གཟའ་ཟླ་བའི་ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་འཕྲིན་བསྩལ་ཏེ། “བོད་དུ་ཡོད་པའི་བོད་མི་རྣམས་རང་ཚུགས་མ་ཤོར་བར་བྱས་ཏེ། རང་ཉིད་འགྲོ་བ་མི་ཞིག་དང་བོད་མི་ཞིག་ཡིན་པའི་རིན་ཐང་མ་བརྗེད་པ་གནང་རོགས” ཞེས་འབོད་སྐུལ་ནན་པོ་གནང་འདུག
དེ་རིང་འདིར་གནང་ཚུལ་བཏང་འབྱོར་ལ། ཁ་སང་རེས་གཟའ་ཟླ་བར་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་གསུང་འཕྲིན་ཞིག་ཕེབས་པའི་ནང་བཀོད་དོན། “ ཉེ་དུས་ཐོན་པའི་ཛ་དྲག་གི་གནས་ཚུལ་ཞིག་ལ། བོད་ཤར་ཕྱོགས་སུ་ཉི་མ་གཅིག་གི་ནང་དུའང་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བྱས་ཡོད་འདུག་ཅིང། དེ་ནི་སྤྱི་ཟླ་དང་པོའི་ནང་དུ་བོད་མི་བཞིས་རང་ལུས་མེར་སྲེག་བྱས་པ་དང་། གཞན་རྣམས་སྐད་འབོད་ཁྲོམ་སྐོར་གྱི་ནང་དུ་འདས་གྲོངས་ཕྱིན་པའི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་རེད། གནས་སྟངས་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ནའང་། རྒྱ་ནག་གཞུང་གི་ངོས་ནས་བསམ་གཞིག་དང་། འབྱུང་རྐྱེན་གང་ཡིན་རྟོགས་ཐབས་མ་བྱས་པར་དྲག་གནོན་ཇི་ཆེས་གདོང་ལེན་བྱེད་བཞིན་ཡོད། བོད་མི་རེ་གྲོངས་པའི་གནས་ཚུལ་གསར་པ་རེ་འབྱོར་དུས་ངའི་སེམས་ལ་ཚད་མེད་པའི་ན་ཟུག་དང་སྐྱོ་སྣང་སྐྱེ་ཡི་ཡོད་པས་ཉི་མ་གཅིག་གི་ནང་དུའང་མི་གསུམ་གྲོངས་པའི་གནས་ཚུལ་དེ་ནི་བཟོད་ཐབས་ཡོངས་སུ་བྲལ་བ་ཞིག་རེད། དེས་ན་ཁོང་རྣམ་པས་རང་སྲོག་བློས་གཏོང་གནང་བ་ཆུད་ཟོས་སུ་མ་སོང་བར་ད་ལྟའི་སྲིད་བྱུས་ལ་འགྱུར་བ་ཐེབས་ཏེ་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞི་བདེ་འཐོབ་པའི་རེ་སྨོན་བྱེད་ཀྱི་ཡོད།
ང་ལ་ཀརྨ་པའི་མཚན་ཡོད་པའི་ཆ་ནས། ལོ་ངོ་དགུ་བརྒྱ་ལྷག་པའི་ལོ་རྒྱུས་རིང་ཆབ་སྲིད་ཀྱི་གནད་དོན་གང་ལའང་ཞུགས་མྱོང་མེད་པའི་སྤྲུལ་བརྒྱུད་ཅིག་ཡིན་ཁར། སྒེར་ངོས་ནས་ཀྱང་སྲོལ་རྒྱུན་འདི་ཉིད་ལ་ནམ་ཡང་འགྱུར་བ་གཏོང་འདོད་མེད། འོན་ཀྱང་བོད་མི་ཞིག་ཡིན་པའི་ངོས་ནས་ངས་བོད་མི་དམངས་རྣམས་ལ་ཤ་ཚ་དང་དུངས་སེམས་ཆེན་པོ་ཡོད་པས་ཁོང་ཚོ་སྡུག་བསྔལ་ནང་ཚུད་བཞིན་པའི་སྐབས་ཁ་ཁུ་སིམ་མེར་སྡོད་པ་ནི་མི་འོས་པའི་བྱ་སྤྱོད་ཅིག་ཏུ་མཐོང་སྟེ། ཁོང་རྣམས་ཀྱི་བདེ་སྐྱིད་ནི་ངའི་སེམས་ཁུར་ཆེ་ཤོས་ཤིག་ཡིན།
