མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གྱི་གནད་འགའ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

                                                                                                        འཇིགས་མེད་ཚེ་རིང་།

རྒྱ་མིས་རང་ཆགས་གཞན་སྡང་གི་བསམ་བློ་དེ་ལས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱི་རེ་བ་མཐོང་དཀའ་ནའང་། ཁོ་ཚོས་ད་དུང་གུང་ཁྲན་ཏང་གིས་རང་ཉིད་ཀྱི་ཕ་ས་འཛམ་པོའི་གླིང་གི་བཟོ་བསྐྲུན་ས་ཁུལ་ཆེ་ཤོས་སུ་བསྒྱུར་ཟིན་པའི་འཇིགས་པ་ལ་ངོས་ཟིན་ཐོབ་མེད་ཅིང་། རང་ཉིད་གུང་ཁྲན་ཏང་གི་ལས་སྣོན་བྱས་པའི་འཕྲུལ་ཆས་ཀྱི་མི་དང་འདྲ་བའང་ད་དུང་ཚོར་རྒྱུར་ལྷག་ཡོད། ནམ་ཞིག་ཁོ་ཚོར་རང་ཉིད་ཀྱི་ཀླད་པའི་ཁ་ལོ་བ་བྱས་ཆོག་པའི་གོ་སྐབས་དང་ལམ་སྟོན་ཐོབ་ཚེ་ཁོ་ཚོས་བདག་དབང་དང་སྲིད་དབང་གང་ལའང་བསམ་བློ་མི་གཏོང་བར་ཁྱིམ་ཚང་སྐྱོང་རྒྱུ་དང་། ཧ་ལས་ན་འཛམ་གླིང་ཡོངས་སུ་ཁྱབ་པའི་ཚོང་རྫས་ཀྱི་བྲིན་ཁ་དེ་ལས་སྐད་ཆ་རྫིག་པོ་རེ་བཤད་རྒྱུ་ལས་ལྷག་ཡོང་རྒྱུ་མ་རེད། གལ་སྲིད་བོད་ལ་རང་བཙན་ཅན་གྱི་རང་གི་རྒྱལ་སྲིད་ཐོབ་པ་ཡིན་ན་སྐབས་དེར་ཁོ་ཚོས་བོད་ཀྱི་མི་སེར་ཐོབ་ཆེད་རང་ཉིད་ཀྱི་མགོན་སྐྱབས་སུ་བཟུང་མྱོང་བའི་མའོ་ཙེ་ཏུང་ཕག་པ་དང་། ཏུན་ཞའོ་ཕིན་རུས་སྦལ། ཅང་ཙེ་མིན་གཙང་བོའི་འཇིགས་པ་དམངས་ལ་འདྲེན་མཁན་བཅས་སུ་ངོས་ལེན་བྱེད་པ་མ་ཟད། ཧུའུ་ཅིན་ཐའོ་མི་གསོད་ལག་དམར་ཡིན་པའི་འབོད་སྒྲ་གངས་རིའི་ལྗོངས་ནས་ཐོག་མར་བསྒྲག་སྲིད། དམར་ཤོག་དམག་མི་རྣམས་ཀྱང་དེ་འདྲ་རེད།

ཉེ་བའི་ཉིན་ཤས་སྔོན་བོད་ཁམས་ཁུལ་གྱི་ཞི་བའི་སྐད་འབོད་ཅིག་གི་སྐབས་སུ་ཀྲུང་གུང་སྲིད་གཞུང་གིས་ཞི་རྒོལ་བར་མེ་མདའ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པ་མ་ཟད་ལག་ལེན་ཏུ་བསྟར་བ་བྱུང་ཡོད། “དྲུག་བཞིའི་དམར་གསོད་ཆེན་མོའི་”༼༡༽ རྗེས་སུ་ཀྲུང་གུང་སྲིད་དབང་ནི་ཀྲུང་གུང་སྲིད་དབང་བཙུགས་པ་དང་འདྲ་བར་ཡོངས་སུ་མེ་མདའ་ལ་བརྟེན་ནས་ཡོད་པ་དང་། མེ་མདས་ད་གཟོད་ཀྲུང་གོའི་སྲིད་དབང་གི་ཚེ་སྲོག་བསྐྱངས་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༠༠ ཚུན་གྱི་རྒྱ་ནག་གི་སྤྱི་ཚོགས་ནི་ཡོངས་སུ་དཔལ་འབྱོར་གྱི་ཁྲོམ་རྭ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། དཔལ་འབྱོར་གྱིས་རྒྱ་མི་རིགས་ཀྱི་སེམས་ཁོངས་སུ་དེ་སྔའི་མའོ་ཙེ་ཏུང་གི་ཚབ་བྱས་ཏེ་མགོན་དང་སྐྱབས་སུ་གྱུར་མགོ་ཚུགས་ཡོད་པ་མ་ཟད་ཧ་ཅང་གཏིང་ཟབ་མོར་ཕྱིན་ཡོད། དེའི་རྐྱེན་གྱིས་ངས་གནས་ལུགས་འདི་ལ་བརྟེན་ནས་”མེ་མདས་བླངས་པའི་སྲིད་དབང་མེ་མདས་བརླགས་སྲིད་”པའི་ཐད་རྗེས་འདེད་རིགས་རྟོག་གི་བསམ་ཚུལ་བརྗོད་རྒྱུ་ཡིན། དེ་ཧ་ཅང་ལས་སླ་བོ་ཡིན་ཏེ་དཔལ་འབྱོར་ཁྲོམ་རྭའི་རང་དབང་དང་ཀྲུང་གུང་སྲིད་བྱུས་ཀྱི་འགལ་ཟླ། བཟོ་ལས་པའི་ངལ་རྩོལ་གྱི་དུས་ཚོད་དང་གླ་འབབ་ཀྱི་ཧེ་བག  འདྲ་མཉམ་མིན་པའི་ཀྲུང་གོ་ཁྱོན་ཡོངས་ཀྱི་མི་དམངས་ཀྱི་འཚོ་བ་བཅས་ནི་གོ་སྐབས་འདྲ་མཉམ་མ་ཐོབ་པ་དང་། དཔལ་འབྱོར་གྱི་ཁེ་ཕན་འདྲ་མཉམ་མིན་པ། ཁྲིམས་ཀྱི་མདུན་སར་དྲང་སྙོམས་མ་བྱུང་བར་དངུལ་དང་དབང་གི་སྟོབས་ཤུགས་ཀྱིས་ཁོ་ལོ་བསྒྱུར་བཞིན་ཡོད་པ་འདི་དག་གིས་ཡིན་ཞིང་། ལོ་རེ་བཞིན་མང་རུ་འགྲོ་བཞིན་པའི་གཞུང་རྒོལ་མི་མང་དང་། ཀྲུང་གུང་གི་ཁྲིམས་དཔོན་གཉིས་ཀྱི་ཚེ་སྲོག་མེ་མདས་བླངས་པའི་གནས་ཚུལ་ལྟ་བུ་ངའི་རྒྱབ་ལྗོངས་ཡིན་པར་བཤད་ཆོག རྣམ་པ་འདི་ཡིས་ཀྲུང་གུང་གི་དྲག་ལས་ཟིལ་ཤུགས་དམངས་ཁྲོད་དུ་སྤྱང་ཀི་ དང་སྟག་གཟིག་གི་འདྲ་ཆོས་སུ་བཀོད་ངེས། དེའི་སྟེང་དུ་གྲངས་ཉུང་མི་རིགས་ཁག་ཀྲུང་གུང་ཕྱོགས་སུ་འདོད་པ་མ་ཁེངས་པ་བསྣན་ཚེ་‘ཀྲུང་གུང་རྟགས་ཅན་གྱི་དྲག་ཆས་‘ཀྲུང་གུང་སྲིད་དབང་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན། གང་ཡིན་ཟེར་ན་དྭང་ལེན་མེད་ན་སྲིད་དབང་ཇི་ལྟར་འབྱུང་།

