དེ་རིང་ཆོལ་གསུམ་ཆིག་སྒྲིལ་ཚོཊ་པས་གསལ་བསྒྲགས་ཤིག་སྤེལ་ཏེ། མི་འགྱངས་བར་རྒྱལ་ཚོཊ་དང་ཡུ་རོབ་མནའ་འབྲེལ། ལྡི་ལི་གཞུང་ཚབ་ཁག་བཅས་ལ་བོད་ཕྱི་ནང་གཉིས་སུ་མེར་བསྲེཊ་བཏང་བའི་བོད་མི་ ༢༥ གྱི་སྐུ་པར་དང་ལོ་རྒྱུས། དེ་བཞིན་གནས་སྟངས་དེ་འབྲེལ་གྱི་དགོས་འདུན་དོན་ཚན་ ༣ བཅས་འབུལ་རྒྱུ་ཡིན་ཟེར།
དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་སའི་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ། བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་དང་། དྲུང་ཆེ་བསོད་ནམས་ཕུན་ཚོགས་རྣམ་གཉིས་ཀྱིས་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐངས་ཏེ། ཆིག་སྒྲིལ་ཚོགས་པའི་ངོས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཆེད། སང་ཉིན་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མནའ་འབྲེལ། ལྡི་ལིར་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་ལ། ད་བར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་བཏང་བའི་བོད་མི་༢༥ ཙམ་གྱིས་སྐུ་པར་དང་ལོ་རྒྱུས། དེ་བཞིན། གནས་སྟངས་དེ་དང་འབྲེལ་བའི་དགོས་འདུན་དོན་ཚན་ཅན་༣ཅན་གྱི་ཞུ་ཡིག་སོགས་འབུལ་འཆར་ཡོད་སྐོར་བརྗོད་སོང་།
དགོས་འདུན་དོན་ཚན་གསུམ་ནི། གཅིག རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམག་མི་འཕར་སྣོན་བྱེད་པ་དང་དྲག་གནོན་སྲིད་བྱུས་མཚམས་འཇོག་དགོས་རྒྱུ། གཉིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་དགོས་རྒྱུ། གསུམ། བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་གྲོས་མོལ་གནང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་འདུག
ཆོལ་གསུམ་ཆིག་སྒྲིལ་ཚོཊ་པའི་ཞུ་ཡིག་དེའི་ནང་འཁོད་དོན།“ ༢༠༠༩ ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་ད་ལོའི་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་བར། བོད་ནང་དུ་ཁྱོན་བོད་མི་སེར་སྐྱ་ ༢༣ གྱིས་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། བཙན་བྱོལ་ནང་དུའང་བོད་མི་སེར་སྐྱ་ ༢ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད་མི་ ༡༦ འདས་གྲོངས་ཕྱིན་ཡོད་ལ། གཞན་རྣམས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ ” ཅེས་འཁོད་འདུག