བོད་མི་རྣམས་ཀྱིས་སྐད་འབོད་ཁྲོམ་སྐོར་དང་རང་ལུས་མེར་སྲེག་བྱེད་པ་ནི་སེམས་གཏིང་གི་འདོད་བློ་མ་ཁེངས་པའི་ཟུག་རྔུ་ལ་གཞན་གྱིས་ངོས་ལེན་མ་བྱས་པར་ལུས་པའི་ནད་རྟགས་ཤིག་རེད། གལ་སྲིད་དངོས་གནས་བོད་མི་རྣམས་ལ་འདོད་པ་དང་མཐུན་པར་སོ་སོའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་རྣམས་སྲུང་སྐྱོབ་བྱེད་བཞིན་འཚོ་བ་སྐྱེལ་ཆོག་པའི་གོ་སྐབས་ཤིག་ཡོད་པ་ཡིན་ན་གྱེན་ལངས་བྱེད་ཀྱི་མ་རེད་ལ་རང་སྲོག་ བློས་གཏོང་དེ་བས་ཀྱང་བྱེད་ཀྱི་མ་རེད།
སྤྱི་ལོ་ ༡༩༥༩ ནས་བཟུང་ང་ཚོ་བོད་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་ཕུང་ཚབས་ཆེན་པོ་བྱུང་མོད། ཕྱོགས་གཞན་ནས་རྐྱེན་ངན་གྲོགས་འཆར་གྱི་ཕན་འབྲས་ཀྱང་སོན་པ་སྟེ། ང་ཚོ་མི་ཉུང་བ་ཞིག་ལ་རང་ཉིད་བོད་རིགས་ཤིག་ཡིན་པའི་རང་ངོ་འཕྲོད་པ་དང། ཆོལ་གསུམ་བོད་མི་རྣམས་གོང་བུ་གཅིག་གྱུར་གྱི་ཚོར་འདུན་སྐྱེད་ཅིང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་ལྟ་བུའི་གཅིག་གྱུར་དབུ་འཁྲིད་ཀྱི་རིན་ཐང་ཡང་མཐོང་ཡོད། རྒྱུ་རྐྱེན་དེ་དག་གིས་ང་ཚོར་རེ་བ་ཆེན་པོ་བྱེད་ཆོག་པའི་རྨང་གཞི་རླབས་ཆེན་ཞིག་བསྐྲུན་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་བཏང་རབས་ཤོད་ཀྱི་ཡོད་ལ། ང་རང་བོད་ལ་ཡོད་དུས་ཀྱང་ཕྱི་དངོས་པོའི་བདེ་སྐྱིད་གང་འཚམས་ཡོད་པ་ཤེས་ཀྱི་ཡོད། འོན་ཏེ་དཔལ་འབྱོར་དང་ཡར་རྒྱས་དེ་དག་གིས་བོད་མི་རང་ངོས་ནས་རྩ་ཆེར་འཛིན་པའི་གནད་དོན་ཐད་ཕན་ཐོགས་མ་བྱུང་ཞིང་། ནང་སེམས་ཀྱི་བློ་ཁ་མ་རྫོགས་པའི་ཕྱི་དངོས་པོའི་ཆ་རྐྱེན་ཙམ་གྱིས་ཆོག་ཐབས་མེད་ལ། བོད་མི་རྣམས་རྒྱུན་དུ་སོ་སོའི་རང་ཚུལ་དང་མཐུན་པའི་སྤང་བླང་གོ་ལྡོག་བྱེད་དགོས