི་འདུག འདི་དག་ལ་དོན་ངོ་མའི་བོད་ཚིག་རྣལ་མ་ཞིག་མེད་པ་ཡིན་ནམ། ཡང་ན། ཟིན་བྲིས་པ་དང་གསར་འགོད་པས་བོད་ཚིག་རྣལ་མ་དེ་དག་མ་རྙེད་པ་ཡིན་ནམ།
བསྒྱུར་ཡིག་འདིའི་ནང་དབྱིན་ཚིག་གི་ (China)ཞེས་པ་འདི་ལ། ལོ་རྒྱུས་དང་། ཆབ་སྲིད། ལངས་ཕྱོགས། ངོས་འཛིན་སོགས་མི་འདྲ་བའི་བོད་ཚིག་གཉིས་སྟེ། ‘ཀྲུང་གོ་’དང་ ‘རྒྱ་ནག’ཅེས་པ་གཉིས་བེད་སྤྱོད་གནང་འདུག ལས་འགུལ་བྱུང་ཡུལ་སོགས་ཀྱི་སྐབས་སུ་ ‘སི་ཁྲོན་’ལྟ་བུ། ཨ་རིའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཀྱི་འབྲུ་དོན་སྐབས་ ‘ཀྲུང་གོ་’ཞེས་པ་དང་། འཇར་མན་ཕྱི་འབྲེལ་ལས་ཁུངས་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་འབོད་སྐུལ་གསལ་བསྒྲགས་སྐབས་ ‘རྒྱ་ནག་’ཅེས་བཀོད་འདུག འདི་གཉིས་ལ་སོ་སོར་བེད་སྤྱོད་གནང་པའི་ཁྱད་པར་དམིགས་བསལ་བ་ཞིག་ཡོད་དམ།
ཁ་སྔོན་འདིའི་སྐོར་ལ་དགེ་འདུན་རབ་གསལ་ལགས་ཀྱིས་མེ་ལྕེ་འཛིན་བཟུང་དང་འབྲེལ་ནས་རྩོམ་ཡིག་ཅིག་སྤེལ་ཡོད་པ་སྙམ།
ཕལ་ཆེར་དེང་གནས་ཞེས་པ་ནི་ དེང་གི་གནས་སྟངས་དང་། ཡང་དེང་གནས་ངོ་རྒོལ་ཞེས་པ་ནི་དེང་གི་གནས་སྟངས་ངོ་རྒོལ་ཡིན་ས་རེད། སྤྱིར་སྒྱུར་གྱི་ལས་གཞི་རིགས་ལ་འཇུག་སྐབས་ཐ་སྙད་བཀོལ་སྤྱོད་སྐབས་སྒྱུར་བ་པོས་གལ་ཆེན་པོས་དོ་སྣང་སྤྲད་དགོས་ཀྱི་འདུག གཙོ་བོ་ནི་ཀློག་པ་པོའི་གོ་ཤེས་ལ་ལྟ་དགོས་པ་ལས་རང་གིས་གོ་ཤེས་པ་ཙམ་གྱིས་མི་ཕན། རྩོམ་ཡིག་གང་ཞིག་འབྲི་སྐབས་ཀློག་པ་པོའི་རྒྱུད་ལ་ཚོར་བ་མངར་སྐྱུར་སྣ་ཚོགས་འབྱིན་པའི་ཆེད་དུ་ཡིན་པ་ནི་སྨོས་མེད་རེད།
‘’དེང་གནས།’’ ‘’དེང་གནས་ངོ་རྒོལ།’’ ‘’ཡི་གེ་ཁྲོད་ཀྱི་དེང་གནས།’’ ‘’ནང་ཆོས་ཀྱིས་བོད་མིའི་རིན་ཐང་ལེན་ཕྱོགས་ཀྱི་ལྟེ་བ་བསྐྲུན་ཡོད་པ།’’ མིང་ཚིག་འདི་དག་གི་གོ་བ་ཇི་ལྟར་ལེན་དགོས། ལྷག་པར་དུ་མཐའ་མའི་ཚིག་གྲུབ་འདིའི་ནང་དོན་གང་ཡིན་ནམ།