ཝང་ལིས་ཞུང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།
གཅིག
མིག་སྔའི་བོད་ནི། ཕལ་ཆེར་ ༢༠༠༨ ལ་བསྐྱར་ལོག་བྱེད་ཀྱིན་ཡོད་པ་འདྲ། བསྐྱར་ལོག་བྱེད་པར་དོན་སྙིང་ཡོད་པ་མ་རེད་ཤོད་མི་རུང་། དཔེར་ན་བསྐྱར་ལོག་གི་ངོ་རྒོལ་ཧ་ཅང་གལ་ཆེན་རེད། གནད་དོན་ཞིག་ཡོད་ས་ནི་ངོ་རྒོལ་བ་ཚོའི་ཕྱོགས་ལ་མ་རེད། དེ་ནི་ངོ་རྒོལ་ཕོག་སའི་ཕྱོགས་དང་། ངོ་རྒོལ་བ་ཚོའི་སྐུ་ཚབ་ཕྱོགས་ལ་རེད། ལོ་བཞིའི་དུས་ཚོད་ནི་ཐུང་ཐུང་མིན་ལ། འདིའི་རིང་ཕྱོགས་གཉིས་ཀའི་བྱ་ལུགས་བྱེད་ལུགས་སྔར་ལྟར་རྒྱུན་མཐུད་ཀྱིན་ཡོད་པ་ལས་མདུན་སྐྱོད་དམ་མཆོངས་བརྒལ་གྱི་རྣམ་པ་སྤུ་ཙམ་མངོན་རྒྱུ་མེད།
ངོ་རྒོལ་ཕོག་སའི་ཕྱོགས་འདིས་རང་འདོད་ངང་ངོ་རྒོལ་བ་ཚོར་སྔ་མ་ལྟར་གདོང་ལེན་བྱེད། མི་འདྲ་ས་གཅིག་ནི། དྲག་གནོན་བྱེད་ཤུགས་སྔར་ལས་ཆེ་བ་དེ་རེད། ངོ་རྒོལ་བ་ཚོའི་སྐུ་ཚབ་མཚོན་པའི་ཕྱོགས་དེས། དེ་སྔ་ལྟར་ངོ་རྒོལ་བ་ཚོའི་རྗེས་སྙེག་གིན་ཡོད། ངོ་རྒོལ་བ་ཚོ་ཁ་གྲམ་པའི་རྣམ་འགྱུར་སྒོ་ནས་མུ་མཐུད་ངོ་རྒོལ་སྒེར་ལངས་བྱེད་ལ། སྐུ་སྲོག་ཕུལ་ཡང་སྔར་བཞིན་གྲུབ་འབྲས་ཐོན་མེད་ནའང་། བྱ་ཐབས་སྔར་ལས་ཐ་ཆད་པའི་རྣམ་པ་བསྟན། གལ་ཏེ། ༢༠༠༨ ལོའི་རྗེས་ནས། ཕྱོགས་གཉིས་གང་རུང་ནས་གུ་ཡངས་ཀྱི་རྣམ་པ་ཅུང་ཕྱིར་མངོན་བྱས་ཚེ། ད་ཆ་འདི་ལྟར་ངོ་རྒོལ་བསྐྱར་ལོག་བྱ་དགོས་ཐུག་གི་མ་རེད།
ལོ་དེར་རྒྱ་ནག་གི་མགོ་པས་གཙོ་ཁྲིད་བྱས་པ་དང་གཡོན་དུ་ཕྱོགས་ཏེ་རིག་གསར་ལས་འགུལ་སྤེལ་ནས་ཆོས་ལུགས་རྩ་གཏོར་བྱས་པ་རེད། ཡང་ཧུའུ་ཡོ་པང་གིས་གཡས་སུ་ཕྱོགས་ཏེ་རྒྱ་མི་བོད་ནས་ཁ་བྲལ་དགོས་གླེང་བ་རེད་པས། བོད་ཀྱི་སྲིད་ཇུས་འགྱུར་ཚད་འདིར་མིག་ཅེར་ནས་ལྟ་དགོས་པའི་ཚད་རེད། དེ་རིང་གི་རྒྱ་ནག་ནི་དཔོན་ངན་ཚོགས་ཁག་གི་འཕྲུལ་ཆས་རེད། འཕྲུལ་ཆས་ལ་ལྡབ་ལས་ཀྱི་གོ་རིམ་ཞིག་ལས་ཅི་ཡང་མེད་པ་བཞིན། བོད་ལ་བཏོན་པའི་དྲག་གནོན་སྲིད་ཇུས་དང་དཔལ་འབྱོར་བསླུ་བྲིད་གཉིས་ཀ་དཔོན་ངན་ཚོའི་ཐོན་རྫས་རེད། འདི་ཚོར་རྩ་བ་ནས་མདུན་སྐྱོད་ཡོད་མི་སྲིད།
བོད་ནང་གི་བོད་མི་ཚོ་བཙན་གནོན་འོག་ཡོད་དུས། རང་དབང་བའི་བརྒྱུད་ལམ་དང་འཁོེར་ཡུག་མེད་པས་སྒྲིག་བཀོད་བྱེད་ཐབས་མེད། བྱེད་ཐུབ་པ་གཅིག་རང་ཡོད་པ་ནི། མི་རྐྱང་རྟ་རྐྱང་ངམ་ཡང་ན། གནས་སྐབས་མཉམ་འདུས་ཀྱིས་ངོ་རྒོལ་བྱེད་རྒྱུ་ལས་མེད། རང་བསྲེགས་ནི་དེ་འདྲའི་ངོ་རྒོལ་གྱི་རྩེ་མོར་སོན་པ་དེ་རེད། འདི་ལས་འདའ་འགོངས་བྱ་ཐུབ་པའི་གཞི་གཅིག་རང་ཡོད་པ་དེ། ཕྱི་སྡོད་བོད་མི་ཚོ་རེད། དེ་ན་སྒྲིག་འཛུགས་ཡོད་པ་རེད་ལ། རྟེན་གཞི་ཡོད་པ་རེད། དཔལ་འབྱོར་ཡོད་པ་རེད་ལ། ཤེས་ཡོན་ཡོད་པ་རེད། བསམ་བློའི་དབུ་ཁྲིད་ཡོད་པ་རེད་ལ། སྐྱེས་ཆེན་བླ་མའང་ཡོད། དེས་མ་ཚད། སྤྱི་ཚོགས་ཚོགས་སྡེ་དང་གསར་འགྱུར་བརྒྱུད་ལམ། དེ་བཞིན་རྒྱལ་སྤྱིའི་རོགས་རམ་བཅས་ཡོད་པ་རེད། ཅི་སྟེ། བོད་ནང་གི་བོད་མི་ཚོའི་སོང་ཤུལ་རྐྱང་རྐྱང་དེད་ནས་གསལ་བསྒྲགས་འདྲ་སྤེལ་བའམ། ཡང་ན་ངོ་རྒོལ་བར་རྒྱབ་སྐྱོར་བྱེད་པ། བསྔོ་སྨོན་གསོལ་འདེབས་བྱེད་པ་སོགས་ནི། སྤྱིར་བཏང་འགྲིག་པ་རེད། དེ་ཡང་དགོས་ཀྱི་ཡོད་པ་རེད། རེད་དེ། དེ་ནི་ཚད་བརྒལ་གྱི་ཐབས་ལམ་ཞིག་ཏུ་གཏན་ནས་བགྲང་ཐུབ་ཀྱི་མེད། དེས་ན། བོད་ནང་གི་བོད་མི་ཚོར་དགོས་པ་ནི་ཁ་གསལ་གཏིང་གསལ་གྱི་ཁ་ཕྱོགས་ཤིག་དང་། དམིགས་འབེན་མངོན་འགྱུར་གྱི་ཐབས་རྩལ་ཞིག་རེད།
གཉིས།
རྨ་ཆུའི་འགྲམ་གྱི་རྒད་པོས་བཤད་དོན། སྔ་དུས་རྨ་སྟོད་ན་ལམ་བུ་མེད་པས། ཤིང་གཅོད་པ་ཚོ་གཙང་ཆུར་བརྟེན་ནས་ཤིང་ཆ་དབོར་འདྲེན་བྱ་རྒྱུ་ཁོ་ན་ལས་མེད། ཧ་ཅང་གུ་དོག་པའི་རྨ་ཆུའི་གྲོག་རོང་འགའ་ན་ཆུ་འོག་ནས་བྲག་རྡོ་རྩི་ཤིང་ལྟར་འགྲེངས་པས། སྐབས་རེར་ཤིང་ཆའང་འཐོགས་ནས་རྗེས་ཞུགས་ཤིང་འདྲུད་པ་ཚོའི་ཤིང་དག་ཀྱང་དེ་ན་འཁགས་ཡོང་། དེ་ལྟར་ཇེ་བསགས་ཇེ་མང་དུ་སོང་ནས་མཐར་ཆུ་ལམ་རྦད་དེ་འགོག་པའི་ཤིང་རྩེག་ཅིག་ཏུ་འགྱུར་འགྲོ དེའི་ཚེ་ན་ཐབས་རྩལ་ལེགས་ཤོས་ཤིག་འདོན་རྒྱུ་ནི། ཕན་ཚུན་བསྣོལ་བའི་ཤིང་རྩེག་དེའི་ཁྲོད་ནས་གནད་འགག་ཅན་གྱི་ཤིང་ཐུར་གཅིག་ངོས་གཟུང་རྒྱུ་དེ་རེད། དེ་ནི་ཤིང་རྩེག་དེའི་སྲོག་ཤིང་ཡིན་པས་རེད། གལ་ཏེ་དེ་འདྲ་བའི་སྲོག་ཤིང་དེ་བྲེགས་བཏང་ན། ཤིང་རྩེག་དེ་མ་ཉིད་དུ་ཧུར་ཆིལ་ལེར་ཉིལ་ནས་འགྲོ་ལ། གནད་འགག་བཀྲོལ་ན་དཀའ་ལས་ཡོད་རྒུ་སེལ་ཐུབ་གྱི་ཡོད་པས་རེད། དེ་ལྟར། བོད་ཀྱི་དཀའ་རྙོག་སེལ་བ་ལ་ཡང་། འདི་ལྟ་བུའི་གསང་གནད་ཅིག་འཚོལ་ཐུབ་མིན་ལ་རག་ལས་ཡོད།
ངས་ནི་དེ་ཐབས་རྩལ་ཞིག་རང་ཡིན་པར་ངོས་བཟུང་ཡོད། ཕར་ཕྱོགས་ཀྱི་རིང་ལུགས་པས་ཅི་ལྟར་ལྟ་གིན་ཡོད་ན། ཚུར་ཕྱོགས་ནས་དེ་ལན་ཐབས་རྩལ་འཆུག་མེད་ཅིག་འདོན་དགོས། མདོ་བསྒྲིལ་ནས་བཤད་ན། སྤྱི་ཚོགས་ཀྱི་རྣམ་པ་འདྲ་མིན་ནང་དུ་ཐབས་ལམ་ཡང་སྣ་ཚོགས་ཡོད་པ་སྟེ། བཀས་བཀོད་དང་། སྤྱི་མཐུན། དབང་གསུམ་དབྱེ་འཛུགས། གྲོས་ཚོགས་ལམ་ལུགས་སོགས་ནི་ཐབས་ལམ་མ་ཡིན་པ་ཅི་ཡང་མེད། གལ་ཏེ་སུ་ཞིག་ལ་ཐབས་ལམ་མེད་ན་རིང་ལུགས་ཤིག་བཟུང་ཡོད་ཀྱང་སྟོང་པ་རེད། སྤྱི་ཚོགས་ཀྱི་ཐབས་ལམ་བཅོས་སྒྱུར་བྱེད་པར་རིང་ལུགས་ངེས་པར་དེ་ཉིད་དུ་ཡོད། འཛམ་གླིང་ལ་ཐབས་ལམ་དགོས། བོད་ཀྱི་དཀའ་རྙོག་སེལ་བར་ཐོག་མར་ཐབས་རྩལ་རྙེད་དགོས་སོ།།