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོར་མཚན་སྨད་བྱེད་དགོས་པའི་བློ་དྭོགས་ཀྱི་འཇིགས་སྣང་ངང་གནས་དགོས་ཐུག་ཡོད། རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་དགྲ་བོ་ཡིན་པའི་བསྙོན་འཛུགས་བྱེད་པ་དང་། ༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བར་འཚེ་བ་མེད་པ་དང་ཞི་འགྲིག་གི་འབད་བརྩོན་གནང་བ་ཐམས་ཅད་དྭང་ལེན་མི་བྱེད་ཅིང་། བོད་མི་ཡོངས་ཀྱིས་སྙིང་ཐག་པ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་ཡོད་པའི་དད་པ་དང་དམ་ཚིག་རྣམས་སྣང་མེད་དུ་གཏོང་གི་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་བྲོས་བྱོལ་དུ་ཕེབས་རྗེས་བོད་དུ་སྐྱེས་པའི་བོད་མི་རྣམས་ཀྱིས་ཀྱང་༧གོང་ས་མཆོག་ནི་འདི་ཕྱིའི་སྐྱབས་གནས་དང་ལམ་སྣ་འདྲེན་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ནམ་ཡིན་ཀྱང་སྡང་ཟུག་ཆེན་པོས་བསྙོན་འཛུགས་བྱེད་པ་ནི་སུ་ལ་ཡང་ཕན་ཐོགས་མེད་པ་ཞིག་ཡིན། དོན་དངོས་ལ་བོད་མི་རྣམས་ཀྱི་སེམས་གཏིང་གི་དད་པར་ཕོག་ཐུག་གཏོང་བ་དེས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་རྙེད་པའི་གོ་སྐབས་གཏོར་གྱི་ཡོད། དེ་ནི་ཁེ་ཕན་ཡོད་པ་དང་སྤྱང་གྲུང་ལྡན་པའི་བྱ་བ་ཞིག་མ་རེད།
ང་རང་སྒེར་ངོས་ནས་རྒྱ་ནག་དབུས་གཞུང་གི་དཔོན་རིགས་རྣམས་ལ་འབོད་སྐུལ་ཞུ་རྒྱུར། ས་གནས་ཀྱི་དཔོན་རིགས་ཚོའི་འགྲེལ་བཤད་ཙམ་ལ་ཆ་འཇོག་མ་བྱས་པར་བོད་ནང་གི་བོད་མི་རྣམས་ཀྱི་སེམས་ནང་གི་ན་ཟུག་གང་ཡིན་པ་ངོས་ཟིན་པར་བྱས་ཏེ། དངོས་ཡོད་གནས་སྟངས་གང་ཞིག་འབྱུང་བཞིན་པ་དེར་འགན་ཁུར་གཙང་ལེན་གནང་ན་དེ་ནི་བོད་མི་དང་རྒྱ་ནག་གཞུང་ཕན་ཚུན་བློ་གཏད་ཡིད་ཆེས་ཀྱི་རྨང་གཞི་བཟང་པོ་ཞིག་ཏུ་འགྱུར་གྱི་རེད། བོད་མིའི་གནས་སྟངས་འདི་ཉིད་རྒྱ་ནག་གཞུང་གི་ངོས་ནས་རང་ཕྱོགས་དང་འགལ་བའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་མི་འཛིན་པར་མིའི་རིགས་ཀྱི་ཕན་བདེའི་གཞི་རྩར་ཐུག་པའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་ན་གང་ལས་ཀྱང་ཕན་རླབས་ཆེ་བ་ཡིན།
གཉན་འཕྲང་ཆེ་བའི་དུས་འདིར། ངས་བོད་དུ་ཡོད་པའི་བོད་མི་རྣམས་རང་ཚུགས་མ་ཤོར་བར་བྱས་ཏེ། དཀའ་ངལ་ལ་བཟོད་བསྲན་དང་། ཕུགས་རྒྱང་རིང་པོའི་དམིགས་ཡུལ་བཅང་ནས། ནམ་ཡིན་ཡང་རང་ཉིད་འགྲོ་བ་མི་ཞིག་དང་བོད་མི་ཞིག་ཡིན་པའི་རིན་ཐང་མ་བརྗེད་པ་གནང་རོགས་གྱིས་ཞེས་ཞུ་རྒྱུ་ཡིན།
བོད་ཀྱི་ལོ་སར་བསླེབ་ལ་ཉེ་བའི་སྐབས་འདིར། ངས་བོད་རིགས་དང་རྒྱ་རིགས་ཀྱི་སྤུན་ཟླ་ཕོ་མོ་རྣམས་དང་། རྒྱ་གར་སོགས་འཛམ་གླིང་གང་སར་ཡོད་པའི་ང་ཚོའི་གྲོགས་པོ་དང་། རྒྱབ་སྐྱོར་རོགས་རམ་གནང་མཁན་ཚང་མར། གཏན་གྱི་བདེ་སྐྱིད་དང་། དོན་དམ་པའི་ཞི་བདེ་འཐོབ་པའི་རེ་སྨོན་ཞུ་རྒྱུ་དང་། གཞན་ཡང་ལོ་སར་པ་འདི་ཉིད་འཆམ་མཐུན་གྱི་དུས་སྐབས་ཤིག་ཏུ་གྱུར་ཏེ། ང་ཚོ་ཐུན་མོང་གི་ཁྱིམ་གཞིས་འཛམ་གླིང་འདི་ཉིད་དང་། གང་ཟག་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་བྱམས་བརྩེའི་དཔལ་ཡོན་རྒྱས་པའི་སྨོན་འདུན་ཞུ” ཞེས་བསྟན་འདུག
ཀརྨ་པས་ག་དུས་ཀྱང་ཆབ་སྲིད་ལ་འབྲེལ་བ་མེད་ཚུལ་གསུངས་ཀྱི་འདུག་གནས་ཚུལ་འདི་ཁོང་ལོ་ན་ཆུང་ཞིང་སློབ་སྟོན་པ་མེད་པའི་སྐྱོན་ཆ་རང་རེད། ཁོང་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པས་ལས་ཀ་གང་ཡིན་ན་རང་སྣང་གར་ཤར་མི་བྱ་བར་གཟབ་གཟབ་བྱ་ནས་ཉམས་མྱོང་དང་ཁྱད་ལས་མི་སྣ་ལ་བློ་འདྲི་ན་ཡག་པོ་རེད། ནམ་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་བཞིན་མི་ལ་རྣམ་འགྱུར་ཡག་པོ་བསྟན་རྒྱུ་གལ་ཆེ།
བླ་ཆེན་གཞན་ཚོས་ཀྱང་འདི་ལྟར་འགན་བླངས་ཏེ་བོད་མིའི་བདེ་སྡུག་ཆེད་གསུང་སྐད་འབྱོན་རོགས། ཁྱེད་རྣམས་གཙོ་བོ་བོད་མི་རིགས་ཀྱི་མཚན་གནས་དང་འབྲེལ་ནས་འཚོ་གཞེས་གནང་ཡོད་སྟབས། ལས་འགུལ་ནང་དུ་མཉམ་ཞུགས་མི་ནུས་ཀྱང་མིག་སྔར་གྱི་བོད་དོན་ཐད་བདེན་པའི་ཚིག་འགའ་བརྗོད་ན་འགལ་ཆ་ཅི་ཡང་མི་འབྱུང་བསམ།
རླབས་ཆེན་གྱི་གསུང་འདི་དག་ཤ་ཁྲག་གཅིག་པའི་གཞིས་ལུས་པ་ཚོས་མཐོང་ཐུབ་ཚེ་ཅི་འདྲའི་ཚོར་བ་ཞིག་སྟེར་ཡོང་། རེ་བ་ཡོད་ཆོལ་གསུམ་གྱི་སྤུན་ཟླ་ཚོ། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་སེམས་རྒྱང་དུ་དོར་ནས། མཐུན་འབྲེལ་གྱི་ནུས་ཤུགས་གཅིག་ཏུ་སྒྲིལ་ཡ། ༧གོང་ས༧མཆོག་གི་དགོངས་པའི་རེ་ཡུལ་ཁྱེད་ལས་སུ་ཡོད། ད་དུང་མུ་མཐུད་གསུང་དང་། གཞིས་ལུས་ཚོ་མེའི་ཚ་རླབས་ཀྱི་གདུང་བ་དག རླབས་ཆེན་གྱི་གསུང་གི་བདུད་རྩིས་བསིལ་བའི་རིག་བྱ་ཞིག་སྟེར་ངེས།
ཁྱེད་བཀའ་དྲིན་ཆེ། ཁྱེད་སྐུ་ཚེ་རིང་། ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ། ཁྱེད་ཀྱི་ང་ཚོ་བོད་མི་ཡོངས་ལ་ཐུགས་བརྩེ་བས་བཅིང་པའི་མདུད་པ་དེ་དུས་ནམ་དུའང་མ་གྲོལ་བར་རྗེས་སུ་འཛིན་དང་ང་ཚོའི་ཀྱང་ཁྱེད་ཀྱི་གསུང་ལ་གཙིགས་སུ་འཛིན་ངེས་ཡིན། བོད་རྒྱལ་ལོ།
རྒྱལ་བ་ཀརྨ་པ་མཆོག་གིས་ནད་ཐོག་ལ་སྨན་དང་དུས་ཐོག་ལ་ཆར་པ་ཞེས་པའི་དཔེ་ལྟར་ཉིན་རེ་བཞིན་ཛ་དྲག་འགྲོ་བཞིན་བའི་བོད་ཀྱི་གནད་དོན་ཐད་བཀའ་སློབ་གནང་བར་ཐུགས་རྗེ་ཆེ། བོད་མི་མངས་ཀྱི་རེ་བ་དང་ཡིད་ཆེས་བྱེད་སའི་བླ་ཆེན་དང་དཔོན་ཆེན་ཁྱེད་ཚོའི་གཞི་ལུས་སྤུན་ཟླ་ཚོའི་བདེ་སྡུག་ནམ་ཡང་ཐུགས་ཀྱིས་བརྗེད་མི་སྲིད་ལ་བརྗེད་ཀྱང་མི་འོས་པ་ཞིག་རེད།
དཔལ་སྤུང་སི་ཏིའི་ཀརྨ་པའི་གསུང་ལ་གུས་མདུད་ཡོད། ཡིན་ཡང་གནས་ཚུལ་གཉིས་གི་ཐོག་ངེས་ལེན་གཏན་ནས་མེད། དང་པོ་དེ་༼ལོ་ངོ་དགུ་བརྒྱ་ལྷག་པའི་ལོ་རྒྱུས་རིང་ཆབ་སྲིད་ཀྱི་གནད་དོན་གང་ལའང་ཞུགས་མྱོང་མེད་པའི་སྤྲུལ་བརྒྱུད་ཅིག་ཡིན༽ཟེར་བ་དེ་རེད ཕྱི་ལོ་༡༦༤༢་ཡར་སྔོན་དུ་ལྷ་ལྡན་སྨོན་ལམ་ཆེན་པོ་འཚོགས་མི་ཆོག་པ་བཟོས་དང་ སེར་འབྲས་དགའ་གསུམ་རྩ་མེད་གཏོང་༧ རྒྱལ་པཎ་རྣམ་གཉིས་བཙོན་ལ་འཇོག་དགོས་པའི་འཆར་གཞིའི་ཡིག་ཆ་ཐོག་ཕྱག་ཐམ་བརྒྱབ་པ་དེ་ཚོ་ཆབ་སྲིད་གི་ལས་མིན་ན་གང་རེད། གཉིས་པ་དེ་ བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཆོས་དད་རིགས་གཞུང་བསྲུང་སྐྱོབ་བྱེད་པའི་ཆད་རང་ལུས་མེར་བསྲེག་གཏོང་བ་དེ་ ད་ལྟ་རང་ རང་བཙན་དང་ རང་དབང་མ་ཐོབ་ནས ཆུད་ཟོས་ཡིན་འདོག་འདོག་བཤད་པ་དེ་རེད། གལ་སྲིད་ཁྱེད་ལ་རང་དེ་ལྟ་བུའི་བཀོད་ཁྱབ་གཏང་ཆོག་པའི་ཐོབ་ཐང་ཞིག་ཡོད་ན། ཁྱེད་ཚོས་དེ་འདྲ་མ་བྱེད་དང་ ངས་འདི་ནས་ལམ་ཁ་འདི་འདྲ་ཞིག་སྒང་ནས་བརྩོད་ལེན་བྱེད་ནས་དབུ་ཁྲིད་གི་ཡོད་ཟེར་བའི་ལམ་བསྟོན་ཞིག་དགོས་གི་ དེ་མིན་ཁ་བཤད་སྟོང་པ་གཅིག་གི་ གཅིག་བྱེད་ན་མི་འགྲིགས་འདོག་འདོག་ གཉིས་བྱེད་དོན་མེད་ཡིན་འདོག་འདོག་བཤད་བསྡད་ན་ཡག་པོ་མེད་རེད།
ནགས་ཕྲན་པས་བཤད་པ་དེ་བདེན་པ་རེད་མོད། འཆད་བྱ་འདི་དང་མ་འབྲེལ་བ་ཞིག་རེད། སྐབས་འདིར་རིན་པོ་ཆེས་བཙན་བྱོལ་དུ་གྱར་འགོ་ཚུགས་པ་ནས་བཟུང་བཟང་ངན་གྱི་བྱུང་རིམ་འཆད་ཀྱི་མི་འདུག་གམ། དེ་རང་རང་གི་གོ་བ་ལེན་ཕྱོགས་རེད།
གལ་སྲིད་བཅོས་དགོས་ན། ༼ བཟུང༽་དེ་དོར་ནས་༼ ལོར༽བྲིས་ན་ནང་དོན་ཡོངས་སུ་རྫོགས་འདུག་ལ། ཐུགས་འདུན་ཡང་མངོན་གྱི་མེད་འགྲོ་བསམས།
དཔལ་རྒྱལ་བ་ཀརྨ་པ་མཆོག་གི་གསུང་འཕྲིན་དང་། ཁོང་གི་ཐུགས་ཚོར་གསོན་པོར་བྲིས་འདུག་པར་གུས་པས་ཡི་རིང་དང་གུས་ཞབས་ཞུ། ཡིན་ནའང་། བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་གླེང་ན་”ང་ཚོ་བོད་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་ཕུང་ཚབས་ཆེན་པོ་བྱུང་” བའི་ལོ་ནི་༡༩༥༩ མ་ཡིན་པར་ ༡༩༤༩ ཡིན་པ་རེད། ལོ་དེར་རྒྱ་དམར་སྲིད་གཞུང་གསར་འཛུགས་བྱས་པ་དང་བོད་ལ་བཙན་འཛུལ་བྱས་པ་རེད། ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་བོད་ཕྱོགས་ནས་མི་འདོད་བཞིན་མིང་རྟགས་འགོད་དགོས་བྱུང་བ་དང་བོད་རང་བཙན་གྱི་བདག་དབང་རྒྱ་དམར་སྲིད་གཞུང་ལ་ཤོར་བ་རེད། ད་ལྟའི་བོད་ནང་དུ་རང་ལུས་མེ་རུ་སྤར་ནས་རང་དབང་འཐབ་རྩོད་གནང་མཁན་རྣམས་ནི་ ༡༩༤༩ ལོར་རྒྱ་དམར་སྲིད་གཞུང་གིས་བཙན་འཛུལ་བྱས་པ་དང་། ༡༩༥༨ ལོར་ལུང་པ་དེ་དག་གི་མི་ནོར་ཆོས་གསུམ་ཡོངས་སུ་རྫོགས་པ་ཕལ་ཆེར་རྩ་མེད་བཏང་ཟིན་པའི་གནས་ཚུལ་བྱུང་བའི་ཡུལ་ལུང་ཁག་རེད། ༡༩༥༩ ལོ་ནི་ལྷ་སར་ཞི་བའི་སྒེར་ལང་བྱས་པ་དང་། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་ལོ་དུས་ཙམ་ཡིན་པ་རེད། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་པས་རྒྱལ་དབང་ཀརྨ་པ་མཆོག་ཁོང་ཆབ་སྲིད་ཀྱི་གནད་དོན་ལ་མི་ཞུགས་པའི་སྲོལ་རྒྱུན་ལ་འགྱུར་བ་གཏོང་མིན་གང་ལྟར་ཡང་། ཁོང་གིས་བོད་ཀྱི་བླ་ཆེན་གྱི་མཚན་གནས་བཞེས་པའི་ཐོག་ནས་ལོ་རྒྱུས་ཀྱི་གསུང་བཤད་ཞིག་གནང་པ་ཡིན་དུས་ལོ་རྒྱུས་ལ་འགན་ཁུར་དང་། ལོ་རྒྱུས་ཀྱི་དོན་དངོས་མཁྱེན་པ་གནང་རྒྱུ་ནི་བརྗེད་རུང་གི་མ་རེད་ཞུ་རྒྱུ་ཡིན།
རིན་པོ་ཆེ་མཆོག་ནས་ཐུགས་འཚབ་ཆེན་པོས་བོད་མི་དེ་དག་སྙིང་རྗེ་ནས་གསུང་འཕྲིན་སྩལ་བ་བཀའ་དྲིན་ཆེ་ལ། རིན་པོ་ཆེ་ནས་༼ སྒེར་ངོས་ནས་ཀྱང་སྲོལ་རྒྱུན་འདི་ཉིད་ལ་ནམ་ཡང་འགྱུར་བ་གཏོང་འདོད་མེད།༽ཕེབས་པ་འདི་འདྲ་ནམ་ཡང་མ་གསུངས་རོགས། བོད་དོན་འདི་སངས་རྒྱས་བསྟན་དོན་ཞིག་ཡིན་པ་༧ཐམས་ཅད་མཁྱེན་པས་སྩལ་བ་ལྟར། བོད་མི་རིགས་ཀྱི་རང་དབང་ཆེད་བོད་མི་ཚོས་འདི་འདྲའི་འུ་ཐུག་པའི་ལས་འགུལ་སྤེལ་མི་དགོས་པར་མངོན་འདོད་ལྷུན་གྲུབ་ཡོང་ཕྱིར་ལམ་སྟོན་དང་སྣེ་ཁྲིད་གནང་རོགས་ཞུ་ཞེས་ཞུ་འདོད་བྱུང་ལ། རབ་ཏུ་བྱུང་ན། རིན་པོ་ཆེ་མཆོག་ནས་མེར་བསྲེགས་ལས་འགུལ་མ་སྤེལ་ཞེས་ད་དུང་བསྐྱར་ནན་ཆེན་པོས་བཀའ་གནང་རོགས་ཞུ། གུས་འདུད་བཅས། ཤར་ཕྱོགས་པས།
བོད་ཀྱི་ཉི་ཟླ་སྐར་གསུམ། ལྷན་ཅིག་རྟག་ཏུ་ཤར་ན།
བོད་མི་ཆོལ་ཁ་གསུམ་པོ། དུས་གསུམ་གོང་བུ་གཅིག་གྱུར།
ཡག་པོ་བྲིས་འདུག་གྰ། ད་ཡིན་ན་སྐུ་ན་གཞོན་གཞོན་གྱིས་བླ་སྤྲུལ་འདི་ལ་ཡང་བོད་མིའི་རིན་ཐང་གཅིག་མངོན་བཞིན་འདུག
དེ་ཡང་བོད་མི་རིགས་ཀྱི་ལས་བསྐལ་ཞིག་རེད་ལ་ད་དུང་འཛམ་གླིང་སྟེང་བླ་སྤྲུལ་འདི་པའི་མཛད་འཕྲིན་༸ གོང་ས་མཆོག་ལྟར་རྒྱས་ཐུབ་པའི་རེ་བ་ཡོད།
ཀརྨ་པ་མཆོག་གིས་ཐུགས་ཚབ་ཆེ་བའི་ངང་རླབས་ཆེན་གྱི་གསུང་བཤད་གནང་འདུག སྐུ་དྲིན་ཆེ། ཁོང་གི་གསུང་འཕྲིན་འདི་བསྐྱར་བཀོད་དམ་བསྐྱར་དཔར་ཆོག་གི་ཡོད་དམ།
སྐྱབས་སུ་འཆི། གསུང་རྣམ་པར་དག་པ་རེད།
བོད་མི་རིགས་འདིའི་ལས་དབང་དང་ལན་ཆགས་ཟད་པའི་དུས་ཤིག་ཡོ་ངེས།