ཟླ་འདིའི་ཕྱི་ཚེས་ ༤ ཉིན་འཇར་མན་གྲོང་ཁྱེར་མུ་ནེག་ (Munich) ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་ཚོགས་ཆེན་ཞིག་སྐོང་ཚོགས་གནང་ཡོད་ཅིང་། ཚོགས་འདུའི་སྟེང་ཨ་རིའི་གྲོས་ཚོགས་འཐུས་མིའམ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇོན་མེལ་ཁིན་ལགས་ཀྱིས། རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་ཊང་ཊི་ཅོན་ལ་(zhang zhi jun) ལ་རྒྱ་གཞུང་གི་དྲག་གནོན་འོག་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས། རྒྱ་ནག་ཏུ་དཀྱིལ་ཤར་ཡུལ་གྲུ་ལྟ་བུའི་གསར་བརྗེ་འོས་ལངས་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག
ཉིན་དེའི་ཚོགས་འདུའི་སྟེང་སྐུ་ཞབས་ཇོན་མེལ་ཁིན་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་འོག་བོད་ནང་བོད་མི་ཚོས་ཞི་བའི་ཐོག་རང་ལུས་མེར་བསྲེགས་བཏང་སྟེ། འདས་གྲོངས་སུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་སྐོར་དང་། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་ཡིན་ན། རྒྱ་ནག་ཏུའང་དཀྱིལ་ཤར་ཡུལ་གྲུ་ལྟ་བུའི་གསར་བརྗེ་འོས་ལངས་འབྱུང་སྲིད་པ་ཞིག་ཡིན་སྐོར། ཞི་རྒོལ་ནང་ཞུགས་མཁན་གྱི་འབོད་སྒྲ་ནམ་ཡང་འགོག་ཐབས་མེད་ཚུལ་སོགས་བརྗོད་སྐབས། རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་ཊང་ཊི་ཅོན་གདོང་མདོག་འགྱུར་ཏེ་འཕྲལ་དུ་ལན་འདེབས་བྱས་དོན་ལ། ནུབ་ཕྱོགས་སྲིད་གཞུང་ཁག་གིས་ལོ་ངོ་ ༡༠༩ རིང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ཡོད་སྟབས། ད་ཆར་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་སྐོར་ལན་འདེབས་བྱས་ཡོད་ལ། དེའི་ལན་དུ་ཇོབ་མེལ་ཁིན་ལགས་ཀྱིས། གལ་སྲིད་རྒྱ་གཞུང་གིས་རྒྱ་ནག་མི་དམངས་ལ་རང་གི་མགོ་ཁྲིད་རང་དབང་དང་དྲང་བདེན་ཐོག་འོས་བླུག་སྟེ་གདམ་རྒྱུའི་ཐོབ་ཐང་སྤྲད་ན། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་ཉུང་དུ་འགྲོ་རྒྱུ་ཡིན་སྐོར་ལན་འདེབས་བྱས་འདུག
གསར་འགོད་པ། དཔལ་ལྡན།
ཏག་ཏག་རེད། ཇོན་མེལ་ཁིན་ལགས། སྐུ་ཉིད་ལ་སྲིད་འཛིན་ཀྱིརྒྱལ་ཁ་ཐོབ་པར་སྨོན།།