གསུམ།
ཏཱ་ལའི་བླ་མས་བཏོན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་བསམ་འཆར་དེ་གྲོང་གསེབ་ནས་མགོ་འཛུགས་དགོས་པ་ངས་བཤད་ཡོད། ངས་སྔོན་ནས་བསམ་པ་ལྟར་དོགས་པ་ཞིག་ཡོད་པ་ནི། རྒྱ་མིས་བྱེད་ཆོག་པ་དེ་བོད་མིས་བྱེད་ཆོག་གི་མེད། དེ་ཡང་ཁ་བྲལ་བ་སྙད་བཏགས་ནས་དྲག་གནོན་བྱེད་སྲིད་པ་རེད། གནད་འགག་ཐུག་ས་ནི། ཁྱོད་ཀྱིས་གྲོང་གསེབ་ནས་བརྩམས་ཏེ་རང་སྐྱོང་གི་ལས་འགུལ་མ་སྤེལ་བ་དེ་འདིར་བསམས་ནས་མ་འགུལ་བ་ཨེ་ཡིན། མ་གཞི་
གཞུང་ལམ་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱེད་པ་ལ་ཡང་དྲག་གནོན་བྱེད་ཀྱི་ཡོད་པ་མ་རེད་དམ། ཁྱོད་ཀྱིས་ཅི་ཡང་མ་བྱས་ན་མ་གཏོགས་དྲག་གནོན་ཡོད་ཡོད་པ་རེད། གང་ལྟར་ཡང་། ང་ལ་སྐད་ཆ་རྙིང་པ་འདི་ལས་མེད་པ་སྟེ། ཁྱོད་ཀྱིས་རང་བསྲེགས་ཀྱི་བྱ་བར་ཡང་ཞེད་ཀྱི་མེད་དུས། ད་དུང་དྲག་གནོན་ལ་སྐྲག་གི་ཡོད་པ་རེད་དམ།
མི་རེ་འགས། འུ་ཁན་བ་ཚོའི་བྱེད་སྟངས་དེ་ནི་གྲོང་ཚོ་གཅིག་གི་མཉམ་སྡེབ་བློ་སྟོབས་རེད། རང་བསྲེགས་ནི་མི་སྒེར་པ་ག་གེ་མོའི་སྙིང་སྟོབས་ཙམ་ལས་དགོས་ཀྱི་མེད་དུས་མི་འདྲ་ཟེར་ན། དེ་ལྟ་ན། ངོ་རྒོལ་ལས་འགུལ་ལ་ཞུགས་མཁན་བོད་མི་ཁྲི་སྟོང་མང་པོ་ཡོད་པ་དེ་མཉམ་སྡེབ་ཀྱི་བློ་སྟོབས་མ་རེད་དམ། དེས་དངོས་གནས་མེ་མདའི་ཁ་ཅོ་ལ་གདོང་གཏོད་ཀྱི་ཡོད་པ་རེད། དེ་གྲོང་གསེབ་རང་སྐྱོང་གི་བློ་སྟོབས་ལས་ལྡབ་འགྱུར་གྱིས་ཆེ་བ་རེད། གྲོང་གསེབ་རང་སྐྱོང་ནི་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་ལ། མིང་དོན་ལུགས་མཐུན་རེད། དེས་མ་ཚད། རང་བསྲེགས་དང་གཞུང་ལམ་གྱི་ངོ་རྒོལ་སོགས་ལས་ཉེན་ཁ་དཔེ་མེད་ཆུང་གི་རེད། བློ་སྟོབས་ཆེན་པོ་དེས་ཉེན་ཁ་ཆུང་ཆུང་ཞིག་ལ་གདོང་གཏོད་རྒྱུར། ཅིའི་ཕྱིར་དུ་ཡིད་སྤྲོ་བས་འཇུག་གི་མེད་པ་རེད།