རང་བསྲེགས་ཞི་རྒོལ་དང་བརྡ་ཆད་གོ་བརྗེས་ཀྱི་གནད་དོན།

ཀྲུང་གུང་གི་ཁྱབ་བསྒྲགས་དང་ཀྲུང་གུང་དབང་འཛིན་པའི་བཤད་ཡམ་ནང་དུ་བརྡ་ཆད་གོ་བརྗེས་ཀྱི་གནད་དོན་ཚབས་ཆེན་བསླེབས་ཏེ་མི་རྣམས་ལ་ཀྲུང་གུང་གི་བརྡ་སྤྲོད་ཤེས་ཚད་ཐད་ཉམ་ཆུང་བའི་རྣམ་པ་ཐོན་ཡོད། གཞན་དུ་ན་ཁོ་བོས་ཀྲུང་གུང་གིས་སྤེལ་བའི་ཁྱབ་བསྒྲགས་རྩོམ་ཡིག་ནང་དུ”རང་བསྲེགས་ཞི་རྒོལ་”ལ་”དྲགས་ཤུགས་”ཀྱི་བརྡ་སྦྱོར་བྱས་ཡོད་པའི་ཐད་ཕྱོགས་ལྷུང་གི་བསམ་ཚུལ་མཐོང་བ་མ་ཟད། ཆེད་མངགས་མི་རྣམས་ལ་མགོ་སྐོར་གཏོང་བའི་འཐབ་རྩོད་ཀྱི་རྣམ་པ་ཞིག་དང་། དེང་རབས་རྒྱུད་ལམ་གྱི་མཐུན་རྐྱེན་བཀག་འགོག་བྱས་ཡོད་པའི་ཀྲུང་གུང་དབང་བསྒྱུར་ས་ཁུལ་གྱི་མི་རྣམས་ལ་འགན་འཁུར་མེད་པའི་སྐད་ཆ་སྤེལ་བ་དང་། འཁྱོག་བཤད་རྩོམ་ཡིག་གིས་འཇིགས་སྐུལ་བཞིན་པ་མཐོང་གི་འདུག

