ཟླ་སྔོན་མའི་ཕྱི་ཚེས ༨ ཉིན་རང་ལུས་མེར་བསྲེགས་གནང་མཁན་རྔ་པ་རྫོང་རྨེའུ་རུ་མའི་རིག་འཛིན་རྡོ་རྗེ་ལགས། ཟླ་ ༢ ཚེས་ ༢༡ ཉིན་གྱི་དགོང་མོར་རྔ་པ་ཁུལ་གྱི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག
དེའི་རྗེས་ཁོང་གི་ནང་མི་གཉེན་འབྲེལ་ཚོ་འབར་ཁམས་སུ་སྐུ་ཕུང་ལེན་དུ་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་ཕུང་བོ་སྤྲད་མེད་པ་མ་ཟད་ས་གནས་དེར་མེ་བསྲེགས་བྱས་ཏེ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་འདུག བོད་པའི་སྲོལ་རྒྱུན་འགྲོ་ལུགས་ལྟར་སྐར་བཅོས་སོགས་བྱེད་བཅུག་མེད་པ་མ་ཟད། ཡུལ་མི་རྣམས་འཛོམས་ཏེ་ཉིན་གཅིག་རིང་མ་ཎི་དང་བསྔོ་སྨོན་འཚོགས་སྲོལ་ཡོད་པ་དེ་ཡང་ཚོགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དམ་པ་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཕ་བརྩོན་ཁོ་དང་། མ་དུང་དཀར་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་པར་ཆོས་ཞུགས་བྱས་ཡོད། ༢༠༡༠ ལོར་སྐྱ་སར་བབ་ནས་ད་བར་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་གྱི་འཚོ་བ་རོལ་ནས་བཞུགས་ཡོད་པ་དང་། འདི་ལོའི་ཟླ་ ༢ ཚེས་ ༨ ཉིན་རྔ་པའི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་གནང་ནས་རྒྱ་གཞུང་ལ་ཞུ་འབོད་གནང་ཡོད།
ཡང་གནས་ཚུལ་གཞན་ཞིག་ལ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་མཁན་རྔ་པ་ཀིརྟིའི་དགོན་གྱི་གྲྭ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཚེ་རྒྱས་ཀྱི་བུ་བློ་བཟང་དཀོན་མཆོག་གི་རྐང་ལག་ཚང་མ་གཏུབ་ཡོད་འདུག་པ་དང་། སྐེ་ནས་ཨུ་ཁུང་ཞིག་བརྒྱུད་དེ་ཟ་མ་སྤྲོད་ཀྱི་ཡོད་འདུག་ལ། སྨན་ཁང་གི་ལྟ་སྲུང་མཁན་ལས་བྱེད་དང་སྨན་པ་ཚོས་ཀྱང་རྒྱལ་ཁབ་ཀྱི་དགྲ་བོ་དང་མི་དམངས་ཀྱི་དཀྲུགས་ཤིང་མཁན་ཡིན་ཚུལ་གྱི་མཐོང་ཆུང་དང་བརྙེས་སྨོད་བྱེད་ཀྱི་ཡོད་འདུག་ལ། ནད་པའི་གནས་སྟངས་ལ་ལྟོས་མེད་ཀྱིས་འདྲི་གཅོད་མུ་མཐུད་བྱེད་ཀྱི་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
མྱ་ངན་གུས་དུད་དང་། རྟེན་བཟང་མྱུར་ཐོབ་ཤོག །
བོད་ཁ་བ་ཅན་ནས་སྐྱེས་པར་མ་འགྱོད།།
ཆུང་རྩེད་ར་གཅིག་གི་ཕུ་ནུ་མ་དྲན།།
རྗེ་བླ་མར་ཡང་ཡང་གསོལ་བ་ཐོབ་དང་།།
བཙན་ཐབས་ཀྱིས་ཉིང་མཚམས་བོད་དུ་སྦྱོར་ཡོང་།།