མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་འབོད་དང་པོ་དེ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་སུ། ཉིན་འདི་འགར་བོད་ནང་གཅིག་འཕྲོར་གཅིག་བསྟུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དག་དང་འབྲེལ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

    དྲི་བ། སྐུ་ཉིད་ཀྱིས་དེང་སྐབས་བོད་ནང་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་དག་གི་མངོན་འདོད་དང་རེ་བ་གཙོ་བོ་གང་ཞིག་ལ་ངོས་འཛིན་གནང་གི་ཡོད།

    ལན། མི་ཟེར་བ་འདི་འུ་ཐུག་ཐབས་ཟད་ཆགས་ན། ཡང་ན། གཞན་གྱི་སྲོག་ལ་བསྙབ་རྒྱུ་རེད། ཡང་ན་རང་གི་སྲོག་ལ་རྒོལ་རྒྱུ་རེད། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་འགའ་རེས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་དང་། འགའ་རེས་བོད་མིར་རང་དབང་དགོས་ཟེར་བ། ཡང་རེ་ཟུང་གིས་བོད་རང་བཙན་ཡིན་ཟེར་ནས་སྐད་རྒྱབ་པ་སོགས་ཐུག་ས་གཅིག་ལ་ཐུག་ཡོད་པ་རེད། རྒྱ་ནག་གི་གདུག་རྩུབ་འོག་སྡོད་ཐུབ་ཀྱི་མི་འདུག ང་ཚོར་རང་བཙན་དགོས་ཟེར་བ་འདི་རེད། རེ་བ་འདི་ལ་ང་ཚོ་བྱེས་བཞུགས་མི་མང་ཚོས་བདག་པོ་རྒྱག་དགོས་ཀྱི་འདུག ལྷག་པར་དུ་བཙན་བྱོལ་བོད་གཞུང་གིས་ངོས་ལེན་གནང་དགོས་ཀྱི་འདུག ཚེ་སྲོག་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཕུལ་ཟིན་པ་དག་ལ་བརྩི་བཀུར་ཞུ་དགོས་ཀྱི་འདུག

 

    དྲི་བ། རང་ལུས་མེར་བསྲེགས་བཏང་བ་དེས་བོད་པའི་རྩ་དོན་ཐོག་འཕྲལ་ཕུགས་ཀྱི་ཕན་གནོད་གང་འདྲ་འབྱུང་བར་ངོས་འཛིན་གནང་གི་ཡོད་པ་དང་། ལས་འགུལ་གྱོ་ངོ་བོའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ། 

    ལན། རང་སྲོང་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་དང་། ཤུལ་ལུས་ནང་མི་གཉེན་འབྲེལ་སྒེར་ངོས་ནས་བཤད་ན་ཕལ་ཆེར་གྱོང་ཡིན་རྒྱུ་རེད། མི་ཚེའི་སྒྲུང་རྫོགས་ཚར་བ་རེད། འོན་ཀྱང་། རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་མིན་བོད་རྒྱ་ཆེའི་མི་མང་ལ་རག་ལས་ཡོད། མཛུབ་མོ་གཅིག་གིས་ཕར་ཕྱོགས་ལ་གཞུས་ན་གྱོང་རང་ལ་རག་གི་རེད། མཛུབ་མོ་ལྔ་འཆང་ཁུ་ཚུར་གྱིས་གཞུས་ན་གྱོང་ཕར་ཕྱོགས་ལ་སྤྲོད་ཐུབ་པ་རེད། སྤྱི་ཚོགས་ནང་ཐོབ་དང་གོ་ས་ཡོད་མཁན་རེ་ཟུང་གིས་ལས་འགུལ་དེ་འཚེ་བ་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་ཡོད་པ་གོ་སོང་། ང་ཡིད་ཆད་ཀྱི་འདུག སེམས་སྐྱོ་ཡི་འདུག ལྷ་རྟེན་གཙུག་ལག་ཁང་སོགས་ལ་སྐོར་བར་འགྲོ་མཁན་ཚོས་ལམ་ན་འབུ་གསོད་ཀྱི་ཡོད་པ་རེད། དེ་ཡང་འཚེ་བ་རེད་དམ། ཁོང་ཚོའི་དམིགས་ཡུལ་ཆོས་རེད། རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རང་སྲོག་བཏང་ན་འཚེ་བ་མ་རེད། འཚེ་བ་བྱེད་མཁན་ངོ་མ་དེ་ཕར་ཕྱོགས་བཙན་གནོན་བྱེད་མཁན་ཚོ་རེད། སུ་ཞིག་ལས་འགན་འདི་ལ་གཡོལ་བ་ཡིན་ན། དེ་ནི་རྩ་དོན་གྱི་ཐོག་ནས་འཚེ་བ་རེད། བྱ་བའི་ཐོག་ནས་གཡོ་སྒྱུ་རེད།

 

    དྲི་བ། ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་གནས་ཚད་དེ་གང་འདྲ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ།