སྟབས་ལེགས་པ་ཞིག་ལ་ཕྱི་ཟླ་ ༣ ཚེས་ ༦ ཉིན་ཡེ་རྡོས་རྩོམ་སྒྲིག་བྱས་པའི་བྲིས་ཡིག་༼༢༽ཅིག་གི་ནང་དུ་རང་བསྲེགས་ཞི་རྒོལ་ལ་ཉེས་འཛུགས་ག་འདྲ་བྱས་ཡོད་མེད་ལ་མ་བལྟས་པར་༸གོང་ས་༸ སྐྱབས་མགོན་ཆེན་པོའི་བཀའ་སློབ་ལུང་འདྲེན་བྱས་ཏེ་བོད་མིའི་ཞི་རྒོལ་རང་བསྲེགས་ལ་ཚོད་འཛིན་ཐུབ་པའི་རེ་བ་བྱས་ཡོད་ཀྱང་། ཕྱི་ཟླ་ ༢ ཚེས་ ༨ ཉིན་༸གོང་ས་མཆོག་དབུ་བཞུགས་ཀྱིས་རང་དབང་ཆེད་དུ་མེར་བསྲེགས་གནང་བའི་སྐྱེ་བོ་རྣམས་ལ་འདས་མཆོད་སྨོན་ལམ་ཚོགས་པ་དང་། ཉིན་གང་ཟས་བཅད་སྙུང་གནས་སུ་བཞུགས་ཏེ་ཆོས་ཀྱི་བྱེད་སྒོ་སྤེལ་བའི་ཐད་”རྒྱབ་སྐྱོར་”དང”་ངོ་རྒོལ་”གྱི་བརྡ་སྦྱོར་བྱས་ཡོད། བསམ་ཡུལ་འདས་པ་ཞིག་ནི་ཀྲུང་གུང་གིས་བོད་ལ་དབང་བསྒྱུར་བྱས་ཏེ་ལོ་ངོ་དྲུག་བཅུ་འདས་ཀྱང་བོད་མིའི་ཕྱི་ནང་གི་གོམས་སྲོལ་ལ་རྒྱུས་མངའ་དང་འགྲེལ་བཤད་དངོས་མ་ཞིག་ད་དུང་ཡང་བྱེད་ཐུབ་ཀྱི་མེད་པ་དེ་རེད།

དྲག་ཆས་གང་ཡང་འཁྱེར་རྒྱུ་མེད་པར་མེ་ལྕེའི་ཁྲོད་དུ་རང་སྲོག་སྟིམ་མཁན་རྣམས་ཀྱིས་དྲག་ཤུགས་སྤྱད་ཡོད་ཚེ། རྫ་སྐྱེ་རྒུའི་ས་ཡོམ་གོད་ཆགས་སྐབས་ན་ཆུང་བྱིས་པ་ཁག་ཅིག་གི་གཅེས་པའི་ཚེ་སྲོག་སྐྱོབ་ཆེད་རང་སྲོག་བཏང་བའི་ཧོང་ཀོང་གི་དགེ་རྒན་ལྷག་བསམ་ཅན་དེ་དང་། རང་གི་བྱིས་པའི་གཅེས་སྲོག་སྐྱོབ་སླད་ཁ་པར་དུ་འཕྲིན་ཐུང་ཞིག་བཞག་སྟེ་རང་ཉིད་བྱིས་པའི་སྲོག་གི་གོ་འཁྲབ་གནང་བའི་ཨ་མ་དེ་དག་ཅིའི་ཕྱིར་དྲག་ཤུགས་ལ་སྤྱོད་མཁན་དུ་མ་གྱུར་བ་རེད་དམ། ད་དུང་ཀྲུང་གུང་གི་ངོས་འཛིན་འདི་ལྟར་ན་རྒྱ་རིགས་ནང་འཁྲུག་༼༣༽གི་སྐབས་སུ་གུང་ཁྲན་ཕྱོགས་གཏོགས་ལ་འཇིགས་སྐུལ་བ་དང་དྲག་སྤྱོད་པ་གྲངས་ཀ་ཧ་ཅང་མང་པོ་འབྱུང་བ་མ་ཟད། ཀྲུང་གུང་ནི་འཇིགས་སྐུལ་དྲག་སྤྱོད་པ་སྐྱེད་སྲིང་བྱས་པའི་ཚོགས་པ་ཆེ་ཤོས་དེ་རུ་གྱུར་དང་འགྱུར་བཞིན་པ་མ་ཡིན་ནམ། འོན་ཀྱང་། འདི་ལྟ་བུའི་རྩོད་པ་ནི་ཀྲུང་གུང་དང་བོད་སུ་ལའང་དགོས་མེད་ཅིག་ཡིན་པ་མ་ཟད། ཀྲུང་གུང་དང་བོད་བར་གྱི་དཀའ་རྙོག་སེལ་ཐབས་ལའང་ཕན་ཐོགས་མེད་པ་ཞིག་རེད། ལྷག་པར་དུ་བོད་མིའི་རང་བསྲེགས་ནི་ཀྲུང་གུང་གི་གསར་བརྗེའི་དཔའ་བོ་རང་སྲོག་གཏོང་མཁན་རྣམས་ལས་ཀྱང་ཞི་བའི་ངོ་རྒོལ་བྱེད་མཁན་ཞེ་གཅིག་ཡིན་ཏེ་ཁོ་ཚོས་ཐ་ན་བོད་སྡོད་རྒྱ་མོ་ཚོའི་སྨིན་མ་བྲིས་མའི་ཚབ་ཏུ་སོལ་བ་ནག་པོ་ཙམ་ཡང་བྱུགས་མྱོང་མི་འདུག་ལ།  ཀྲུང་གུང་གཞུང་ཞབས་པའི་ལས་ཁུངས་གྲོལ་ཚུགས་ཀྱི་ལམ་ཙམ་ཡང་བཀག་འགོག་མ་བྱས་པར་མེ་ལྕེ་ལྷབ་ལྷབ་ཁྲོད་དུ་རང་གི་དགོས་འདོད་བསྒྲགས་པ་ལས་མེད་པ་ང་ཚོས་གསར་ལམ་ཁག་ལས་གཟུགས་རིས་དངོས་མའི་བརྙན་ཕབ་མཐོང་ཐུབ་པ་རེད། དེ་ཡིན་ཡང་། ཀྲུང་གུང་ཕྱོགས་ནས་ངེས་པར་དུ་ཞི་བ་དང་དྲག་ཤུགས་ཀྱི་བརྡ་དོན་གོ་བརྗེས་ཀྱིས་སྤྱོད་པའི་སྣང་ཚུལ་འདི་ལ་དགོས་འདོད་གཞན་ཡོད་པ་རེད་དམ།