ཞུ་ཡིག་དེའི་ནང་མུ་མཐུད་དུ་འཁོད་དོན། “ ༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་རྒྱ་མི་རིགས་རྣམས་ལོ་སར་གྱི་དགའ་སྟོན་ལ་རོལ་བཞིན་པའི་སྐབས། བོད་ནང་གི་ས་ཁུལ་ཁག་ཅིག་གི་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་བྱས་པར། རྒྱ་ནག་དྲག་ཆས་དམག་མིས་མང་ཚོགས་ཁྲོད་མེ་མདའ་གང་བྱུང་བརྒྱབ་སྟེ། བྲག་མགོ་རྫོང་དུ་བོད་མི་ ༤ དམར་གསོད་བཏང་བ་དང་། གསེར་རྟ་རྫོང་དུ་བོད་མི་ ༢ དམར་གསོད། འཛམ་ཐང་རྫོང་དུ་བོད་མི་ ༡ དམར་གསོད་བཏང་སྟེ། ཁྱོན་བོད་མི་ ༧ ཙམ་མངོན་སུམ་འཛེམས་མེད་ཀྱིས་དམར་གསོད་བཏང་ཡོད་ ” ཅེས་འཁོད་ཡོད།
མཐའ་མར་ཞུ་ཡིག་དེར། “ ཉེ་ཆར་བོད་ནང་གི་ས་ཁུལ་མང་པོ་ཞིག་གི་ནང་ལྷག་དཀར་སྲུང་བརྩི་དང་ཞི་རྒོལ་རིམ་པར་བྱུང་སྐབས། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་སྤྱི་དང་བྱེ་བྲག་ཞི་རྒོལ་བྱུང་ཡུལ་གྱི་ས་གནས་ཁག་གི་དྲ་རྒྱ་དང་། ཁ་པར་གྱི་བརྒྱུད་ལམ་སོགས་བཀག་འགོག་བྱས་ཏེ་དྲག་གནོན་ཚད་མེད་བྱས་ཡོད་སྟབས། ད་ཆར་བོད་མི་ཅི་ཙམ་མནར་གཅོད་དང་དམར་གསོད་བཏང་ཡོད་པ་གསང་བའི་གནས་སུ་གྱུར་ཡོད། ཆོལ་གསུམ་དབུས་རྒྱུན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཆེད། སྔ་ཕྱི་ཚོགས་སྐྱིད་ཁག་བཅུ་དང་ཐུན་མོང་ཐོག་ཐེག་ཆེན་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཐེངས་གསུམ་དང་། ལོ་སར་ཚེས་ ༣ ཉིན་ཡང་དགེ་འདུན་འདུས་མང་གི་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་གོ་སྒྲིག་ཞུས་ཡོད་ ” ཅེས་འཁོད་འདུག
མཐར་མར་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་བརྗོད་དོན་ལྟར་ན། སང་ཉིན་ནས་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་རྒྱུན་ལས་རྣམས་ལྡི་ལི་སོགས་ས་གནས་ཆེ་ཁག་ཏུ་བསྐྱོད་དེ། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མནའ་འབྲེལ། ཕྱི་རྒྱལ་གཞུང་ཚབ་ཁག་ལ་བོད་ནང་གི་གནས་སྟངས་ཞུ་སྐུལ་གནང་རྒྱུ་ཡིན་པ་དང་། གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ། རྣམ་པ་མི་འདྲ་བའི་ལས་འགུལ་ཁག་མུ་མཐུད་སྤེལ་འཆར་ཡོད་འདུག