དེ་མིན་དོགས་པ་གཞན་ཞིག་ཡོད་པ་ནི། དབང་འཛིན་པས་བོད་མིའི་གྲོང་གསེབ་རང་སྐྱོང་ཁས་ལེན་བྱེད་ཀྱི་མ་རེད་ཟེར་བ་དེ་རེད། དེ་དངོས་འབྲེལ་རེད། ཡིན་ནའང་། གསལ་པོ་ཤེས་དགོས་པ་ཞིག་ནི་གྲོང་གསེབ་རང་སྐྱོང་ཟེར་བ་མདོ་དོན་སུས་ཁས་ལེན་གྱི་རེད། སུའི་གནད་དོན་རེད། གྲོང་གསེབ་ཀྱི་དོན་དམ་དབང་ཆ། གྲོང་མི་ཚོས་ཁས་ལེན་ཡོད་མེད་ལ་རག་ལས་ཡོད་པ་ལས་དབང་འཛིན་པས་ཁས་བླངས་མིན་མ་རེད། གལ་ཏེ་གྲོང་མི་ཚོས་རང་ཉིད་ཀྱི་ངོས་ལེན་བྱེད་ཕྱོགས་འབའ་ཞིག་ལ་རྒྱུན་འཁྱོངས་བྱ་ཐུབ་ན། མཐའ་མའི་ཕྱིར་འཐེན་རྒྱག་མཁན་དེ་དབང་འཛིན་པ་ཚོ་རང་རེད། ༼ དཔེར་ན། ཀོང་ཏུང་འུ་ཁན་གྲོང་ཚོ་ལྟ་བུ་རེད།༽ གྲོང་ཚོའི་རང་སྐྱོང་ཟེར་བ་འདིར་མི་རིགས་ཀྱི་གྲོས་དོན་ཆེན་པོ་གཏོགས་ཀྱི་མེད། འདི་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་མཐུན་གྱི་ཡོད། གྲོང་མིའི་རང་སྐྱོང་གིས་ཁྲོམ་ཐོག་ངོ་རྒོལ་དང་རང་བསྲེགས་ཀྱི་ཚབ་བྱས་ཏེ་སོང་ན། དབང་འཛིན་མཁན་ལ་ཡང་ཁེ་ཕན་མེད་པ་མིན་དུས། ཨུ་ཚུགས་མཐར་སྐྱེལ་གྱིས་ཁས་ལེན་མི་བྱེད་པ་བྱ་མི་སྲིད།
ཏན་ཏན་རེད། རང་སྐྱོང་གི་ལས་འགུལ་ནི་སྤྱིར་བཏང་བ་རེད། ཁྲོམ་ཐོག་ནས་ངོ་རྒོལ་བྱེད་པ་ལྟ་བུའི་མི་སེམས་འགུལ་བྱེད་མེད་ལ། མེ་མདས་བསད་སོང་ཟེར་བ་ལྟ་བུའི་མི་མང་གིས་ཐོས་རྒྱུའང་མེད། གནད་འགག་ནི་ལས་དོན་གང་ཞིག་སྐུལ་སྤེལ་བྱས་རུང་གོམ་པ་ཕྱི་མ་གང་དུ་འདོར་དགོས་མིན་བལྟ་རྒྱུ་དེ་གལ་ཆེན་རེད། དཔེར་ན། ལས་དོན་འདི་མུ་མཐུད་མདུན་སྐྱོད་བྱ་ཐུབ་ས་རེད་དམ་མ་རེད། མ་ཟད། གོམ་པ་ཕྱི་མ་རེ་རེ་དང་། དེའི་ཕྱི་མ་སོགས་ཀྱིས་དམིགས་འབེན་དང་ཉེ་བར་བཅར་ཐུབ་ཀྱི་འདུག་གམ་མི་འདུག་བཅས་རེད། ཁྲོམ་ཐོག་ངོ་རྒོལ་སྐད་འབོད་ཀྱི་གོམ་པ་ཕྱི་མ་ག་རེ་རེད། དྲག་འགུལ་རེད་དམ། འོས་ལངས་རེད་དམ། གསར་བརྗེ་རེད་དམ། སྲིད་གཞུང་བརྗེ་བསྒྱུར་རེད་དམ། དེ་ཚོ་སྲིད་ལེ་ཨེ་རེད། རང་བསྲེགས་ཀྱི་གོམ་པ་ཕྱི་མ་ག་རེ་རེད། འཛམ་གླིང་གི་གཙོ་རྒྱུག་གླེང་བྱ་ཞིག་ཏུ་འགྱུར་དགོས་པ་རེད་དམ། དེ་ནས་རྒྱལ་སྤྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་རེད་དམ། བོད་ཀྱི་གནད་དོན་འདི་ལྟར་བྱས་ནས་སེལ་ཐུབ་བམ། སེལ་ཐུབ་ཀྱི་ཨེ་རེད།
འོན་ཏེ། གྲོང་ཚོ་རང་སྐྱོང་གི་གོམ་པ་ཕྱི་མ་ཧ་ཅང་གསལ་པོ་རེད། དེ་ནི་རང་སྐྱོང་རྒྱུན་གནས་བྱེད་རྒྱུ་དེ་རེད། རང་སྐྱོང་ནི་དམིགས་ཡུལ་རེད། དེར་གྲོང་མི་རང་སོ་སོས་སྟངས་འཛིན་བྱེད་པ་ལས་མི་གཞན་སུས་གསོལ་རས་གནང་བའི་གྲུབ་འབྲས་ཤིག་མིན། གལ་ཏེ་གྲོང་ཚོ་ཞིག་རང་སྐྱོང་རྙེད་སོང་ན། དེ་ནས་གྲོང་ཚོ་རང་ཉིད་ནང་ཁོངས་ཀྱི་རིག་གནས་དང་། ཆོས་ལུགས། སྐྱེ་ཁམས་སོགས་གཅེས་སྲུང་བྱེད་ཐུབ་ཀྱི་རེད། འདི་ལྟ་བུའི་གྲོང་ཚོ་གང་མང་འཕེལ་ཚེ། སྲུང་སྐྱོབ་ཁྱབ་ཁོངས་ཀྱང་རྒྱ་སྐྱེད་བྱ་ཆོག གྲོང་ཚོ་རང་སྐྱོང་ནས་ས་གནས་རང་སྐྱོང་བར་གཞི་ཁྱོན་ཙམ་ལས་མི་གཅིག་པ་མེད། ཞང་དང་གྲོང་བརྡལ་གང་རུང་ཞིག་གི་གྲོང་ཚོ་ཕལ་ཆེ་བ་རང་སྐྱོང་མངོན་འགྱུར་ཐུབ་ན། དེ་ནས་བདམས་ཐོན་བྱུང་བའི་གྲོང་དཔོན་ཚོ་ཞང་གྲོང་རྒྱུན་ལས་ཨུ་ཡོན་ནང་གཟུད་ཆོག་གི་རེད། རིམ་བཞིན་ཞང་གྲོང་རང་སྐྱོང་སྤེལ་དགོས། དེ་བཞིན་དུ་རྫོང་གང་རུང་ཞིག་གི་ཞང་གྲོང་ཕལ་ཆེ་བ་རང་སྐྱོང་མངོན་འགྱུར་ཐུབ་པ་ཡིན་ན། སྔར་བཞིན་བདམས་ཐོན་ཞང་གྲོང་མགོ་དཔོན་ཚོ་རྫོང་རྒྱུན་ཨུད་ནང་གཟུད་ཆོག དེ་ལྟར་རྫོང་རང་སྐྱོང་ནས་མི་རིགས་ས་ཁོངས་རང་སྐྱོང་མངོན་འགྱུར་མ་ཐུབ་བར་རྒྱ་བསྐྱེད་དགོས།
གལ་ཏེ། ངྷ་རམ་ས་ལས་ཅིས་ཀྱང་འབོད་སྐུལ་འདྲ་བྱེད་ཀྱི་ཡོད་ན། བོད་ནང་གི་བོད་མི་ཚོས་སྔ་མོ་སྔ་མོ་ནས་བརྩམས་ཟིན་པའི་ལོ་གསར་མི་གཏོང་བ་ཟེར་བ་སོགས་ཡིན་མི་འོས་ལ། བསྐྱར་བཤད་ཡང་བཤད་བྱས་ནས་གོས་གང་གྱོན་དགོས་པ་དང་། གང་ཞིག་དཀྲི་དགོས་པ་བཅས་ནི་རྣམ་པ་ཙམ་རེད། འདི་རིགས་ནི་དེ་སྔོན་ཐེངས་མང་བྱས་ཚར་བ་རེད། འདིས་ཕན་རྒྱུ་ལས་ལྡོག་སྟེ་རྒྱ་ནག་སྲིད་གཞུང་གིས་དགྲར་བལྟས་ནས། ཕྱི་ཕྱོགས་ནས་ནང་ཁུལ་ལ་སྒྲིག་བཀོད་བྱས་པ་རེད་ཟེར་ནས་སྐྱོན་འདོགས་བྱ་བྱེད་ལས་མེད།
ངས་བལྟས་དུས། ངྷ་རམ་ས་ལས་འབོད་སྐུལ་འདི་འདྲ་བྱེད་འོས་པ་སྟེ། བོད་ནང་གི་གྲོང་ཚོ་སོ་སོར་རང་སྐྱོང་མངོན་འགྱུར་ཡོང་བ་བྱས་ན། མིག་སྔའི་དཀའ་རྙོག་སྣ་ཚོགས་སེལ་ཐུབ་ཀྱི་རེད་བརྗོད་དགོས། ངྷ་རམ་ས་ལས་འདི་དོན་འཆར་གཞི་ཞིབ་འཇུག་བྱེད་འོས་ལ། ཚོད་ལྟ་བྱེད་པ་དང་མི་སྣ་གསོ་སྦྱོང་བྱེད་པ། བོད་ནང་ཁུལ་དུ་སྐུལ་འདེད་བྱེད་དགོས། འདིར་རྣམ་པ་ཅི་ལྟ་བུའི་སྒོ་ནས་བྱས་པ་ཡིན་ནའང་། རྒྱ་ནག་རང་གི་རྩ་ཁྲིམས་དོན་འཁྱོལ་ཡོང་ཆེད་རོགས་ཕན་སྒྲུབ་ཀྱི་ཡོད་པ་རེད། དེ་ནི་རྒྱ་ནག་རང་ཉིད་དང་མཉམ་ལས་བྱེད་ཀྱི་ཡོད་པ་ལས་འགལ་ཟླ་སྒྲུབ་ཀྱི་ཡོད་པ་མ་རེད། པེ་ཅིང་དང་བོད་ཁུལ་གྱི་དབང་འཛིན་པ་ཚོར་གཞོགས་འདེགས་བྱེད་ཀྱི་ཡོད་པ་ལས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་རེད། འདི་ལྟར་བྱས་པས། དེ་ནས་བཟུང་སྟེ་ཅི་བྱེད་འདི་བྱེད་མེད་པར་གཞན་ལ་འཁྲིལ་དགོས་པའི་དཀའ་སྡུག་གཟེད་དགོས་ཀྱི་མ་རེད་ལ། ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་གོམ་ཁའང་འདི་ནས་མགོ་བརྩམས་ཏེ་དོན་འགྱུར་ཐུབ་ཀྱི་རེད།
རྒྱ་ནག་སྲིད་གཞུང་གིས་འདིར་ཐུགས་རྗེ་ལེགས་འབུལ་བྱེད་པར་རེ་བ་རྒྱག་མཁན་མི་སུ་ཡང་མེད་པ་ཨ་ཅང་བརྗོད་མེད་རེད། ཡིན་ནའང་རྒྱ་ནག་མི་དམངས་ཀྱིས་འདིར་ཏན་ཏན་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་ཀྱི་རེད། གང་ཞེ་ན། ཁོང་ཚོས་ཀྱང་རང་སྐྱོང་རྩོད་ལེན་བྱེད་ཀྱིན་ཡོད་པ་གཅིག་མཚུངས་ཡིན་པའི་ཕྱིར། དེས་ན། མ་འོངས་པའི་རྒྱ་ནག་ནི། རྒྱ་ནག་མི་དམངས་ལ་དབང་ངེས་ཡིན། གལ་ཏེ་ ༢༠༠༨ ལོའི་རྗེས་ནས་བོད་མིས་གོང་ལྟར་བགྱིེས་ཡོད་ཚེ། དེ་རིང་སླར་ཡང་བསྐྱར་ལོག་གི་རྣམ་པ་འདི་ཡོང་དགོས་ཀྱི་མ་རེད། ཡིན་ནའང་། ཁྱོད་ཀྱིས་དེ་རིང་ཡང་བསྐྱར་སྔ་མ་ལྟར་མགོ་རྩོམ་གྱི་མེད་ཚེ། རྗེས་མ་ད་དུང་ཡང་མུ་མཐུད་བསྐྱར་ལོག་ཡོང་རྒྱུ་ལས་ལྟ་ཅི། །
༢༠༡༢ ། ༢ ། ༨ ལ།
མ་ཡིག་འོད་ཟེར་པོད་ཁུག་www.woeser.middle-way.net འདི་ལ་གཟིགས་རོགས།
ཝང་ལགས་ཀྱིས་གསུང་པའི་”གྲོང་གསེབ་ཀྱི་དོན་དམ་དབང་ཆ། གྲོང་མི་ཚོས་ཁས་ལེན་ཡོད་མེད་ལ་རག་ལས་ཡོད་པ་ལས་དབང་འཛིན་པས་ཁས་བླངས་མིན་མ་རེད། གལ་ཏེ་གྲོང་མི་ཚོས་རང་ཉིད་ཀྱི་ངོས་ལེན་བྱེད་ཕྱོགས་འབའ་ཞིག་ལ་རྒྱུན་འཁྱོངས་བྱ་ཐུབ་ན། མཐའ་མའི་ཕྱིར་འཐེན་རྒྱག་མཁན་དེ་དབང་འཛིན་པ་ཚོ་རང་རེད། ༼ དཔེར་ན། ཀོང་ཏུང་འུ་ཁན་གྲོང་ཚོ་ལྟ་བུ་རེད།༽ “ཞེས་གསུང་བ་འདི་ལ་དོན་ལ་མེད་པའི་ཉོག་བཤད་ཅིག་རེད་བསམ། མཐའ་མའི་ཕྱིར་འཐེན་བྱེད་མཁན་དེ་དབང་འཛིན་པ་ཚོ་ཡིན་ན་ད་ཚོད་རྔ་བ་ནས་དབང་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་དེ་ཕྱིར་འཐེན་བྱས་ཟིན་དགོས་ངེས་རེད། གང་ལགས་ཤེ་ན་ད་བར་དུ་རྔ་བ་གཅིག་བུར་རང་སྲེག་བྱེད་མཁན་བོད་མི་བཅོ་ལྔ་བྱུང་བ་རེད། ད་དུང་མ་འཐེན་ན་ག་དུས་འཐེན། མདོར་ན་ཐུག་ས་རང་ཅག་མི་རིགས་ཐ་དད་ཡིན་སྟབས་གཅིག་ཤོས་ཀྱིས་གཅིག་ཤོས་ལ་བརྩེ་སེམས་དེ་མེད་པའི་གནད་ལ་ཐུག་ཡོད། གཅིག་ཤོས་ལ་ནུབ་ཕྱོགས་པར་ཡོད་པའི་བསམ་བློའི་སྔོན་ཐོན་དེ་མེད་པ་ལ་ཐུག་ཡོད། དེ་མིན་གལ་སྲིད་རྒྱའི་དམག་མི་དེ་དག་ནུབ་ཕྱོགས་པའི་མི་རིགས་ཤིག་ཡིན་ན་ད་ཚོད་ང་ཚོའི་རྒྱབ་དུ་ལང་ནས་གཞུང་གི་ཐད་དུ་འགྲེང་ཡོད་ངེས། རྒྱ་གར་སོགས་ལ་རང་བཙན་རག་པ་དེ་དབྱིན་ཇི་སོགས་དབང་འཛིན་པའི་མིའི་ནང་དུ་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་བྱུང་ལ་ཡང་ཐུག་ཡོད་པ་ལས་གྷན་དི་གཅིག་བུས་སམ་རྒྱ་གར་མི་མང་གཅིག་བུས་ནུས་ཤུགས་ཀྱིས་རྒྱ་གར་རང་བཙན་རག་པ་ཞིག་མིན་པ་དེ་མཁྱེན་དགོས།
གལ་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་ནང་བཞིན་ཆེ་ས་ནས་མར་དམངས་གཙོ་གནང་བ་ཡིན་དེ་ལས་ལྷག་ཅིག་མེད་མོད། རྒྱ་གཞུང་འོག་ལ་འདི་གཏན་ནས་ཡོང་རེ་མེད་པས། ཆུང་ས་ནས་མེ་ཁ་མི་གསོ་རང་གསོ་རེད།
མིང་ཙམ་ཟེར་བ་འདི་ཡང་བོད་མི་རང་ཉིད་ལ་འགན་མེད་པ་དང་ཐབས་རྩ་བ་ནས་མེད་པ། བྱ་བ་སྒྲུབ་རྒྱུ་མེད་པ་ཞིག་གཏན་ནས་མ་རེད། གོང་ནས་དྲག་པོས་དབང་སྒྱུར་ནས་དཔོན་པོ་བསྐོས་ཡོང་ན་བྱེད་ཐབས་དཀའ་ཡང་རང་གིས་རང་དཔོན་འདེམས་སྐལ་ཞིག་སྤྲོད་ཀྱིན་པར་རང་འགན་ངོ་མ་ཞིག་འཁུར་ལོས་དགོས།
ཆེ་སའི་བོད་གཅིག་གྱུར་གྱི་རང་སྐྱོང་མ་རག་བར་དུ། ཆེས་གལ་ཆེ་ཤོས་ཀྱི་བྱ་བ་དེ་ཆུང་སའི་རང་སྐྱོང་གི་ལས་དོན་རིགས་ཚགས་ཚུད་གནས་ཐབས་བྱ་དགོས་ངེས་ཡིན། འདི་ནི་ནད་པ་ཞིག་ལ་མཚོན་ན་ཉིན་རེའི་ཟས་བཅུད་དང་སྨན་ཐུན་ལྟ་བུ་ཡིན། ཡང་ན་ལུས་ཟུངས་གསོ་ཐབས་གཙོ་བོ་དེ་ཡིན།
གལ་ཏེ་གཅིག་གྱུར་གྱི་རང་སྐྱོང་མ་ཟད་རང་བཙན་ཐོབ་པ་ཡིན་ན་ཡང་རང་ཁ་རང་གིས་གསོ་ནུས་མེད་པ་གསོ་མི་ཤེས་པ་གསོ་བར་ཁ མི་འཆམ་པ་སོགས་ཡིན་ན་དེ་ཡང་མིང་ཙམ་ལས་ཅི་ཡང་མིན། དཔེར་ན་བལ་ཡུལ་ལྟ་བུའི་རྒྱལ་ཁབ་དག་ལ་ལྟོས་དང་མིང་ཙམ་གྱི་རྒྱལ་ཁབ་ཅིག་མ་རེད་དམ།
རྒྱ་རིགས་མཁས་དབང་ཝང་ལྰི་ཞུང་ལགས་ཀྱིས།
ལོ་དེར་རྒྱ་ནག་གི་མགོ་པས་གཙོ་ཁྲིད་བྱས་པ་དང་གཡོན་དུ་ཕྱོགས་ཏེ་རིག་གསར་ལས་འགུལ་སྤེལ་ནས་ཆོས་ལུགས་རྩ་གཏོར་བྱས་པ་རེད། ཡང་ཧུའུ་ཡོ་པང་གིས་གཡས་སུ་ཕྱོགས་ཏེ་རྒྱ་མི་བོད་ནས་ཁ་བྲལ་དགོས་གླེང་བ་རེད་པས། བོད་ཀྱི་སྲིད་ཇུས་འགྱུར་ཚད་འདིར་མིག་ཅེར་ནས་ལྟ་དགོས་པའི་ཚད་རེད། དེ་རིང་གི་རྒྱ་ནག་ནི་དཔོན་ངན་ཚོགས་ཁག་གི་འཕྲུལ་ཆས་རེད། འཕྲུལ་ཆས་ལ་ལྡབ་ལས་ཀྱི་གོ་རིམ་ཞིག་ལས་ཅི་ཡང་མེད་པ་བཞིན། བོད་ལ་བཏོན་པའི་དྲག་གནོན་སྲིད་ཇུས་དང་དཔལ་འབྱོར་བསླུ་བྲིད་གཉིས་ཀ་དཔོན་ངན་ཚོའི་ཐོན་རྫས་རེད། འདི་ཚོར་རྩ་བ་ནས་མདུན་སྐྱོད་ཡོད་མི་སྲིད། ཅེས་ཀྱང་གསུངས་འདུག་པས་་་་
ཝང་ལི་ཞུང་གིས། དམངས་གཙོའི་གཞི་རྐང་འཛུགས་ཚུལ་ལ་ཆེ་ས་ནས་བོད་རང་སྐྱོང་ལྗོངས་དང་འབྲིང་ས་ནས་བོད་རང་སྐྱོང་ཁུལ། ཆུང་ས་ནས་རང་སྐྱོང་རྫོང་གི་བར་ཟེར་བ་དེ་ནི་ང་ཚོའི་འདོད་འདུན་གྱི་མིང་དོན་མཚུངས་པའི་ཚད་མཐོའི་རང་སྐྱོང་དེ་མིན་ན། དེང་སྐབས་རྒྱ་གཞུང་གིས་མི་རིགས་རང་སྐྱོང་ཟེར་བ། དཔེར་ན། ཆེ་ས་བོད་རང་སྐྱོངས་ལྗོང་དང་། ཆུང་ས་རྨ་ལྷོ་སོག་རྫོང་གི་རང་སྐྱོང་ལྟ་བུའི་རང་སྐྱོང་གི་ཐོབ་ཐང་ཅུད་ཀྱང་མེད་པའི་མིང་སྐམ་དེ་འདྲའི་ང་ཚོར་ཕན་ཅིག་ཡོད་ན???????????????
ཆེ་ས་ནས་བོད་རང་སྐྱོང་ལྗོངས་དང་འབྲིང་ས་ནས་བོད་རང་སྐྱོང་ཁུལ། ཆུང་ས་ནས་རང་སྐྱོང་རྫོང་གི་བར་ཚང་མས་རང་ཉིད་ཀྱི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བར་གཙོ་བོ་རང་ཉིད་ཀྱིས་འགན་ཁུར་དགོས་པ་དང་ཡར་ལ་གཏུགས་དགོས་པ། མར་ལ་བཤད་དགོས་པ། ལས་མཚམས་འཇོག་པ། ལས་ཀའི གནད་དོན་ཐད་ལ་སྐད་འབོད་དང་ངག་བཅད་ངོ་རྒོལ་སོགས་སྤེལ་ནས་མི་རིགས་ས་གནས་རང་སྐྱོང་རེ་རེ་མིང་དོན་ཡོང་བར་འབད་བརྩོན་བྱ་རྒྱུར་སྲོག་གི་ཉེན་ཁ་བརྒྱུད་མི་དགོས་པའི་དོན་ཕན་ཅན་གྱི་ལས་རིགས་མང་པ་དག་ཅིག་ཡོད་པ་གལ་ཆེན་པོར་འཛིན་དགོས་ཚུལ་བདག་གིས་ཀྱང་དེ་སྔ་ཞིག་ནས་ཡིག་ངག་གཉིས་ཐོག་ནས་བཤད་ཡོད།
ཝང་ལི་ཞུང་གིས་དམངས་གཙོའི་གཞི་རྐང་འཛུགས་ཚུལ་གཙོ་བོར་གླེང་གིན་ཡོད་པས་ངས་འདི་ལ་མོས་མཐུན་དང་རྒྱབ་སྐྱོར་གཙང་མ་ཡོད།
དཔེར་ན། ངའི་ཕ་ཡུལ་རྨ་ལྷོ་སོག་རྫོང་ནང་ལ་རྫོང་དཔོན་འདེམས་དུས་མི་མང་གི་རེ་བའི་མི་དེ་བདམས་རྗེས་ཡང་བསྐྱར་གོང་རིམ་ནས་འོས་གཞི་བཏོན་པ་ཁོ་ནའི་ནང་ནས་འདེམས་དགོས་པ་རེད་ལབ་དུས། མི་མང་གིས་འོ་ན་ང་ཚོར་རང་དབང་མེད་ན་ཁྱེད་རང་ཚོ་ལ་སུ་ཞིག་དགོས་ན་དེ་འདེམས་རོགས་ཤོད་དང་དེ་རང་འདེམས་ཆོག་ཅེས་སྤོ་ལངས་པའི་སྐད་ཆ་དེ་བཤད་འདུག་པར་མ་ཟད་འོས་ཤོག་ཀྱང་གོང་རིམ་གྱི་འདོད་བློ་ཡོད་པའི་མི་དེ་ལ་འཕངས་པ་རེད་ཟེར། འདི་རྒྱལ་བ་རེད་དམ་ཕམ་པ་རེད། རྣམ་འགྱུར་འདིས་ཕན་ག་རེ་ཐོགས།
ངོ་མ་ཡིན་ན་གནད་དོན་འདི་འདྲར་ཐུག་དུས་འོས་ཤོག་ཡང་འཕེན་བསྐྱར་འཕེན་བྱེད་བཅུག་ན་ཡང་རང་གི་མོས་མཐུན་ཡོད་པའི་མི་དེ་ཁོ་ནར་འཕངས་ནས་སྡོད་དགོས་ལ། ཡང་ན་འོས་ཤོག་རྩ་བ་ནས་འཕེན་གི་མིན་ཞེས་ངོ་རྒོལ་བྱེད་དགོས། ཐབས་ལམ་འདི་གཉིས་ཀྱིས་གང་ཞིག་བྱས་ཀྱང་མི་མང་ཚང་མ་བཙོན་ལ་འཇུག་ས་མི་འགྲོ་ལ་གཅར་རྡུང་བྱེད་ས་ཡང་མི་འགྲོ།
ད་དུང་མི་དམངས་ཀྱིས་རང་གི་འདོད་མོས་མེད་པའི་དཔོན་པོ་དེས་དམངས་དོན་དང་རང་སྐྱོང་གི་བྱ་བ་ཡག་པོ་མ་བསྒྲུབས་ན་དེ་ལ་ངོ་རྒོལ་ཡང་བྱེད་ཐུབ་ཀྱིན་མེད། རང་གི་མི་ལ་རང་གི་མི་དམངས་ཀྱིས་ངོ་རྒོལ་བྱེད་མ་ཐུབ་པ་དེས་དཔོན་ངན་མང་པོ་ཞིག་སྐྱག་ལངས་ལ་བཏང་ཡོད། སྐད་ཆ་གཞན་ཞིག་ནས་བཤད་ན་རལ་སུངས་སུ་གྱུར་བ་རེད།
མདོར་ན། ཁྱིམ་ཚང་ཞིག་ཡག་པོ་ཡོང་བར་ཁྱིམ་དཔོན་གྱིས་གཙོས་ནང་མི་ཚང་མས་ཡག་པོ་སྒྲུབ་དགོས་ལ། སྡེ་བ་ཞིག་ཡག་པོ་ཡོང་བར་སྡེ་དཔོན་གྱིས་གཙོས་མི་ཚང་མས་ཤུགས་རྒྱག་དགོས། དེ་བཞིན་རྫོང་དཔོན་དང་ཁུལ་དཔོན་སོགས་ཀྱང་སྤུས་དག་ཏུ་གཏོང་ཐུབ་རེ་ཡོད་པ་ཞིག་རེད། དམངས་གཙོའི་རྨང་གཞི་ནས་རུལ་སོང་ན་ཡལ་འདབ་དག་ལ་ལོ་མ་དང་མེ་ཏོག་ཤར་ན་ཡང་མཛེས་སྣང་ཙམ་རེད།