ད་ལོའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་འདུ་ཐེངས་ ༣ པ་དེ་ཉེ་ཆར་རྒྱལ་ས་ལྷ་སར་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་པདྨ་འཕྲིན་ལས་ཀྱིས། “ བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་ཀྱི་སྡེ་ཚན་ཁག་གི་ལས་བྱེད་ཚོས་ནུས་ཤུགས་ཡོད་རྒུ་བཏོན་སྟེ། ཕྱི་ཟླ་ ༣ པའི་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱ་དགོས་པ་དང་། ལྷག་པར་དུ་དམར་ཤོག་ཚོགས་པའི་ཏང་སྲིད་མགོ་ཁྲིད་ཚོས་དམིགས་བསལ་གནས་ཚུལ་མེད་ཚེ། དུས་ལྟར་སོ་སོའི་ལས་གནས་ཐོག་ཐོན་དགོས་པ་མ་ཟད། སྡེ་ཚན་ཁག་གི་སྒོ་ཡག་པོ་སྲུང་བ་དང་རང་ཉིད་ཀྱི་མིར་དོ་དམ་བྱེད་པ། རང་ཉིད་ཀྱི་ཁྱབ་ཁོངས་སུ་ཡོད་པའི་མི་སྣར་དོན་རྐྱེན་ཅི་ཡང་མི་བྱུང་བའི་ཁག་ཐེག་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་བརླིང་ལ་ལེགས་སྐྱེས་འབུལ་དགོས” ཞེས་གཏམ་བཤད་སྤེལ་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀའོ་དང་། རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་པདྨ་འཕྲིན་ལས་བཅས་གནད་ཡོད་དཔོན་རིགས་ཁག་གིས། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བརྟན་བརླིང་དང་། ལྷག་པར་དུ་ཕྱི་ཟླ་ ༣ པའི་ནང་ཕྱོགས་ཡོངས་ནས་སྤྱི་ཚོགས་སྲུང་སྐྱོབ་བྱ་དགོས་པའི་གཏམ་བཤད་རིམ་པ་སྤེལ་རྗེས། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་ཏུ། ལས་བྱེད་མི་སྣ་དང་དམག་མི་གཏན་སྡོད་ཀྱིས་རྒྱལ་གཅེས་སློབ་གསོ་དང་དམ་དྲག་བྱེད་བཞིན་པ་མ་ཟད། ལྷ་སའི་བར་སྐོར་གཙོས་བོད་མི་འདུས་སྡོད་ས་གནས་ཡོངས་སུ་དམག་མི་འགྲེམས་འཇོག་བྱས་ཏེ། དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག་ལ། དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ལམ་ཁག་སྔར་ལས་སྟངས་འཛིན་དང་དམ་དྲག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ
འདྲ་མཉམ་མེད་པར་སྤྱི་ཚོགས་བརྟན་བརླིང་གང་ནས་འོང་། པདྨ་འཕྲིན་ལས་ཁྱོད་འཁྲུལ་པ་མིན་ནམ། ཁྱོད་སྙིང་གཅེས།