བསྟན་པའི་དངོས་གྲུབ་ལགས་ཀྱིས་བོད་ནང་གི་གནས་སྟངས་དང་འབྲེལ་ཏེ། བཙན་བྱོལ་ནང་གནས་སྡོད་བོད་མི་ཚོར་འབོད་སྐུལ་གྱི་ཚུལ་དུ་བརྗོད་དོན། “ བོད་ནང་གི་གནས་སྟངས་ཧ་ཅང་ཡིད་སྐྱོ་བའི་སྐབས་འདིར། རང་དབང་ལུང་པར་སྡོད་མཁན་བོད་མི་ཚོས་གཞུང་གིས་གོ་སྒྲིག་གནང་གི་རེད་ཟེར་བ་འདྲ་བོ་དང་། གཞོན་ནུས་གོ་སྒྲིག་གནང་གི་རེད་ཟེར་ནས་སྒུག་བསྡད་པ་དེ་འདྲ་མ་ཡིན་པར། ཚོགས་པ་སྐྱིད་སྡུག་ཁག་དང་བོད་མི་སྒེར་བ་སོ་སོའི་ངོས་ནས་འགན་ཞིག་བླངས་ཏེ། ལས་འགུལ་ཆེ་འབྲིང་ཆུང་གསུམ་ནང་མཉམ་ཞུགས་ཀྱིས། བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་པ་ཞིག་གནང་དགོས། བོད་ནང་རྒྱལ་གཅེས་པ་ཚོས་རང་སྲོག་བློས་གཏོང་སྐབས། ཚུར་ཕྱོགས་ནས་ང་ཚོས་གཅིག་གིས་གཅིག་ལ་ལྟད་མོ་བལྟས་ཏེ་བསྡད་ན་འགྲིག་གི་ཡོད་པ་མ་རེད། ང་ཚོར་རང་དབང་ལུང་པའི་ནང་སྨྲ་བརྗོད་རང་དབང་དང་ལས་འགུལ་སྤེལ་རྒྱུའི་ཐོབ་ཐང་ཚང་མ་ཡོད་སྟབས། བོད་མི་མི་རེ་ངོ་རེས་དང་བླངས་ཐོག་ག་དུས་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྣ་ཅོག་ཚ་བོ་བཟོ་ཐུབ་པ་ཞིག་གནང་དགོས་པ་རེད་ ” ཅེས་བརྗོད་བྱུང་།
བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་ནི། ༡༩༦༤ ལོར་གསར་འཛུགས་གནང་ཡོད་པ་མ་ཟད། ཚོགས་པ་འདི་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ལ། ད་ཆར་ཚོགས་པ་འདིར་རྒྱུན་ལས་ཚོགས་མི་ ༡༡ ཙམ་ཡོད་འདུག
གསར་འགོད་པ། དཔལ་ལྡན།
ཁྱུང་སྲས་ལགས། ༡མི་ཡིས་སློབ་སྦྱོང་སྦྱོང་བྱེད་ཀྱི་འདུག་ངས་ཀྱང་སློབ་སྦྱོང་བྱེད་རྒྱུ་ཟེར་ན་འགྲིག་གམ། ༢ཆིག་སྒྲིལ་ཚོགས་པའི་ལས་འགུལ་གྱི་ཐབས་ལམ་ཇི་ལྟར་མི་འཚམས་སམ། ༣ཕྱག་ལས་མི་འགྲིགས་པའི་རྒྱུ་མཚན་ཅི་ཡོད་དམ། ༤རང་ཉིད་དྲྭ་འབུ་ཡིན་མིན་རང་ཉིད་ཀྱི་མཆན་གྱི་དག་ཆ་དང་། ནང་དོན་ལ་གཟིགས་དང་། ༥ང་ཚོ་དྲྭ་འབུ་ཚོར་དྲྭ་ཐོག་ན་ས་མིག་ཡོད། ཁྱོད་ཀྱིས་དགག་སྒྲུུབ་ཀྱི་སྒོ་ནས་འཕུད་ཐུབ་ན་མ་གཏོགས། རང་སྣང་འགྲོ་ས་མེད་པཱ། ༦རང་གཞན་སུས་ཀྱང་ཕྱག་ལས་ཡག་པོ་གནང་ན་རྗེས་སུ་རང་མ་བྱས་ཀྱང་རང་བྱུང་རེད། དེར་སྐྱུགས་བྲོ་ན་ཁྱོད་རྒྱུན་དུ་སྐྱུགས་ལ་སྡོད་ལགས།
བཀའ་དྲིན་བླ་ལྷག་ཏུ་ཆེ། ཅི་ཙམ་གྱི་ལས་འགུལ་མང་བ་དང་། ལས་འགུལ་སྣ་མང་ཅན། ལས་འགུལ་རྒྱུན་རིང་བ་བཅས་བྱེད་རྒྱུ་གལ་འགངས་ཧ་ཅང་ཆེ།
