༼ བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༤ སྟེང་གི་རྩོམ་སྒྲིག་པའི་གཏམ། ༽
འདས་པའི་བགྲང་བྱ་དྲུག་ཅུར་ཉེ་བའི་རིང་བོད་པ་ཚོས་འཐབ་རྩོད་བྱས་རབས་དང་ལས་འགུལ་སྤེལ་རབས་ཀྱི་ལོ་རྒྱུས་མང་པོ་བགྲང་རྒྱུ་ཡོད་མོད། དོན་དངོས་ཐོག་ལས་འགུལ་དེ་དག་ཆོལ་ཁ་གསུམ་ནང་ཡོངས་ཁྱབ་ཅིག་ཏུ་གྱུར་ཐུབ་མེད་ལ། བོད་ཀྱི་ས་ཁུལ་བྱེ་བྲག་པ་དང་གྲོང་ཁྱེར་བྱེ་བྲག་པ། དགོན་སྡེ་བྱེ་བྲག་པ་འགའ་རེའི་ནང་གྲགས་འགུལ་ཆུང་ངུ་རེ་རྒྱུན་ཆད་མྱོང་མེད་པ་དོན་དངོས་ཡིན་ཡང་། མདོ་དབུས་ཁམས་གསུམ་གྱི་བོད་པའི་ས་གནས་རེ་ཟུང་ནང་བོད་རྒྱའི་གནད་དོན་ཟེར་ན་ཆ་མེད་དང་། ༧རྒྱལ་བ་རིན་པོ་ཆེ་གར་ཕེབས་གར་བཞུགས་ལ་རྒྱུས་མངའ་མེད་མཁན་ཡང་ཉུང་ཉུང་མིན།
ལྷག་པར་དུ་ས་གནས་བྱེ་བྲག་པར་མི་སྒེར་རེ་ཟུང་གིས་སྐད་འབོད་བྱས་པ་དང་སྦྱར་ཡིག་བཀྲམས་པ། རྩོམ་ཡིག་སྤེལ་བ། གླུ་གཞས་བཏང་བ། ལྐོག་ནས་བོད་དོན་དང་འབྲེལ་བའི་ལས་ཀ་ཕྲན་བུ་རེ་བྱས་སྐབས། རྒྱ་གཞུང་གིས་མེ་སྟག་ཕུ་ཐུང་ནང་ནས་བསད་དེ། བོད་དོན་རྒྱལ་སྤྱིའི་ཐོག་ཏུ་བསླེབ་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོས་ཡོད་ལ། བོད་པ་ནང་ཁུལ་ནས་ཀྱང་མི་རབས་རྒན་པ་དག་གི་འདས་དོན་གྱི་རྨ་ཁ་ལོ་ཟླས་བཀབ་ཅིང་། མི་རབས་གསར་པ་དག་གི་ལ་རྒྱ་ཡི་ལང་ཚོ་དམར་སྲིད་ཀྱིས་བཅོམ་སྟེ། བོད་མི་མང་པོ་ཞིག་གིས་བོད་པའི་རྩ་དོན་ངོ་མི་ཤེས་ཤིང་། ཤེས་ཀྱང་རྩོད་མི་ཤེས་པའི་གནས་སྟངས་ཆགས་ཡོད།
དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་མཇུག་ཏུ་བྱུང་བའི་ལྷ་སའི་མི་མང་ཡར་ལངས་ཆེན་མོ་དེ་ང་ཚོས་བོད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དུ་ཚད་གཞི་མཐོ་ཤོས་ཤིག་ཏུ་རྩི་བཞིན་ཡོད་མོད། ས་གནས་བོད་ཀྱི་རྒྱལ་ས་ཡིན་པ་དང་ངོ་རྒོལ་བ་ཆོལ་ཁ་གསུམ་ནས་ཡོད་པ་རིན་ཐང་གི་ངོས་གཞན་ཞིག་ཏུ་བགྲང་ཆོག་མོད། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་མང