    ལན། གཞིས་བཞུགས་མི་མང་གི་ངོས་ནས་འཐབ་རྩོད་ཀྱི་གནས་ཚད་ཧ་ཅང་མཐོ་བོ་རེད། འོན་ཀྱང་ང་ཚོའི་གཞུང་གི་ངོས་ནས་འཐབ་རྩོད་རླུང་ལ་བསྐུར་བཞག་ཡོད་པ་རེད། མི་སྒེར་ཞིག་ཡིན་ན་འདྲ་ལ། མི་ཚང་གཅིག་ཡིན་ནའང་འདྲ། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་རྩ་དོན་ཞིག་བསྒྲུབ་ན། དེ་ལ་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དང་པོ། རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་གསལ་བོ། གཉིས་པ། དམིགས་ཡུལ་དེ་འགྲུབ་པའི་གདེང་ཚོད་ཆེན་པོ། གསུམ་པ། དམིགས་ཡུལ་ཐོག་ཐབས་ཇུས་ཡག་པོ་དགོས། ད་ལྟ་ང་ཚོའི་ལམ་དབུ་མར་བོད་རྒྱ་གཉིས་ཕན་ཟེར་བ་ཙམ་ལས་དམིགས་ཡུལ་གསལ་བོ་ཡོད་པ་མ་རེད། རྒྱ་ནག་སྟོབས་ཆེན་པོ་རེད་ཟེར་ནས་འཐབ་རྩོད་ལ་གདེང་ཚོད་ཡོད་པ་མ་རེད། ཁ་ནས་རྩ་དོན་ཟེར་བ་ལས་དོན་ལ་འཐབ་རྩོད་ཐོག་བསམ་བློ་གཏོང་མཁན་ཡོད་པ་མ་རེད།   

 

    དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་སྤྱི་གཉིས་ཀྱིས་གཞུང་འབྲེལ་ཐོག་ལས་འགུལ་སྤེལ་ཕྱོགས་ལ་འདོད་པ་ཁེངས་ཀྱི་ཡོད་དམ།

    ལན། ངས་གོང་དུ་བཤད་པ་ལྟར་བཀའ་ཤག་གིས་མི་མང་གི་ཁ་གཅོད་ཐབས་ཙམ་ལས་རྩ་དོན་ཐོག་ལས་ཀ་གང་ཡང་བྱེད་ཀྱི་མེད་དུས་ང་ལ་འདོད་པ་ཁེངས་དང་མི་ཁེངས་ཀྱི་སྐད་ཆ་ལྷག་གི་ཡོད་པ་མ་རེད། ང་འདི་ལ་བློ་ཕམ་ནས་བསྡད་ཡོད། འུ་ཐུག་ནས་བསྡད་ཡོད། གཞུང་ཟེར་བ་དེ་མི་མང་གི་དབུ་འཁྲིད་རེད། དབུ་གང་དུ་འཁྲིད་དགོས་པ་རེད་ཟེར་ན་རྩ་དོན་འཐབ་རྩོད་ཐོག་འཁྲིད་དགོས་པ་རེད། ངྷ་རམ་ས་ལའི་བཙན་བྱོལ་བོད་གཞུང་འདིས་རྩ་དོན་བརྗེད་དེ་གཞུང་ངོ་མ་ཞིག་འཛིན་སྐྱོང་བྱེད་པའི་འདུ་ཤེས་འཁྱེར་གྱི་ཡོད་པ་འདྲ། དེ་ནོར་བ་རེད། ཁྱེད་ཅག་གི་རྐང་འོག་གི་ས་དང་མགོ་ཐོག་གི་ཁང་པ་གཞན་གྱི་རེད། ང་ཚོའི་མི་མང་གི་ངོས་ནས་ཀྱང་རྒྱ་ནག་དང་ཕན་ཚུན་གཉིས་མོས་ཀྱི་ཞི་མོལ་ཞིག་ཡོང་ཐབས་མེད་པ་ཧ་གོ་དགོས་ཀྱི་འདུག གལ་སྲིད་ཡོད་པའི་དབང་དུ་བྱས་ཀྱང་ང་ཚོར་སྒུག་ལོངས་མེད་པ་ཤེས་དགོས་པ་རེད། ངེད་གཉིས་ད་ལྟ་སྐད་ཆ་ཤོད་བཞིན་པའི་སྐད་ཅིག་མ་འདི་ལའང་རྒྱ་མི་སྟོང་ཕྲག་མང་པོ་བོད་ནང་འབྱོར་བཞིན་ཡོད།

 

    དྲི་བ། བོད་ནང་གི་གནས་བབ་ལ་གཞིགས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་མི་རེ་ངོ་རེས་འགན་འཁུར་དང་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད།