བསྟན་པའི་དངོས་གྲུབ་ལགས་ཀྱིས་བོད་ནང་གི་གནས་སྟངས་དང་འབྲེལ་ཏེ། བཙན་བྱོལ་ནང་གནས་སྡོད་བོད་མི་ཚོར་འབོད་སྐུལ་གྱི་ཚུལ་དུ་བརྗོད་དོན། “ བོད་ནང་གི་གནས་སྟངས་ཧ་ཅང་ཡིད་སྐྱོ་བའི་སྐབས་འདིར། རང་དབང་ལུང་པར་སྡོད་མཁན་བོད་མི་ཚོས་གཞུང་གིས་གོ་སྒྲིག་གནང་གི་རེད་ཟེར་བ་འདྲ་བོ་དང་། གཞོན་ནུས་གོ་སྒྲིག་གནང་གི་རེད་ཟེར་ནས་སྒུག་བསྡད་པ་དེ་འདྲ་མ་ཡིན་པར། ཚོགས་པ་སྐྱིད་སྡུག་ཁག་དང་བོད་མི་སྒེར་བ་སོ་སོའི་ངོས་ནས་འགན་ཞིག་བླངས་ཏེ། ལས་འགུལ་ཆེ་འབྲིང་ཆུང་གསུམ་ནང་མཉམ་ཞུགས་ཀྱིས། བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་པ་ཞིག་གནང་དགོས། བོད་ནང་རྒྱལ་གཅེས་པ་ཚོས་རང་སྲོག་བློས་གཏོང་སྐབས། ཚུར་ཕྱོགས་ནས་ང་ཚོས་གཅིག་གིས་གཅིག་ལ་ལྟད་མོ་བལྟས་ཏེ་བསྡད་ན་འགྲིག་གི་ཡོད་པ་མ་རེད། ང་ཚོར་རང་དབང་ལུང་པའི་ནང་སྨྲ་བརྗོད་རང་དབང་དང་ལས་འགུལ་སྤེལ་རྒྱུའི་ཐོབ་ཐང་ཚང་མ་ཡོད་སྟབས། བོད་མི་མི་རེ་ངོ་རེས་དང་བླངས་ཐོག་ག་དུས་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྣ་ཅོག་ཚ་བོ་བཟོ་ཐུབ་པ་ཞིག་གནང་དགོས་པ་རེད་གསུང་ལ་མངོན་པར་བསྟོད་དོ།།
ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་ལས་འགུལ་སྤེལ་བར་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། ཚོགས་གཙོ་མཆོག་གིས་གཞུང་དང་ཚོགས་པ་ཁག་ལ་མ་ལྟས་པའི་སོ་སོས་རང་འགུལ་འགན་རེ་ཁུར་ཏེ་ལས་འགུལ་སྤེལ་དགོས་ཚུལ་གསུང་པར་མངོན་པར་བསྟོད།
དོན་དངོས་ཐོག་བོད་ཀྱི་བདེན་མཐའ་ཞིག་གསལ་བའི་རེ་བ་དང་ཕན་འབྲས་ཞིག་ཡོད་ཚེ་མི་རེས་ངོས་ནས་འགན་ཁུར་དགོས་བ་སྨྲོས་མེད་ལ་ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་ལས་འགུལ་དེར་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། དེ་མིན་ཁ་ཤས་ཀྱིས་རང་བཙན་ཡིན་ཟེར་བ་དང་ཡང་ཁ་ཤས་ཀྱིས་ལམ་དབུ་མ་ཡིན་ཞེས་པ་སོགས་མདོར་ན་ཚོགས་པ་ཁག་ཁ་ཤས་དང་མི་ན་ཁ་ཤས་ཀྱིས་ཁེ་ཕན་དང་དཔལ་འབྱོར་ཆེད་ཆབ་སྲིད་ཀྱི་མགོ་བོ་རྨོངས་ཞིང་དུས་ཀྱིས་འགྱུར་འགྲོས་དེ་ཙམ་མི་ཤེས་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ལ་མགོ་བསྐོར་བཏོང་བའི་ལས་འགུལ་སྤེལ་བ་ཉུང་ཉུང་ཞིག་མིན་པའི་ད་ནི་མང་པོ་ཞིག་སེམས་ཤུག་ཆག་བཞིན་པ་མཐོང་།།