ཁ་སང་ཧིན་རྡུ་གཙུག་ལག་སློབ་ཆེན་དུ་ལོ་འཁོར་སྤྲོ་ཚོགས་ཤིག་ཚོགས་སྐབས། མཐོ་སློབ་དེའི་བོད་རིཊ་སློབ་ཕྲུག་ ༦ གིས་བོད་རྒྱལ་ཁབ་ཀྱི་མཚན་ཐོག་ནས་བོད་ཀྱི་རྒྱལ་དར་འཕྱར་ཏེ་རྒྱལ་གླུ་བཏང་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༧ པའི་སྟེང་། རྒྱ་གར་རིག་གཞུང་གི་ཕ་ས་རུ་འབོད་པའི་གྲོང་ཁྱེར་ཝ་རཱ་ཎ་སིའི་ཧིན་རྡུ་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་དུ། འཛམ་གླིང་རྒྱལ་ཁབ་ ༢༡ ཙམ་ནས་ཡོང་བའི་སློབ་གཉེར་བ་ ༣༠༠ ལྷག་གིས།༼ International house complex , annual day ༽ཞེས་པའི་ལོ་འཁོར་ཉིན་མོ་སྲུང་བརྩི་བྱས་ཡོད་འདུག་ལ། མཛད་སྒོའི་སྐུ་མགྲོན་དུ་གཙུག་ལག་སློབ་ཆེན་དེའི་སློབ་སྤྱི་གཞོན་པ་མཆོག་དང་དགེ་རྒན་ལས་བྱེད་བཅས་ཁྱོན་མི་བཅུ་ཕྲག་ལྷག་གདན་ཞུས་གནང་འདུག
མཛད་སྒོའི་སྟེང་འཛམ་གླིང་རྒྱལ་ཁབ་གང་ས་ནས་ཡོང་བའི་སློབ་མ་ཚོས། སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་རྒྱལ་གླུ་གཏོང་བ། གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་ལྟར། སྐབས་དེར། གཙུག་ལག་སློབ་གྲྭ་དེར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་ ༦ ཙམ་གྱིས་ཀྱང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཚབ་བྱས་ཏེ། བོད་ཆས་གྱོན་ཏེ། སྡིངས་ཆའི་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་འདོན་པ། གླུ་གཞས་སོགས་བཏང་ཡོད་འདུག
ཧིན་རྡུ་གཙུག་ལག་སློབ་ཆེན་དེར་ལོ་རྒྱུས་རབ་འབྱམས་པའི་གནས་རིམ་ཐོག་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་ཞིག་གིས་བརྗོད་ན། ད་ཆར་གཙུག་ལག་སློབ་གྲྭ་དེར་རྒྱལ་ཁབ་ ༥༠ ཙམ་གྱི་སློབ་མ་ ༡༤༠༠༠ ཡོད་ཅིང་། དེ་དག་ཁྲོད་ཀྱི་མང་ཆེ་བ་རྒྱ་གར་བ་ཡིན་འདུག སློབ་གྲྭ་དེར་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་སློབ་མ་ཡང་གང་འཚམ་ཡོད་ཀྱང་། མདང་དགོང་གི་ལོ་འཁོར་དགོང་ཚོགས་དེར་རྒྱ་རིགས་སློབ་མ་རྣམས་མཉམ་ཞུགས་བྱས་མི་འདུག ཁོང་གིས་བརྗོད་དོན། “ བོད་ལ་རང་བཙན་རག་མེད་ཀྱང་། མདང་དགོང་གི་འདུ་འཛོམས་དེའི་སྟེང་ནས་ང་ཚོར་རང་བཙན་རག་སོང་སྙམ་པའི་ཚོར་བ་རྣོན་པོ་ཞིག་སྤྲད་སོང་། ལྷག་པར་དུ། བོད་རིགས་སློབ་མ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་རྒྱལ་གླུ་གཏོང་སྐབས། མང་ཚོགས་ཀྱིས་ཕྱག་བརྡབ་སྟེ་དགའ་བསུ་གནང་སོང་ལ། སྐབས་དེར་ངའི་རོགས་པ་ཚོའང་དགའ་ནས་ངུ་བཞིན་འདུག ” ཅེས་བརྗོད་སོང་།
འདི་ཡང་གོ་སྐབས་རེད། གོ་སྐབས་འཇུས་པ་རེད། ང་ཚོས་ནམ་ཡིན་རུང་གོ་སྐབས་འདི་དང་འདི་འདྲ་ཤོར་མི་འཇུག་རྒྱུ་གལ་ཆེ། ལྷག་དོན་མཐོ་རིམ་སློབ་མ་ཚོ་དང་། ལས་ཀྱི་སྣེ་མོ་བ་ཚོས།
འདི་འདྲའི་གདིང་ཆ་ཞིག་ནས་བོད་མི་རིགས་ཀྱི་ཁྱད་ཆོས་སྟོན་ཐུབ་པ་ཡག་པོ་བྱུང་འདུག་སྙིང་ནས་དགའ་བསུ་ཞུ།
སྤྱིར་བཏང་ནས། གོ་སྐབས་དང་། རང་གི་རྣམ་དཔྱོད་ནི་ཧ་ཅང་གི་གལ་ཆེ་ལ། ཆབ་སྲིད་ཙམ་གྱི་དགོས་པ་མིན་པར་རང་གི་མེ་ཚེའི་འགྲན་བརྡུར་རམ། ཡང་ན། སྐབས་ཀྱི་འདུ་འཛོམས་ལའང་གཟི་བརྗིད་དང་། སྤྲོ་སེམས། ངར་ཤུགས་སོགས་ཡོང་ཐུབ་རྒྱུ་རེད། ཡུལ་གྱར་བ་ཚོ་ལ་དངོས་གནས་སེམས་ཀྱི་འཆར་སྒོ་མང་པོ་འདུག ཐུགས་རྗེ་ཆེ།