་ཆེ་བས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་ལ་ཡར་ལངས་ལས་འགུལ་ཞིག་བྱུང་བ་ཙམ་ལས། འོས་ལངས་དེའི་དམིགས་ཡུལ་དང་མངོན་འདོད་ཁམས་དང་ཨ་མདོའི་སྤྱི་དམངས་ཀྱི་འདོད་འདུན་དང་གཅིག་མཚུངས་ཡིན་པ་ཚོར་ཐུབ་མེད་ལ། བོད་རིགས་ཡོངས་ཀྱིས་ཡུན་རིང་སྙིང་དུ་བརྣག་པའི་ཟུག་གཟེར་གྱི་ལྡང་ཕྱོགས་གཅིག་གྱུར་ཡིན་པའང་མཐོང་ཐུབ་མེད།
རྒྱ་ནག་གཞུང་གིས་དུས་རྒྱུན་ནང་ཁུལ་དུ། གྲངས་ཉུང་མི་རིགས་ཁག་གུང་ཁྲན་ཏང་ལ་དགའ་ཞེན་ཆེ་ཡང་། ནུབ་ཕྱོགས་དགྲ་ཟླའི་རྒྱལ་ཁབ་ཀྱི་འདྲེ་ལག་རྒྱལ་ནང་དུ་བརྐྱངས་ཏེ་རྒྱལ་ཁབ་བརྟན་བརླིང་ལ་ཉེན་ཁ་བཟོ་བཞིན་ཡོད་ཚུལ་བརྗོད་དེ་མང་ཚོགས་རྨོངས་འཐོམ་བཟོས་ཤིང་། ཕྱི་ཕྱོགས་སུ། བོད་དང་གྲངས་ཉུང་མི་རིགས་ཁག་ཧ་ཅང་ཞི་བདེ་ལྷིང་འཇགས་ཡིན་ཡང་། མཚམས་རེར་ཏཱ་ལའི་རུ་ཚོགས་ཀྱི་ངན་ཇུས་བོད་ནང་བསླེབས་ཏེ་མི་མང་གི་བདེ་འཇགས་ལ་གནོད་སྐྱོན་བཟོ་བཞིན་ཡོད་སྐོར་བསྒྲགས་ཏེ། རྒྱལ་སྤྱིའི་ཐོག་ནས་ཀྱང་ད་བར་རྒྱ་ནག་གི་མིག་ཤེད་དམར་པོའི་ནང་ནས་བོད་དུ་བལྟས་ཡོད།
ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་བའི་ལས་འགུལ་དེ་བོད་ཆོལ་ཁ་གསུམ་ནང་མེ་ལྕེ་བཞིན་མཆེད་ཅིང་མེ་སྟག་བཞིན་འཐོར་བ་དང་། ལྷག་པར་དུ་ལོ་སྔ་ཕྱིར་བོད་པའི་ས་ཁུལ་ཁག་ཅིག་ནང་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བ་དེས་ཉི་ཤར་སྤར་མོས་མི་འཁེབས་པའི་དཔེ་ལྟར། རྒྱལ་སྤྱིའི་ཐོག་ཏུ་བོད་པའི་འཐབ་རྩོད་དེ་རང་དབང་དང་ཐོབ་ཐང་གི་འཐབ་རྩོད་ཅིག་དང་། བདེན་དོན་དང་འདྲ་མཉམ་གྱི་འཐབ་རྩོད་ཅིག་ཡིན་པ་ར་སྤྲོད་གསལ་བོ་བྱུང་ཡོད་ལ། བོད་པ་ནང་ཁུལ་དུའང་སྟོད་མངའ་རིས་སྐོར་གསུམ་ནས་སྨད་མདོ་ཁམས་སྒང་དྲུག་བར། བརྒྱད་ཅུའི་རྒན་མོ་ནས་ཞག་གསུམ་བྱིས་པ་ཚུན་ལ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་མི་རིགས་ཀྱི་འཐབ་རྩོད་ཅིག་དང་། རྒྱལ་ཁབ་ཀྱི་འཐབ་རྩོད་ཅིག་གི་ཐོག་ཏུ་སྐུལ་འདེད་ཐེབས་ཡོད།