    ལན། བོད་ཕྱི་ལོགས་ནས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་མང་ཚོས་གང་ཐུབ་ཐུབ་གནང་གི་ཡོད་ཀྱང་། དེ་ལ་ཞེ་དྲག་ས་ཆོད་ཡོད་པ་མ་རེད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་རྒྱུ་ཁག་པོ་རེད། མགོ་འཁྲིད་མཁན་དང་ལྡོག་རྩ་གཅིག་བསྒྲིལ་བཟོ་མཁན་མེད་ན། ས་སྟོང་ལུང་སྟོང་ཞིག་ཏུ་སོ་ཕག་ས་ཡ་གཅིག་བླུགས་བཞག་ན། དེས་ཁང་པ་ཡོང་གི་མ་རེད། མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་ཡག་པོ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ། དམངས་གཙོ་གལ་ཆེན་ཡིན་ཡང་དེ་རྒྱལ་ཁབ་ནང་ཁུལ་གྱི་དོན་དག་རེད། རྐང་པ་འཛུགས་སའི་ས་ཆ་མ་རག་གོང་ལ། ཁང་པའི་བཟོ་ལྟ་གང་འདྲ་བཟོ་མིན་དང་། མཚོན་མདོག་གང་འདྲ་བྱུག་མིན་ཐོག་ལ་བརྩད་བརྒྱབ་ནས་བསྡད་ན་དེ་ལ་དགོས་པ་འདུག་གམ།

 

    དྲི་བ། བོད་ནང་རང་སྲོག་གཏོང་མཁན་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་། བོད་པའི་རྩ་དོན་འཐབ་རྩོད་ཀྱང་ཆོས་རིག་ལ་ཐུག་ཡོད་སྐོར་བཤད་ཀྱི་ཡོད་དུས། བཙན་བྱོལ་ནང་གི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཚོར་ལས་འགན་གང་འདྲ་ཡོད་པར་གཟིགས་ཀྱི་ཡོད་དམ།

    ལན། བོད་ནང་ལ་ངས་བཤད་ཤེས་ཀྱི་མེད། བཙན་བྱོལ་ནང་མི་ཚང་མར་འདིའི་ཐད་བསམ་ཚུལ་ཏན་ཏན་ཡོད་པ་རེད། མི་ཁ་ཤས་ཀྱིས་དད་པ་དག་སྣང་གིས་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཡང་ཁ་ཤས་ཀྱིས་སོ་སོས་ལས་འགུལ་སྤེལ་ཐུབ་དང་མ་ཐུབ་ཐོག་ནས་ཤོད་ཐུབ་ཀྱི་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན། སྔོན་མ་གཞོན་ནུའི་ནང་ཡོད་སྐབས་ལས་འགུལ་སྤེལ་བ་དང་མགོ་ཁྲིད་པ་སོགས་གང་ཐུབ་བྱས་ཡོད་བསམ་པ་ཞིག་ཡོད། ངས་བཤད་འདོད་པ་དེ་གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་ཀྱི་བདེ་བ་སྡུག་བསྔལ་ལས་ལྷག་པའི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། སྐུ་མཁྱེན། བོད་པའི་སྤྱི་ཚོགས་ནང་མ་བཞུགས་རོགས། སྤྱི་ཚོགས་ཀྱི་ཁེ་ཕན་མ་བཞེས་རོགས་ཞུ་རྒྱུ་ཡིན། རྒྱལ་ཁབ་དང་མི་རིགས་སྤངས་ཏེ་སོ་སོ་གཅིག་པུ་སངས་རྒྱས་རྒྱུ་དང་། སྐྱེ་བ་ཕྱི་མ་དང་ཕུགས་ཀྱི་དོན་དག་འདྲ་སྒྲུབ་ནས་སྡོད་མཁན་གྱི་ཆོས་པ་ཞིག་ངས་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག དེ་འདྲའི་ཆོས་པ་ཞིག་ད་ལྟའི་དུས་ཚོད་འདི་ལ་བོད་མི་མང་ལའང་དགོས་མཁོ་མི་འདུག

           

    དྲི་བ། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་རྗེས། བོད་པས་ལས་འགུལ་སྤེལ་སྟངས་དང་ངོ་བོའི་ཐོག་ཁྱད་པར་འགྲོ་སྲིད་དམ། 

    ལན། ༧རྒྱལ་བ་རིན་པོ་ཆེ་བོད་པའི་ཆོས་སྲིད་ཀྱི་དབུ་འཁྲིད་ཟེར་བ་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་སྐད་ཆ་ཞིག་རེད། ཉི་མ་གཅིག་གཉིས་ནང་ལ་འགྱུར་བ་གཏོང་རྒྱུ་ཕར་ཞོག མི་རབས་ཁ་ཤས་ནང་དུ་ཡང་འགྱུར་བ་གཏོང་ཐུབ་མིན་ངས་བཤད་ཤེས་ཀྱི་མེད། ཤོག་བུའི་སྟེང་ལ་༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་བ་ཡིན་ཞེས་བཀོད་ཡོད་ཀྱང་། བོད་མིའི་སེམས་པའི་ནང་ལ་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དེ་༧རྒྱལ་བ་རིན་པོ་ཆེ་ཁོ་ན་ཆགས་ཡོད། ངའི་ལུས་སེམས་གཉིས་ཀ་ཁ་ཁ་བྱས་ཤིང་། ཤ་ཁྲག་གཉིས་ཀ་སོ་སོར་འཐོར་ནས་འགྲོ་དུས་ཀྱང་རྣམ་ཤེས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དབུ་འཁྲིད་དུ་ཉར་ནས་འགྲོ་རྒྱུ་རེད། ( སྐབས་འདིར་རྒན་ལགས་ཀྱི་བཀའ་མོལ་མཚམས་ཆད་དེ་མིག་ཆུ་ཤར་ཤར་དུ་བཞུར་བྱུང་ ) ངས་༧རྒྱལ་བ་རིན་པོ་ཆེ་ལ་བསྐྱར་དུ་སྐྱབས་འཇུག་ཞུ་རྒྱུ་ལ།  ད་ལྟ་ང་ཚོའི་འཐབ་རྩོད་དེ་ཤི་དང་གསོན་གྱི་མཚམས་ལ་བསླེབས་ཡོད་དུས་སྐུ་དབང་མཚམས་འཇོག་མ་གནང་རོགས། བོད་མི་མང་གིས་གྱོན་པ་བརྗེ་བོ་རྒྱག་རྒྱུ་ཡོད་པ་རེད་དེ། ཁོག་པའི་ནང་གི་སྙིང་ཇི་ལྟར་བརྗེ་བོ་རྒྱག་དགོས་པ་རེད།