ཀྲུང་གུང་གི་གཏམ་དང་བོད་ཀྱི་དངོས་ཡོད་གནས་ཚུལ།

ཀྲུང་གུང་འཐུས་མིའི་ཚོགས་ཆེན་འཚོགས་པའི་སྐབས་འདིར་ཝུན་ཅ་པའོ་ཡིས་བོད་མི་ཞི་རྒོལ་རང་བསྲེགས་གནང་མཁན་རྣམས་ལ་ངོས་འཛིན་ཁྱབ་བསྒྲགས་ཤིག་བྱས་ཡོད་པ་ནི་མ་རབས། ཐ་ཤལ། སྤྱི་ཚོགས་ནང་ཆེ་མཐོང་མེད་མཁན། མདོར་བསྡུས་ན་འཆི་བ་ལས་གཞན་གྱི་ལམ་ཁ་ལྷག་མེད་མཁན་ཞེས་པ་འདི་རེད། འོན་ཀྱང་། རང་བསྲེགས་ཞི་རྒོལ་གནང་མཁན་གྱི་ཁྲོད་དུ་བླ་མ་དང་། དགེ་འདུན་པ། བཙུན་མ། ཨ་མ། སློབ་མ། ཚོང་པ་སོགས་ཡོད་པས་འདི་དག་སྲིད་བློན་ཝུན་ལགས་ཀྱི་སྡོམ་ཚིག་གིས་མཚོན་ནུས་སམ། ཡང་ན་ཁོས་ཤི་བོར་དམའ་འབེབས་བྱས་པ་རེད། རང་དབང་གི་རྩོམ་པ་པོ་རྒྱ་རིགས་ཡུས་ཅེ་༼༤༽ཡི་སྐད་ལྟར་ན་”འཁྲབ་སྟོན་གདོང་འབག་ཅན་གྱི་སྲིན་བློན་ཝུན་ཅ་པའོ་”ཡིས་འཛུམ་ཤིག་ཤིག་དང་ཞི་འཇམ་གྱི་ཟོལ་བརྫུས་རྣམ་པ་དེ་ལས་འདི་ལྟ་བུའི་སྐད་ཆ་ཞིག་ཐོན་པར་མི་མང་པོ་ཞིག་ཡིད་ཆེས་དཀའ་བ་ཡིན།

ང་ཚོས་སྤྲུལ་སྐུ་བསོད་བྷ་ལགས་ལ་ས་གནས་བོད་མི་རྣམས་ཀྱིས་ཀྲུང་གུང་གཞུང་གི་ཁྲིམས་ལས་ཀྱང་ཡིད་ཆེས་ཆེན་པོ་བྱེད་ཀྱིན་པ་མི་དམངས་ཀྱིས་ཕན་ཚུན་བར་དངུལ་གཡར་བའི་དཔང་བོ་རུ་རེ་འདུན་ཞུས་ཡོད་པ་གཅིག་བུས་ཀྱང་གསལ་བཤད་བྱེད་ཐུབ་ཅིང་། ཁོང་གིས་གནང་བའི་ལས་དོན་ནི་མི་མང་གིས་གུས་བརྩི་ཐོབ་པ་ཞེ་གཅིག་རེད། དེའི་མཚོན་པའི་ཁམས་རྟའུ་ནས་ཡིན་པའི་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་རང་བསྲེགས་ཞི་རྒོལ་མ་བྱས་པའི་སྔོན་ཁོང་ནི་མི་མང་ལ་སྣེ་ཁྲིད་གནང་མཁན་གྱི་གྲས་ཤིག་ཡིན་ཞིང་། ཁོང་གིས་སྣེ་ཁྲིད་པའི་བསང་གསོལ་ལས་འགུལ་ལྟ་བུ་ལ་ཞུགས་པའི་མི་གྲངས་ཉུང་ཉུང་ཞིག་ག་ལ་ཡིན། རང་བསྲེགས་ཞི་རྒོལ་གྱི་མེ་ལྕེའི་ཁྲོད་དུ་དཀར་གཙང་གི་ཁ་བཏགས་འཐེན་པའི་གུས་བརྩི་དང་། མེར་བསྲེགས་རེ་རེའི་རྗེས་སུ་ས་གནས་བོད་རིགས་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང་། རྒྱབ་གནོན་ངོ་རྒོལ་གྱི་འབོད་སྒྲ་བར་མེད་མཆེད་ཀྱིན་པ་དེ་ཡིས་སྲིད་བློན་གྱི་སྡོམ་ཚིག་ལ་རྒྱུ་མཚན་ཅི་ཡང་མཐོང་ཐུབ་ཀྱི་མི་འདུག  

ཀྲུང་གུང་གཞུང་གིས་དམ་དྲག་གིས་གབ་སྦས་བྱས་པའི་བོད་ཀྱི་སྤྱི་ཚོགས་ནང་ད་དུང་ཡིད་སྐྱོ་བའི་རྣམ་པ་ཇི་སྙེད་ཅིག་ཡོད་པ། རང་དབང་ལུང་བར་འཚར་ལོངས་བྱུང་བའི་མི་རྣམས་ཀྱིས་མ་མཐོང་ན་ཡིད་ཆེས་དཀའ་ཞིང་། གསར་འགྱུར་བརྒྱུད་ལམ་གྱི་མཐུན་རྐྱེན་ཆ་ཚང་ཞིང་། རྩོམ་བྲིས་རང་དབང་གི་ཐོབ་ཐང་ལ་ཚད་བཀག་མེད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་གསལ་བོ་བྱེད་པར་དཀའ་ངལ་ཆེན་པོ་རེད། བཙན་བྱོལ་བོད་མིའི་ནང་གི་བོད་གནས་ཤེས་རྟོགས་ཀྱི་ཞན་ཆ་ནི་“གསེར་རྟའི་མི་གསུམ་གྱི་རང་བསྲེགས་”ཁྱབ་བསྒྲགས་ཀྱི་ནོར་འཁྲུལ་གཅིག་བུ་མ་ཡིན་པར་མདོ་སྨད་རེབ་གོང་ཀོའུ་སྡེ་ལུང་པར་རྒྱ་གཞུང་གི་གཏིང་འཛིན་འོག་ཞ་ཉེའི་གཏེར་ཁ་ལོ་ངོ་བཅོ་ལྔ་ལྷག་ལ་སྔོག་འདོན་བྱས་ཡོད་ཀྱང་ལོ་ངོ་ལྔ་དྲུག་ཅེས་བསྒྲགས་པ་ལྟ་བུའང་ཡོད་པས། བོད་ཀྱི་ཕྱོགས་ནས་འདི་ལྟ་བུའི་ཞིབ་ཚགས་མིན་པའི་སྐྱོན་སྤངས་ཏེ་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱས་པ་ཡིན་ན་ཀྲུང་གུང་སྲིད་གཞུང་གིས་བོད་དུ་ ལག་བསྟར་བྱས་པའི་སྲིད་བྱུས་ནི་ད་ལྟའི་འདི་ལས་ཀྱང་སྐྱི་གཡའ་བ་ཞིག་ཡིན་ངེས།

བོད་དོན་ཉམས་དམས་སུ་གཏོང་བའི་བྱེད་ཐབས་འདི་རེད་དམ།

༸ རྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་སྟག་བྲག་ལས་བཞེས་པའི་སྲིད་དབང་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་ལ་གསོལ་བསྩལ་གནང་བའི་སྔ་རྗེས་སུ་ཀྲུང་གུང་ཕྱོགས་ནས་འཁྲབ་སྟོན་གྱི་རྣམ་པར་འགྲེལ་བཤད་རྒྱབ། བཀའ་བློན་ཁྲི་བས་དམ་འབུལ་གནང་རྗེས་ཀྲུང་གུང་གི་གཞུང་འབྲེལ་དྲ་བར་བཀོད་པའི་ཁྱབ་བསྒྲགས་རྩོམ་ཡིག་ཅིག་ཏུ་སྐུ་ཞབས་བློ་བཟང་སེང་གེ་ལགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་སྟོབས་ཤུགས་ཅན་གྱི་མི་སྣ་རུ་བརྗོད་ཡོད་ ༼༥༽ པ་དང་། ཀྲུང་གུང་གི་སྐད་ཆ་ལྟར་ན་ཤེས་ཡོན་ཚད་ལྡན་ཡོད་ཀྱང་ལམ་ཁ་ནོར་བའི་སྐུ་ཞབས་བློ་བཟང་སེང་གེར་ཁུངས་མ་འཁྱོལ་བའི་དྲག་སྤྱོད་པའི་མིང་འདོགས་ཀྱང་བྱས། འོན་ཀྱང། ཕྱི་ཟླ་ ༣ པའི་ཚེས་ ༦  ཉིན་ཀྲུང་གུང་གིས་”བཙན་བྱོལ་སྲིད་གཞུང་གི་གཙོ་འཛིན་ནི་སྤོབས་པ་ཆེ་ལ་ཡོན་ཚད་ཆུང་”ཞེས་ངོས་འཛིན་གསར་བ་ཞིག་བྱས་ཡོད་པ་མ་ཟད། སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་མི་སུ་ཡིན་རུང་མིག་ནང་དུ་མ་བཞག་པའི་ཁྱབ་བསྒྲགས་སྤེལ་ཡོད། འདི་ནི་ཕྱི་ལོ་ ༢༠༠༣ ལོར་གཏན་འབེབས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་གསལ་བསྒྲགས་གནང་བའི་”ཁོར་ཡུག་བསྐྲུན་པའི་སྲིད་བྱུས་”ལ་ཀྲུང་གུང་ཕྱོགས་ནས་རེ་བ་བྱེད་པ་དང་།  ཧ་ཅང་དགོས་ངེས་སམ་མེད་དུ་མི་རུང་བ་ཡིན་པ་མཚོན་ཡོད་སྲིད།

འོན་ཀྱང་། སྣང་ཚུལ་གཞན་ཞིག་ཡོད་པ་ནི་སྤོབས་པ་ཅན་གྱི་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་བློན་ཁྲི་བའི་ཕྱག་ལས་དབུ་འཛུགས་བྱས་ཏེ་ཟླ་ངོ་འདི་དག་གི་རིང་བཀའ་ཤག་སྐབས་སྔོན་མའི་དབུ་མའི་ལམ་གྱི་འཐབ་རྩོད་ཐབས་ལམ་ལ་འགྱུར་བ་ངེས་ཅན་སོང་ཡོད་པ་མ་ཟད། “མི་བསྟུན་པའི་”ལས་འགུལ་གྱི་རྣམ་འགྱུར་མངོན་ཞིང་། ལྷག་དཀར་ལས་འགུལ་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་སྟེ་རང་ཉིད་དངོས་སུ་མཉམ་ཞུགས་བྱས་ཡོད། ད་དུང་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་བློན་ཁྲི་བའི་དམ་འབུལ་ཉིན་མོ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པའི་དྲི་བ་དྭང་ལེན་གནང་སྟེ་རང་དབང་དང་ཆེ་མཐོང་གིས་མཚོན་པའི་རང་སྐྱོང་གི་ཆ་རྐྱེན་རྣམས་མི་སྒེར་བ་རེ་རེའི་ངོས་ནས་བཤད་ཀྱི་ཡོད་པའི་གསལ་བཤད་གནང་བ་དང་། ཁོང་གིས་རྗེས་གནོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གཞི་རྐང་འདི་ནས་མགོ་བཙུགས་ཡོད་པ་རེད། ཀྲུང་གུང་ཕྱོགས་ཀྱི་སྲིད་བྱུས་འགྲེལ་བཤད་ལྟར་ན་དམར་ཤོག་ཚོགས་པའི་ལས་ཀ་གང་བྱས་ཀྱང་དམངས་ཀྱི་དོན་དུ་ཡིན་པར་བཤད་ཀྱང་། དམངས་གཙོ་གཅིག་སྡུད་ནི་དྲག་པོའི་སྟོབས་ཤུགས་ཀྱིས་ཀླད་པ་སྟོང་བ་བཟོས་པའི་མི་དམངས་ལ་བརྟེན་ནས་ད་ལྟ་འཁྱོལ་ཙམ་ཡིན་པའི་སྐབས་འདིར་མི་སྒེར་རེ་རེའི་ངོས་ཀྱི་རང་སྐྱོང་དེ་ཀྲུང་གུང་ལ་འབར་རྫས་ཆེན་པོ་ཞིག་དང་འདྲ་བ་ཡིན།

ཀྲུང་གུང་སྲིད་གཞུང་གིས་འགྱུར་བ་འདིས་བསླངས་པའི་ན་ཟུག་ལ་བཟོད་བསྲན་བྱེད་ཐུབ་ཀྱི་མེད་སྲིད། ཁོ་ཚོས་ཕྱོགས་གཅིག་ནས་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་༸གོང་ས་མཆོག་ལ་བརྩི་བཀུར་དང་བཀའ་གསུང་དྭང་ལེན་བྱེད་ཀྱི་མི་འདུག་ཚུལ་བསྒྲགས་པ་དང་། ཆབ་སྲིད་ལས་དོན་གྱི་ཐོག་ནས་༸གོང་ས་མཆོག་ལ་སྐུ་ངལ་བཟོ་བཞིན་ཡོད་ཚུལ་གྱི་ལབ་ལོབ་བྱས། ཡང་ཕྱོགས་གཅིག་ནས་དེང་སང་ད་དུང་༸གོང་ས་མཆོག་དང་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་གཉིས་གཞི་གཅིག་གི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་གསལ་བོར་ཚོར་ཐུབ་པ་ནི་ཀྲུང་གུང་ཕྱོགས་ནས་བོད་ཀྱི་སྤྱི་ཚོགས་ནང་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་ལ་ནང་ཁུལ་འགལ་ཟླ་ཡོད་པའི་གཟུགས་བརྙན་བསྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་མང་གིས་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་བྱེད་པ་བེད་སྤྱད་དེ་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་ཡོད་པའི་མི་སྣའི་ནུས་པ་གཅོག་པར་ཐབས་ཤེས་བྱེད་ཀྱིན་པ་རེད།  སྲིད་དོན་གྱི་ལས་འགུལ་སྟེང་ནས་བོད་མི་རྣམས་ལ་དངངས་སྐྲག་སྟེར་བའི་”སོ་བ་”ལས་ཀྱང་བྱེད་ཐབས་འདི་འཇིགས་སུ་རུང་བ་ཞིག་མ་རེད་དམ།

ཀྲུང་གུང་གི་མི་སེར་སྤེལ་ཐབས་དང་བོད་ཀྱི་སྐད་ཡིག

ཅིའི་ཕྱིར་ཀྲུང་གུང་དབང་འཛིན་མི་སྣ་བརྗེ་བསྒྱུར་གྱི་མཚམས་ཚིགས་འདིར་མི་རིགས་ས་གནས་རང་སྐྱོང་ལ་དགག་པ་དང་། མི་རིགས་སྐད་ཡིག་གི་ཁྱབ་ཁོངས་ཆུང་རུ་གཏོང་བའི་ལྟ་ཚུལ་སྔོན་བསྒྲགས་དང་སྲིད་བྱུས་ལག་བསྟར་བྱེད་ཀྱིན་པ་རེད་དམ། ཀྲུང་གུང་ལ་མཚོན་ན་ཆབ་སྲིད་དབང་འཛིན་བརྗེ་བསྒྱུར་གྱི་མཚམས་ཚིགས་ནི་ཅུང་ཉེན་ཁ་ཅན་ཞིག་ཡིན་པ་དང་། མི་དམངས་ཀྱི་འདོད་པ་མ་ཁེངས་པའི་རྣམ་པ་ཞི་འཇམ་དུ་གཏོང་རྒྱུ་ནི་ཀྲུང་གུང་གཞུང་དང་ལྷག་པར་དུ་ཧུའུ་ཅིན་ཐའོ་ཕྱོགས་ཁག་ལ་“བརྒྱུད་འཛིན་དབང་ཤུགས་སྐྱེད་“ཐད་གལ་ཆེན་ཆགས་ཡོད་པ་རེད། དཔྱད་ཞིབ་པ་མང་པོས་བསྟན་པ་ལྟར་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ནི་ཧུའུ་ཅིན་ཐའོ་དང་ཁོའི་ཕྱོགས་གཏོགས་ཀྱི་དབང་རིས་དང་ཐད་ཀར་འགྲེལ་བ་ཆགས་ཡོད་པ་དང་། བོད་ཡུལ་དུ་རྒྱ་རིགས་མང་པོ་གཞིས་ཆགས་བྱེད་རྒྱུ་ནིཧུའུ་ཅིན་ཐའོ་ཕྱོགས་ཁག་ལ་གལ་གནད་ཆེ་བ་ནང་བཞིན་ཀྲུང་གུང་ཕྱོགས་ནས་དབང་བསྒྱུར་གྱི་རྙོག་འཛིང་མང་པོ་རིམ་ཡལ་བྱེད་རྒྱུའི་འཆར་གཞི་ཡག་ཤོས་ཤིག་ཆགས་ཡོད་དེ། མན་ཇུ་རྩ་རྫོགས་བྱས་རྗེས་ཀྱི་ལྷིང་འཇགས་ཀྱིས་ཁོ་ཚོའི་ཡིད་ཆེས་ལ་རྒྱབ་གནོད་བྱེད་ཀྱི་ཡོད་པ་རེད།  དེའི་རྐྱེན་གྱིས་བོད་སྐད་ཡིག་གི་ཁྱབ་ཁོངས་ཆུང་རུ་གཏོང་བའི་ཀྲུང་གུང་གི་སྲིད་བྱུས་ནི་ཐད་ཀར་བོད་ཡིག་རྩ་མེད་དུ་གཏོང་འདོད་པ་མ་ཡིན་པར་བོད་ཡུལ་དུ་གཞིས་ཆགས་པར་གཏོང་རྒྱུའི་རྒྱ་རིགས་རྣམས་ཀྱིས་རང་གི་བུ་ཕྲུག་ལ་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་ཡོད་པའི་སློབ་སྦྱོང་དེ་ལྟ་བུ་ཐོབ་མི་ཐུབ་པའི་བློ་དོགས་ སེལ་ཆེད་ཡིན་པར་བཤད་ཆོག

ཐབས་ལམ་འདི་ལ་བརྟེན་ནས་ཀྲུང་གུང་ལ་འགྲུབ་སྲིད་པའི་དམིགས་ཡུལ་གཞན་ཞིག་ཡོད་པ་ནི་ལས་ཤོར་མང་བའི་རྒྱ་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་མ་ཟད། རྒྱ་རིགས་ཆེན་པོའི་རྒྱལ་ཁབ་ཀྱི་དམིགས་གཏད་བཟུང་ནས་དམར་ཕྱོགས་ཚོགས་པས་རྒྱ་ནག་ཧན་རིགས་དང་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔར་སྔར་བཞིན་དབང་བསྒྱུར་ཐུབ་པར་རེ་བ་ཆེན་པོ་ཡོད། ལྷག་པར་དུ་རྒྱལ་སྤྱི་ཅན་དུ་གྱུར་བཞིན་པའི་བོད་ཀྱི་གནད་དོན་རིམ་ཡལ་དུ་འགྲོ་བར་གལ་ཆེན་པོ་ཡིན་པས་མི་རིགས་ས་གནས་རང་སྐྱོང་ལ་དགག་པའི་སྲིད་བྱུས་འདི་ནི་མདའ་མོ་གཅིག་གིས་ཤྭ་བ་གཉིས་གསོད་པའི་འཐབ་རྩོད་ཅིག་ཡིན།  

བོད་ཀྱི་ཕྱོགས་ནས་རང་སྲུང་གི་ནུས་པ་ཆེས་ཆེ་ཤོས་ཇི་ལྟར་འབྱུང་དགོས་པ་རེད་དམ། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ལོ་ངོ་ལྔ་བཅུ་ལྷག་ལ་བཤད་བསྡད་པའི་ནང་དུ་བོད་གཞུང་ཟློས་གར་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༥༩ ནས་སྦྱང་བ་བྱས་པའི་སྐད་འགག་འགག་བར་འཐེན་དགོས་ལྷ་མོའི་ཟློས་གར་ལས་རང་དབང་དང་སྒེར་ཚུགས་ཀྱིས་ངོ་བོར་ཤེས་རྟོགས་ཅན་ཧ་ཅང་ཉུང་བ་ཡིན། འདི་ལྟ་བུའི་ཆོས་དང་རིག་གཞུང་གིས་ཀྲུང་གུང་གི་གདོང་ལ་འབུད་ཐུབ་པའི་ནུས་པ་ཇི་ལྟར་འདོད་དགོས། ད་ལོའི་གསུམ་བཅུའི་དྲན་གསོའི་ཉིན་མོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་ཁྱབ་འཕྲིན་ཡིག་བཀྲམས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་གཞི་རིམ་སློབ་གྲྭ་ཁག་ནས་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་དགོས་པའི་བསམ་ཚུལ་བཏོན་འདུག་པ་དང་། འདི་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་ཡོད། མིའི་ཐོབ་ཐང་དང་རང་དབང་། མང་གཙོའི་ལམ་ལུགས་ཀྱི་དགེ་མཚན་དང་གོ་དོན་བཅས་ལ་གཏིང་ཟབ་མོའི་སློབ་སྦྱོང་ དགོས་པའི་ལམ་ཕྱོགས་དེ་ཁ་བཤད་ཙམ་མ་ཡིན་པར་དངོས་ཡོད་ཀྱི་ལག་ལེན་དུ་འཁེལ་ཐུབ་པ་ཡིན་ན། འདི་ལས་བོད་དོན་འཐབ་རྩོད་རྒྱུན་མཐུད་ཀྱི་རེ་བ་ཆེན་པོ་མཐོང་བ་མ་ཟད། བོད་ལའང་རྒྱ་ནག་ཁྱོན་ཡོངས་ལ་ཁྱབ་མྱོང་བའི་”བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་”བྱས་པའི་རྒྱ་ནག་ཤེས་ཡོན་ཅན་གྱི་སྣེ་ཁྲིད་པའི་”ལྔ་བཞིའི་ལས་འགུལ་”ལྟ་བུ་འབྱུང་བ་དང་། དེ་ལས་ཀྱང་དབང་བསྒྱུར་མཁན་ཕྱིར་ལྡོག་མེད་པའི་རང་དབང་ཆ་ཚང་བ་ཐོབ་ཐུབ་པ་མ་ཟད། བོད་ཀྱི་འཐབ་རྩོད་ནི་”ལྔ་བཞིའི་ལས་འགུལ་”དང་མི་འདྲ་བར་དམངས་གཙོ་དང་རང་དབང་གི་འཐབ་རྩོད་ཅིག་ཆགས་རྒྱུ་ཡིན་པ་རེད།

མཆན།

༡ ༽ དྲུག་བཞིའི་དམར་གསོད་ཆེན་མོ། ཕྱི་ལོ་༡༩༨༦ ཟླ་ ༤ ཚེས་ ༡༥ ཉིན་ཧུའུ་ཡའོ་པང་ཤི་རྗེས་རྒྱ་ནག་གི་སློབ་ཕྲུག་རྣམས་ཀྱིས་ཧུའུ་ལ་མྱ་ངན་བྱེད་སྒོ་འདྲ་  མིན་སྤེལ་བ་དང་།    ཟླ་༦ ཚེས་༤ ཡི་ཞོགས་པར་དམག་མི་ཁྲི་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་བྱེད་མཁན་སོགས་ལ་མེ་མདའ་ཚོད་མེད་དུ་རྒྱབ་པས་མི་སུམ་སྟོང་ཙམ་དམར་གསོད་བྱས།

༢ ༽ <<དྲག་ཤུགས་ལ་སྐུལ་བ་ནི་ཏཱ་ལའི་ཚོགས་ཁག་འཕྲལ་མར་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན།>> ཀྲུང་གོའི་བོད་ལྗོངས་དྲ་བ།

༣ ༽ རྒྱ་ནག་ནང་འཁྲིག། གོ་གུང་དམག་འཁྲིག་ནི་ཕྱི་ལོ་༡༩༤༦ནས་༡༩༤༩བར་དང་། ༡༩༥༤དང་༡༩༥༥ ཕྱི་ལོ ༡༩༥༨ བཅས་སུ་བྱུང་།

༤༽ རང་དབང་གི་རྩོམ་པ་པོ། བརྩམས་ཆོས་<<ལྕགས་མཁར་ནང་གི་གད་རྒྱངས་>>སོགས་ཡོད། ༢༠༠༨ ལོར་རྒྱ་རིགས་རྩོམ་པ་པོ་སུམ་བཅུའི་བོད་ཀྱི་གནས་བབ་ཐག་གཅོད་སྐོར་གྱི་བསམ་ འཆར་དོན་ཚན་བཅུ་གཉིས་ཅན་ལ་མཚན་རྟགས་འགོད་མཁན་གྲས་ཀྱི་ཡུས་ཅེ་དེ་ཡིན་མིན་ གསལ་བོ་མ་ཤེས།

༥ ༽ཕྱི་ལོ་༢༠༡༡།༨།༩ཉིན་<<རྒྱལ་ཁམས་བསྐོར་བའི་དུས་ཚགས་>>ཞེས་པ་ ལས་<<ཀྲུང་གོའི་བོད་ལྗོངས་དྲ་བར་>>འདྲེན་བཀོད་བྱས་པའི་<< བློ་བཟང་སེང་གེ་ཡིས་འགན་བཞེས་དམ་བཅའ་བཞག་རྗེས་ཕྱོགས་ཡོངས་ནས་”རང་བཙན་”མངོན་ འགྱུར་བྱེད་འདོད་པའི་སྐད་ཆ་ལབ་བྱུང་>>ཞེས་པར་”བློ་བཟང་སེང་གེ་ཉིད་ དུས་དེ་ནས་(༢༠༡༡།༨།༨)བཟུང་ཡུལ་གྱར་བོད་མིའི་སྲིད་གཞུང་གི་ལོ་རྒྱུས་སུ་ཆབ་ སྲིད ་ཀྱི་དབང་ཤུགས་ཏཱ་ལའི་བླ་མ་ལས་ཀྱང་ཆེ་བའི་མི་ཞིག་ཏུ་གྱུར་པ་རེད”ཅེས་འཁོད་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 3

  1. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    ཚོར་སྣང་གཙོར་འདོན་བྱས་པ་ཙམ་མིན་པར་ལོ་རྒྱུས་རང་བཞིན་ཅན་དང་། དཔྱད་ཞིབ་ཟུང་འབྲེལ་བྱས་ནས་ཡོད་པས་ངོ་མ་ཡག་པོ་འདུག

    Reply
  2. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    དངོས་གནས་ཞིབ་ཚགས་པོ་བྲིས་འདུག་ལ་རྒྱུན་དུ་དོ་སྣང་ཆེན་པོ་ཡོད་པར་མངོན།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དངོས་གནས་གནད་འགའ་གླེང་འདུག འདི་འདྲ་འབྲི་རྒྱུ་ལས་སླ་བོ་མ་རེད་ཡ། ཞི་ལོང་འབུར་འབུར་མ་རེད་ལ། ཧབ་དགོད་བྱེད་སྟངས་ཀྱང་མ་རེད། ས་ས་དང་རྡོ་རྡོ་སར་བཞག་འདུག ཡག་བྱུང་ཟེར་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese