གཟའ་སྤེན་པའི་ཉིན་ངྷ་ས་བདེ་དོན་ལས་ཁུངས་ཀྱིས་ངྷ་སའི་ཚོགས་པ་ཁག་ ༢༥ ཙམ་གྱིས་ཚོགས་མི་རྣམས་འབོད་འགུག་གིས། བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ཐོག་ཟབ་སྦྱོང་ཞིག་སྤྲད་འདུག
ཁ་སང་ཕྱི་ཚེས་ ༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་ངྷ་ས་བདེ་དོན་ཚོགས་ཁང་དུ། ངྷ་ས་ས་གནས་བདེ་དོན་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁོངས་ཀྱི་བཀོད་མངགས་ལྟར། ངྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་ ༢༥ ཙམ་གྱི་ཚོགས་མི་ཚོར་བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་སོང་།
ཟབ་སྦྱོང་གི་ཐོག་མར་མགོ་འཛུགས་སྐབས་བདེ་དོན་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས། ཚོགས་ཞུགས་པ་ཚོར་བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ཐོག་ཟབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་དང་ཁེ་ཕན་སོགས་ངོ་སྤྲོད་གནང་སྟེ། སྨན་བཅོས་བལྟ་སྐྱོང་ལས་གཞི་འདི་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བོད་མི་ཚོར་དམིགས་བསལ་དགོངས་བཞེས་གནང་བ་ཞིག་ཡིན་སྐོར་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ད་ལོའི་ཕྱི་ཟླ་ ༤ པའི་ཟླ་མགོ་ཙམ་ནས་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་དངོས་སུ་ལག་བསྟར་བྱ་རྒྱུ། ལས་གཞིའི་ནང་བོད་མི་གང་མང་འཛུལ་ཞུགས་ཐུབ་ཐབས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཟབ་སྦྱོང་སྤྲད་དེ། ལས་གཞིའི་གལ་ཆེན་རང་བཞིན་སྐོར་མང་ཚོགས་ནང་ཤེས་རྟོགས་ཡོང་དགོས་ཚུལ་སོགས་བརྗོད་བྱུང་།
བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་རྒྱ་གར་ནང་གནས་སྡོད་བྱེད་པའི་སྐྱབས་བཅོལ་བོད་མི་ཚོར་དམིགས་ཏེ། རྒྱ་གར་ (Indian Societies Act 1860) དེབ་སྐྱེལ་འོག་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ལས་གཞི་འདི་བཙན་བྱོལ་བོད་མི་ཚོར་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་བལྟ་སྐྱོང་བྱེད་པའི་ལས་གཞི་ཞིག་ཀྱང་ཡིན་འདུག སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་ཞུགས་མཁན་ཚོས་འཕྲོད་བསྟེན་ལས་ཁུངས་ལ་འགན་ལེན་དོད་སྒོར་སྔ་འདོན་ཞུ་དགོས་ཀྱི་ཡོད་ཅིང་། གལ་སྲིད་ཁྱིམ་ཚང་གཅིག་ལ་མི་ ༢ ནས་ ༥ བར་ཡོད་ན། ལོ་རེར་ཧིན་སྒོར་ ༣༥༦༥།༠༠ ཙམ་སྤྲོད་དགོས་ཤིང་དང་། ཁྱིམ་ཚང་རེར་མི་ ༥ ལས་མང་བ་ཡོད་ཚེ། མི་རེས་ལོ་རེར་ཧིན་སྒོར་ ༧༡༣།༠༠ ཙམ་འཕར་མ་སྤྲོད་དགོས་ལ། དེ་ཚོར་ལོ་རེར་འཕྲོད་བསྟེན་འགན་ལེན་ཧིན་སྒོར་ ༡༠༠༠༠༠ ཙམ་འཐོབ་ཐུབ་ཀྱི་ཡོད། མི་ཧྲེང་དང་གྲྭ་བཙུན་སོགས་ཡིན་ན། མི་རེས་ལོ་རེར་ཧིན་སྒོར་ ༩༥༠།༠༠ ཙམ་རེ་སྤྲོད་དགོས་ཀྱི་ཡོད་། དེ་ཚོར་ལོ་རེར་འཕྲོད་བསྟེན་འགན་ལེན་ཧིན་སྒོར་ ༥༠༠༠༠ ཙམ་རེ་འཐོབ་ཐུབ་ཀྱི་ཡོད། སྨན་བཅོས་ལས་གཞིའི་ཁོངས་ཞུགས་མཁན་ཚོར་ཕྱི་ཟླ་ ༤ ནས་གཞུང་འབྲེལ་ཐོག་གློག་པར་བརྒྱབ་སྟེ་མི་རེར་བྱང་བུ་རེ་བཟོ་རྒྱུ་དང་། གལ་སྲིད་བྱང་བུ་དེ་ཡོད་ན། དོ་བདག་རང་ཉིད་གློ་བུར་དུ་ན་སྐབས་དངུལ་དངོས་སོགས་འཁྱེར་མ་དགོས་པར་བྱང་བུ་གཅིག་པུ་བསྣམས་ཆོག་གི་ཡོད་འདུག སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་ཞུགས་མི་ཐུབ་པའི་བོད་མི་ཉམ་ཐག་རིགས་ལ་སྨན་བཅོས་བལྟ་སྐྱོང་ཚོགས་པས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། དོ་བདག་ལ་སྨན་དོད་བརྒྱ་ཆ་ ༥༥ ཙམ་ཚོགས་ཁོངས་རང་ནས་ནར་གཏོང་གནང་རྒྱུ་ཡིན་འདུག
སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྒྲིག་གཞིའི་ཁོངས་སྨན་བཅོས་དང་ལེན་བྱ་མི་ཆོག་པའི་རིགས་ནི། དགོས་མེད་སྨན་གྲོན་འཕར་གཏོང་བ་དང་། མྱོས་རྫས་དང་ཆང་རག་གིས་རྐྱེན་པས་ནད་གཞི་ཕོག་པ། སྐྱེ་སྒོ་འགོག་པའི་སྨན་བཅོས། ནད་འགོག་སྨན་ཁབ་རིམ་པ་དང་པོའི་འཕྲོད་བསྟེན་སྨན་བཅོས་ཁོངས་ཡིན་པ། རང་སྲོག་གཅོད་པ་དང་འཁྲུག་འཛིང་ཤོར་བའི་རྨས་སྐྱོན། སྨན་བཅོས་ལས་གཞིའི་རྩ་འཛིན་ནང་མ་གསལ་བའི་སྨན་བཅོས་རིགས་བཅས་ཡིན་འདུག
ཟབ་སྦྱོང་ནང་ཞུགས་མཁན་བུ་མོ་ཚེ་རིང་ལགས་ཀྱིས་བརྗོད་དོན། སྨན་བཅོས་བལྟ་སྐྱོང་ལས་གཞི་འདི་བོད་མི་ཕྱུག་པོ་དང་གཞུང་ཞབས་ལས་བྱེད། དེ་མིན་ཚོགས་པ་ཆེ་ཁག་གི་ལས་བྱེད་ཚོར་ཕན་ཐོགས་དེ་ཙམ་མེད་ནའང་། དཀའ་ངལ་ཡོད་པའི་བོད་མི་ཉམ་ཆུང་ཚོར་ཕན་ཐོགས་ཆེ་བ་མ་ཟད། གཟུགས་པོ་ནད་གཅོང་ཡིན་པ་དང་། ཁྱིམ་མི་མང་བ། ཁྱིམ་ཚང་ནང་རྒན་ཁོག་ཡོད་མཁན་ཚོར་དམིགས་བསལ་ཕན་ཐོགས་ཀྱི་འདུག་ཅེས་བརྗོད་བྱུང་།
བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ཚོགས་པའི་ལས་གཞིའི་ནང་བཀོད་གསལ་ལྟར་ན། སྨན་བཅོས་བལྟ་སྐྱོང་ལས་གཞི་འདི་རྒྱ་གར་ནང་གནས་སྡོད་བཙན་བྱོལ་བོད་མི་ཁོ་ན་ཙམ་ལས། བལ་ཡུལ་དང་འབྲུག་བཅས་སུ་ཁྱབ་ཐུབ་ཀྱི་མེད་སྐོར་བརྗོད་འདུག
གསར་འགོད་པ། དཔལ་ལྡན།
ལས་གཞི་འདི་རྒྱུན་སྐྱོང་བྱེད་ཐུབ་ན་དངོས་གནས་ཀྱི་ལས་གཞི་་ཡག་པོ་ཞིག་རེད་།
ལོ་ལྟར་ཟབ་སྦྱོང་དང་གཏམ་བཤད་བྱས་ནས། མི་མང་བདེ་སྡུག་ལ་མ་གཟིགས་ན་།
ཁ་བཤད་ཆུ་ཡི་ལྦུ་བ་། ལག་ལེན་གསེར་གྱི་ཐིག་པ་རང་རེད་།
གློ་བུར་དུ་ཚོགས་མི་འདི་འདྲ་མང་པོ་ཞིག་ཅི་ཞིག་གི་ཆེད་དུ་འཛོམས་ཀིན་འདུག
བོད་དོན་ལ་ཁ་ཡོད་ལག་ཡོད་རེད། འཆར་གཞི་དང་ལས་འཆར་ཞིག་གི་ཆེད་དུ་ཚོགས་པ་འདི་འདྲ་ཞིག་འཛོམས་ཐུབ་ན་ཅི་མ་རུང་། ཚོགས་པ་དང་ཚོགས་མི་ཡོད་ཚད་ཀྱི་བསམ་ཤེས་རེ་བྱེད་དགོས་པའི་དུས་ལ་བབ་འདུག