 

    དྲི་བ། བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལངས་ཕྱོགས་དེ་རིམ་གྱིས་རང་བཙན་ཐོག་བསྐྱོད་རྒྱུར་རེ་བ་མཐོང་གི་ཡོད་དམ།

    ལན། ང་ནམ་རྒྱུན་རེ་བ་སྟོང་པ་རྒྱག་མཁན་ཞིག་མིན། དངོས་ཡོད་གནས་ཚུལ་ཐོག་ལ་བསམ་ཚུལ་ཡོད་དམ་ཟེར་ན་ཡོད། ཐོག་མ་ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡༥ ཉིན་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་བཀའ་གནང་སྐབས་འགྲིག་གི་མི་འདུག་ཟེར་མཁན་དང་ཤོས་དེ་ང་ཡིན། སྐབས་དེར་ང་གསོད་རྒྱུ་ཡིན་ཟེར་མཁན་བྱུང་ལ། ངའི་ཕྲུ་གུར་སློབ་གྲྭ་ནས་གནོན་ཤུགས་དང་དཀའ་ངལ་སྣ་ཚོགས་འཕྲད་སོང་། ང་ད་ལྟ་ད་དུང་ཡང་འགྱུར་བ་སྤུ་ཙམ་མེད། ང་དངོས་ཡོད་གནས་ཚུལ་དང་བདེན་པ་ཁས་ལེན་བྱེད་མཁན་ཞིག་ཡིན་མ་གཏོགས། རང་གི་ཁེ་ཕན་ཐོག་ལ་བསམ་བློ་གཏོང་མཁན་ཞིག་མིན། བཙན་བྱོལ་བོད་གཞུང་གི་ལམ་ཁ་ཐོག་མ་ནས་ནོར་བསྡད་ཡོད་པ་རེད། ལམ་ཁ་ནོར་བའི་སྒང་ལ་འགྲོ་བཞིན་པའི་རླངས་འཁོར་དེའི་ཁ་ལོ་བ་ཅི་ཙམ་བརྗེ་བོ་བརྒྱབ་ཀྱང་ཕན་ཐོགས་ཡོད་པ་མ་རེད། ཨང་དང་པོ་ལམ་ཁ་བརྗེ་བོ་རྒྱག་དགོས་པ་རེད།

 

    དྲི་བ། གལ་སྲིད་བོད་པས་རང་བཙན་བརྩད་པ་ཡིན་ན་རྒྱ་ནག་དང་འབྲེལ་ལམ་མཐུད་ཐུབ་རྒྱུ་ཁག་པོ་རེད་ལ། རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་རག་གི་མ་རེད་ཟེར་མཁན་ཡོད་པའི་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

    ལན། དེ་ལྐུག་པའི་སྐད་ཆ་རེད། ཆབ་སྲིད་ཀྱི་གནས་ཚུལ་མ་མཁྱེན་པ་རེད། རྒྱལ་ཁབ་ཀྱི་ཆབ་སྲིད་ཟེར་བ་དེ་སོ་སོའི་ཁེ་ཕན་གྱི་ཐོག་ནས་སྒྲུབ་ཀྱི་ཡོད་པ་རེད་མ་གཏོགས། གཞན་གྱི་ཁེ་ཕན་ཆེད་རང་གི་ཁེ་ཕན་བློས་བཏང་བའི་ཕྱི་འབྲེལ་སྲིད་བྱུས་འཛིན་མཁན་ཞིག་ཡོད་པ་མ་རེད། ང་དགུ་ལོ་ནས་དྲུག་ཅུ་རེ་གྲངས་དང་། རེ་ལྔ་སོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་པར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་བཞག་པ་དེ་རང་བཙན་རྩོད་ཀྱིན་པའི་སྐབས་སུ་བྱུང་བ་རེད། འོན་ཀྱང་སྐབས་དེར་ཨུ་རུ་སུ་སོགས་སུ་དམར་པོའི་རིང་ལུགས་ཤུགས་ཆེན་པོ་ཆགས་ཏེ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམར་པོའི་རིང་ལུགས་ཁ་གཏོར་གཏོང་རྒྱུར་ཤུགས་བརྒྱབ་སྟེ། ང་ཚོའི་གནས་ཚུལ་དེ་ཆུང་ཆུང་ཆགས་པ་རེད་མ་གཏོགས། ང་ཚོས་རང་བཙན་བློས་བཏང་རྗེས་ཡིག་ཐོག་ནས་དོན་དག་ཡོད་པའི་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་ཡོད་པ་མ་རེད། ད་ཆར་རྒྱ་ནག་སྟོབས་ཆེན་པོ་ཆགས་ཀྱི་ཡོད་དུས། རྒྱལ་ཁབ་མང་པོ་ཞིག་གི་ཁེ་ཕན་ལ་གནོད་ཀྱི་ཡོད་པ་རེད། བོད་པར་དགའ་དྲགས་པ་མ་རེད་དེ། ཁོ་ཚོའི་ཁེ་ཕན་ཆེད་ང་ཚོས་འགུལ་དཀྱོག་ཅིག་རྒྱག་ཐུབ་པ་ཡིན་ན། བོད་པར་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོང་གི་རེད། སོ་སོའི་ཕྲུ་གུ་སློབ་གྲྭར་མ་བཏང་བར། ངའི་ཕྲུ་གུ་ལ་སྦྱིན་བདག་རག་ས་མ་རེད་ལབ་ན་དེ་ལྐུག་པ་རེད།

 

    དྲི་བ། རྒན་ལགས་ཀྱིས་བོད་ནང་གི་བོད་མི་ཚོ་དང་། ལྷག་པར་དུ་རང་སྲོག་བློས་གཏོང་བྱེད་བཞིན་པ་དག་ལ་འབོད་སྐུལ་དང་རེ་བ་གང་འདྲ་ཞུ་རྒྱུ་ཡོད།

    ལན། ངས་ཐོག་མ། པུས་མོ་ས་ལ་བཙུགས་ཏེ་དཔའ་བོ་དཔའ་མོ་དེ་དག་ལ་ཕྱག་འཚལ་རྒྱུ་ཡིན། ད་ལྟའི་ཛ་དྲག་གཉན་འཕྲང་གི་དུས་ཚོད་འདི་ལ། མུ་མཐུད་དུ་ཨུ་ཐུག་ཐབས་ཟད་ཀྱི་གྲ་སྒྲིག་ཅིག་དགོས་ཀྱི་འདུག རྒན་འཁོགས་ང་ལ་མཚོན་ན་ཡང་སྔོན་མ་ནས་གྲ་སྒྲིག་ཡོད། ང་ཚོ་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱ་དགོས། ངའི་དཔེ་ཁང་ཐབས་ཆག་འདི་དང་དངུལ་བྱང་སོགས་སྐྱེས་དམན་གྱི་མིང་ཐོག་ན་ཡོད། འོན་ཀྱང་། ཚེ་སྲོག་གཅིག་རེ་གཅིག་རེ་ཤོར་ན་ཕན་ཐོགས་དང་མ་ཐོགས་ཟེར་བ་དེ་བཙན་བྱོལ་བོད་གཞུང་དང་བྱེས་འཁོད་ལས་ཀྱི་སྣེ་མོ་བ་ཚོར་ཐུག་ཡོད། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་མཐོང་གི་ཡོད་པ་ངོ་མ་ཡིན་ན། རང་ལུས་མཆོད་འབུལ་བྱས་ཟིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པ་བདེན་པ་ཡིན་ན། དམིགས་ཡུལ་དང་འཆར་གཞི་ལྡན་པའི་འཐབ་རྩོད་ཅིག་དབུ་འཛུགས་གནང་རོགས་ཟེར་ནས་ཞུ་བ་བྱེད་བཞིན་ཡོད། གལ་སྲིད་གཞུང་གིས་འགུལ་དཀྱོག་རྒྱག་རྒྱུ་མིན་ན། མང་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་བརྒྱབ་པས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། སྐད་འབོད་དང་པོ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 111

  1. རྒྱང་མིག says:
    ལོ་ 13 སྔོན།

    བོད་པ་ཚོས་ལྷ་སྒྲུང་བཤད་ནས་ཡུན་རིང་འགོར་སོང་བས་ལོ་རྒྱུས་དང་ཆབ་སྲིད་རིག་གནས་ཡོད་ཚད་ལྷ་སྒྲུང་དུ་འགྱུར་སོང་བ་རེད་ད་མི་སྐད་གོ་དུས་མི་འཚམ་པ་ཞིག་རེད་འདུག རྒན་ལྷ་བཟང་ལགས་མུ་མཐུད་མི་སྐད་གསོན་པོ་བཤད་རོགས་མི་དོན་ནལ་མ་གླེང་རོགས་ཐུགས་རྗེ་ཆེ། རྒན་ལགས་ཀྱི་སྐུ་གཟུགས་ལ་བདག་སྐྱོང་གནང་རོགས་ཁྱེད་ལྟ་བུ་དངོས་གནས་ང་ཚོ་བོད་ལ་མཁོ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    “ངའི་དཔེ་ཁང་ཐབས་ཆག་འདི་དང་དངུལ་བྱང་སོགས་སྐྱེས་དམན་གྱི་མིང་ཐོག་ན་ཡོད། འོན་ཀྱང་། ཚེ་སྲོག་གཅིག་རེ་གཅིག་རེ་ཤོར་ན་” དང་”སྐད་འབོད་དང་པོ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།” ཅེས་པའི་ཚིག་དུམ་གཉིས་ལས་ལྷག་བསམ་ལགས་ཀྱང་རང་ལུས་མེར་བསྲེག་ལ་གྲ་སྒྲིག་ཡོད་པ་དང་། དེ་ཡང་བོད་རང་བཙན་ཆེད་དུ་དྷ་ས་གངས་སྐྱིད་དེ་ས་ཆ་ཡག་ཤོས་སུ་བརྩིས་པ་ལྟར་སྣང་བས་་་་་་་་་་

    Reply
  3. ནད་པ says:
    ལོ་ 13 སྔོན།

    དུས་གསུམ་སྐྱབས་གནས་མ་ལུས་འདུས་པའི་སྐུ།། བོད་མི་རིགས་ཀྱི་སྐུ་ཚབ།
    སྣ་ཚོགས་ཆོས་ཀྱི་དབྱངས་སྙན་སྒྲོགས་པའི་གསུང་།།བོད་མི་རིཊ་ཀྱི་གསུང་ཚབ།
    མཁྱེན་བརྩེ་ནུས་པའི་ཡོན་ཏན་རབ་རྫོགས་ཐུགས།། བོད་མི་རིཊ་ཀྱི་ཐུཊ་ཚབ།
    བསྟན་འཛིན་རྒྱ་མཚོ་མགོན་དེ་རྒྱལ་རྒྱུར་ཅིག ། བོད་མི་རིགས་རྒྱལ་རྒྱུར་ཅིག།

    ༸གོང་ས་མཆོག་ལ་སྙན་ངག་གི་ཚིགས་སུ་བཅད་པའི་བསྟོད་དབྱངས་འདི་ལྷག་བསམ་ཚེ་རིང་ལགས་སུ་གསལ་བཤད་ཀྱི་ཚུལ་དུ་ཕུལ།།

    Reply
  4. གཡག་རྒོད says:
    ལོ་ 13 སྔོན།

    མྱི་ནག་ཚང་། ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ། ཀླུ་མཁར་བྱམས་སོགས་ཀྱི་འགོར་རྡོ་དང་དབྱུག་པ་ཕོག་གྲབ་བྱས་པའི་རྒྱུ་རྐྱེན་དེ་རང་བཙན་དང་དབུ་མའི་ལམ་གྱི་ལྟ་གྲུབ་དང་འབྲེལ་བ་རྩ་བ་ཉིད་ནས་ཡོད་པ་རེད་མི་བསམ་གི།
    ངས་བསམ་ཚུལ་ལ་དོན་རྐྱེན་དེ་ནི་ཁོང་ཚོས་རྒྱ་ཆེའི་མང་ཚོགས་ཀྱི་སྐྱབས་ཡུལ་དམ་པ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚད་བཟུང་མེད་པའི་སྐྱོན་བརྗོད་དང་ཟུར་ཟ་བྱས་པ་དང་། མང་ཚོགས་ཀྱི་དད་མོས་རང་དབང་ལ་བརྩི་བཀུར་མ་གནང་བའི་ལན་པ་རེད་འདོད་ཀི། འདི་འདྲའི་དབྱེ་ཞིབ་ཙམ་ཡང་མ་གནང་བར་། དབུ་མ་བས་ང་བཙན་པའི་མགོར་རྡོ་དང་དབྱུག་པས་རྡུང་གྲབ་བྱས་པ་རེད་ཟེར་ན་འགན་ཁུར་མེད་པའི་གཏམ་ཁོ་ན་རེད། བསམ་བློ་ཞིག་ཐོང་དང་རང་བཙན་མི་འདོད་པའི་བོད་མི་སུ་ཞིག་ཡོད་པ་རེད།
    ཡིན་ནའང་འཇམ་ནོར་གྱི་བཤད་བཞིན་པའི་རང་བཙན་དེའི་ནང་ལ་མདོ་སྟོད་སྨད་གཉིས་འདུས་མེད་པ་འཇམ་ནོར་རང་གིས་ང་ལ་གསུང་སོང་། ལྷ་ཚེའི་རང་བཙན་དེའི་ཁྱབ་ཚད་དེ་ག་འདྲ་ཞིག་ཡིན་མིན་ངས་མི་ཤེས། ཡིན་ནའང་ཐབས་ལམ་དེ་བོད་ནང་གི་བོད་ཁྱིམ་རེ་རེ་ནས་མི་རེ་རེ་འཆི་ཐུབ་ན་རང་བཙན་ལོན་པའི་སྐད་ཆ་ཞིག་ཚོགས་ཐོག་ཞིག་ཏུ་གསུང་སོང་།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    སྐུ་ཞབས་ལྷ་བཟང་ཚེ་རིང་ལགས། ཁྱེད་ཀྱིས་མཆན་བུ་འདི་དག་ལ་གཟིགས་ཀྱིན་ཡོད་དམ། གལ་ཏེ་ཁྱེད་ཀྱིས་རང་གིས་གསུངས་པ་དེས་སྤྱི་ཚོགས་ཁྲོད་ལ་ཕན་གནོད་དང་ནུས་པ་ཅི་ཞིག་ཐོན་གྱིན་པ་ཤེས་འདོད་ལཔོས་ཡོད། རང་གིས་གང་གསུངས་དང་གང་གནང་ཚང་མར་རང་གིས་འགན་ཆ་ཚང་ཡང་འཁུར་འདོད་ལོས་ཡོད། དེ་བས་ཁྱེད་དྲ་ངོས་འདིར་ཕེབས་ནས་བགྲོ་གླེང་ལ་ཞུགས་རོགས། འདི་ནི་མཆན་འདེབས་པ་ཁ་ཤས་ཤིག་གི་ཆེད་དུ་མིན་པར་ཀློག་མཁན་མང་པོ་ཞིག་ལ་ཐུགས་ཕན་སོས་ཆེད་ཡིན། ང་ཚོ་ཁ་ཐག་རིང་ན་ཡང་སེམས་ཐག་ཉེ་བོའི་ཐོག་ནས་དྲ་ལམ་འདིར་བསམ་ཚུལ་བརྗེ་རེས་ཡག་པོ་ཞིག་གནང་ན་ཅིས་མི་དགའ། ཐུགས་བསམ་ཞིག་བཞེས་རོགས་གནང།

    Reply
  6. ནད་པ says:
    ལོ་ 13 སྔོན།

    གུས་པར་བཀུར་བའི་སྐུ་ཞབས་རོ་ལངས་ལགས། ངས་བསམ་གཞིགས་གང་ཙམ་བྱས་རྗེས་སུ་བཤད་པ་ལས་འཚོ་བ་རྣོ་པོ་ཤ་སྟག་གིས་ཐོག་ནས་གཏམ་བརྗོད་པའི་གཟིས་ཀ་དེ་ང་ལ་མེད།

    ཡིན་ནའང་ངས་རང་ཉིད་བོད་རིགས་ཤིག་ཡིན་པའི་ངོས་ནས་བཤད་ན་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་དང་། འགྲོ་བའི་བདེ་སྡུག ཆབ་དཔལ་རིག་གསུམ་སོགས་ཕྱོགས་སར་ནམ་ཡང་བཀའ་དྲིན་གཞལ་དུ་མེད་པའི་བོད་མིའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸ གོང་ས་ཡིད་བཞིན་ནོར་བུ་མཚན་སྨད་དང་། བཀུར་འདེབས། འཁྱོགས་བཤད་སོགས་དེ་འདྲ་རྩ་བ་ནས་བྱེད་མི་ཐུབ།

    ད་དུང་བཀའ་དྲིན་ལ་བསམ་གཞིགས་མེད་པར་དྲིན་ལན་ལོག་པར་འཇལ་བའི་བོད་རིགས་སུ་དང་སུ་ཞིག་སྤྱི་ཚོགས་ཐོག་ཐོན་ནའང་ངས་དེར་ནམ་ཡང་བརྒྱབ་བསྐྱོར་བྱེད་མི་ཐུབ།

    གནའ་སྔ་མོའི་བོད་ཀྱི་དམངས་འཁྲོད་དུ་ཡོད་གཏམ་ཞིག་དྲན་སོང་བ་དེ་རོ་ལངས་ཁྱེད་ལ་འབུལ་འདོད་བྱུང་། མི་ལ་རེ་བའི་ཇ་ཆང་ལོངས་སྤྱོད་ལས། །རང་གི་རྩ་རྐྱང་ཆུ་རྐྱང་བྲོ་བ་ཞིམ། །ཟེར་བ་ལྟར་བསྟན་དགྲ་རྒྱ་དམར་གྱི་ཇ་ཆང་དང་ལོངས་སྤྱོད་སོགས་ལ་རོལ་བ་ལས་རང་གི་རྩ་རྐྱང་ཆུ་རྐྱང་གི་བོད་པའི་སྤྱི་ཚོགས་ནང་དུ་བོད་མི་རིགས་ཀྱི་ད་ལྟ་དང་འབྱུང་འགྱུར་མི་རབས་རྣམས་ཀྱི་ཕུགས་བསམ་རྡོ་ལ་བྲིས་མོ་ཞིག་ལས་འབྲི་མ་ཐུབ་ནའང་དེ་ནི་ཆེས་བསྐལ་བ་བཟང་སྙམ།

    རོ་ལངས་ཁྱེད་ཉིད་ཐུགས་འཁྲལ་མ་གནང་འཇིག་རྟེན་འདིར་དར་རྒུད་ཟེར་བ་དེ་ཆོས་ཉིད་ཅིག་ཡིན་སྟབས། བོད་ཉམས་ཀྱང་དར་བའི་དུས་ཤིག་འབྱུང་བར་འགྱུར་བ་ངས་ཡིད་ཆེས་བྱེད།

    བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རླབས་ཆེན་གྱི་བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག

    ཅེས་པ་འདི་ང་འཇིག་རྟེན་འདིར་སྐྱེས་ནས་ཐ་མ་ཤི་བའི་བར་གྱི་སྨོན་འདུན་དེ་རང་ཡིན། ངས་དེའི་དེ་གཉིས་ཀྱི་ཆེད་དུ་རང་ཉིད་འཚོ་སྡོད་བྱེད། དེ་གཉིས་ཀྱི་ཆེད་དུ་ལས་ལ་གང་ཐུབ་བརྩོན་ངེས་ཡིན། བོད་རྒྱལོ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ང་ནི་ཧི་མ་ལྰ་ཡི་བོད་རིགས་ནང་པ་ཚོ་རྒྱ་གར་དང་མཉམ་དུ་བསྡད་ཡོད་པ་ལས། རྒྱ་གར་གྱི་མངའ་འོག་ཏུ་བསྡད་ཡོད་པ་ངས་མི་འདོད་པ་བཞིན། ང་ཚོ་བོད་རིགས་སྤྱི་ཡོངས་ཚོ་ཡང་རྒྱ་ནག་དང་མཉམ་དུ་སྡོད་དགོས་པ་ལས་རྒྱ་ཡི་མངའ་འོག་ཏུ་སྡོད་དགོས་ཟེར་མཁན་སུ་འདུག་གམ།
    ད་ལྟའི་དུས་སུ་རྒྱ་བོད་མཉམ་གནས་མེད་པར་གཅིག་གིས་གཅིག་འོག་ཏུ་བཅུག་པ་ལྟ་བུའི་དྲང་བདེན་མེད་པར་ཡང་ངས་འདོད་ལགས། དེས་ལམ་དབུ་མ་ནི། ཐབས་ལམ་ཙམ་མིན་པར་འབྲས་བུ་ཡང་ཁ་ཞེ་གཉིས་མེད་གཉིས་སྨན་མཉམ་མཐུན་ལ་བརྩོན་དགོས་པ་མིན་ནམ། དགེ་བར་འགྱུར་ཅིག །

    Reply
  8. རྒྱང་མིག says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་དད་ཞེན་གྱིས་བཟི་བསྡད་ཡོད་ས་རེད་གནས་ལུགས་མེད་རྒྱུ་ཤ་སྟག་བཤད་འདུག བོད་མིའི་སྲོག་སྐྱོབ་མཁན་དེ་སུ་ཡིན་ད་དུང་ལྟ་རྒྱུ་རེད་འཆི་ཉེན་ལ་ད་གཞི་ནས་སླེབས་ཀྱི་ཡོད་པ་རེད།།

    Reply
  9. འཇམ་ཚུལ། says:
    ལོ་ 13 སྔོན།

    ལྷ་བཟང་ཚེ་རིང་གིས་སྐད་ཆ་མ་མཐའ་ཡང་འདི་འདྲ་ཞིག་བཤད་ཡོད་རྒྱུ་ན་དྲན་བྱུང་། དཔེར་ན། <གལ་སྲིད་གཞུང་གིས་འགུལ་དཀྱོག་རྒྱག་རྒྱུ་མིན་ན།> ང་རང་གིས་<རྒྱ་ནག་གཞུང་ཚབ་མདུན་དུ་སྐད་བརྒྱབ་>ནས<་ཕན་ཐོགས་གང་>ཡོང་ཞིག་བྱེད་རྒྱུ་ཡིན། གཞན་ང་ཚོས་རང་གི་གཞུང་ལ་ཁ་བཏང་བསྡད་པ་ལས< སྐད་འབོད་དང་པོ་ང་ཚོའི་>དགྲ་བོ་དམར་བོའི་སྲིད <གཞུང་གི་མདུན་ནས་རྒྱག་དགོས་པ་རེད།>

    Reply
  10. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    མྱི་ནག་ཚང་དང་གནས་ཚང་གཉིས་ཀྱིས་གསུང་བ་མྱི་སྐད་རེད།དེ་མིན་ཕལ་ཆེ་བ་ཁྱི་སྐད་ཟུག་པ་མ་གཏོགས་གོ་བ་ལོན་གྱི་མི་འདུག
    རྒན་ལྷ་བཟང་ནས་གསུངས་ཟིན་པ་གནས་ལུགས་ཡོདམེད་་དེ་སྦལ་བ་ན་སྐུང་ལྟ་བུ་དག་གིས་གོ་དོན་རྟོགས་རྒྱུ་ཁག་པོ་རེད།

    Reply
  11. རྒྱང་མིག says:
    ལོ་ 13 སྔོན།

    དངོས་གནས་ཡག་པོ་གསུང་འདུག བཙན་བྱོལ་སྤྱི་ཚོགས་ནང་མི་སྐད་གསོན་པོ་བཤད་ཐུབ་མཁན་ཁོང་གཅིག་བུ་མ་གཏོགས་མི་འདུག རྒན་ལྷ་བཟང་ཚེ་རིང་ལགས་ཐུགས་རྗེ་ཆེ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese