༄༅།། བོད་ཀྱི་སྐད་ཡིག་གི་གནས་བབ་དང་རིན་ཐང་།
མྱུར་སྐྱོབ་བྱེད་ཕྱོགས།
བསམ་འཆར་ཆུན་པོ།
༼ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་ཡུལ་ཨོ་སི་ཊོ་ལི་ཨའི་གྲོང་ཁྱེར་སི་ཌི་ཎི་ནང་བོད་ཀྱི་སྐད་ཡིག་སྐོར་བགྲོ་གླེང་ཚོགས་འདུར་སྒྲོགས་སྦྱང་ཞུས་པའི་བསམ་འཆར ༽
ཟླ་བ་དོན་གྲུབ་ཨཱཅརྱཱ།
པུར་རྒྱལ་སྐད་ཀྱི་རང་བཞིན་རི་བོའི་སྤོར།། ཨ་ནུའི་སྲས་ཀྱི་རྣམ་དཔྱོད་དར་ཆེན་མཐོ།།
སྟོང་ཕྲག་སྐད་གཉིས་སྨྲ་བའི་གཙུག་ལག་གི །ལྷ་རེག་མངོན་པར་མཛེས་པར་བདག་བསྟོད་དོ།།།།
དེ་རིང་འདིར་བོད་ཀྱི་སྐད་ཡིག་སྐོར་བགྲོ་གླེང་ཚོགས་འདུར། བརྗོད་བྱ། བོད་ཀྱི་སྐད་ཡིག་ཀྱི་གནས་བབས་དང་རིན་ཐང་དང༌། མྱུར་སྐྱོབ་བྱེད་ཕྱོགས། ཞེས་པའི་ཐོག་རང་གི་བསམ་ཚུལ་བཤད་དགོས་པ་ཚོགས་འདུའི་གོ་སྒྲིག་པ་སྐུ་ཞབས་མགོན་པོ་བསོད་ནམས་ལགས་ནས་མངགས་པ་དང༌། དུས་རྒྱུན་རང་སྐད་བོད་ཀྱི་སྐད་ཡིག་གི་གནད་དོན་ཐད་དོ་སྣང་དང་སེམས་འཚབ་རྩ་བ་ནས་མེད་པ་མིན་པར་སོང༌། བསམ་ཚུལ་ཅུང་ཟད་བཤད་རྒྱུ་ཁས་བླངས་པ་ཡིན། འདིའང༌། བོད་སྐད་ལ་ཆེད་དུ་རྩལ་བཏོན་སློབ་གཉེར་བྱས་པ་དང་བྱང་ཆུབ་པ་སོགས་མིན་པར། བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ཀྱི་བསམ་བློའི་ཐོག་ནས་བསམ་ཚུལ་ཞུ་ཙམ་ཡིན། བརྗོད་བྱའི་ཆ་ཤས་རྟིང་མ། བོད་ཀྱི་སྐད་ཡིག་གི་གནས་བབས་དང་རིན་ཐང༌། ཞེས་པའི་རིན་ཐང་གི་སྐོར་རགས་ཙམ་ཞུ་བ་ཡིན་ན། བོད་ཀྱི་སྐད་ཡིག་ཐོག་ཧ་ཅང་གི་མཛད་རྗེས་རླབས་ཆེན་འཇོག་མཛད་མཁན་གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༠ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ། བོད་ཀྱི་སྐད་ཡིག་འཇིག་རྟེན་སྤྱི་ཡོངས་ལ་གལ་གནད་ཆེ་བའི་སྐོར་གསུང་བཤད་དུ་གསུངས་གསལ།
བོད་ཀྱི་སྐད་ཡིག་སོ་སོའི་ཕ་སྐད་ཀྱི་ཐོག་ནས་བེད་སྤྱོད་བྱེད་མཁན་གྱི་གཙོ་བོ་དེ་བོད་པ་རེད། གཉིས་པ་ལ་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་པ་འབྲུག་པ་ཡོངས་རྫོགས། བལ་ཡུལ་ནང་བོད་སྐད་བེད་སྤྱོད་བྱེད་མཁན་བརྒྱ་ཆ་ ༡༦ ཙམ་དང༌། རྒྱ་གར་ནང་ལ་དྭགས་ནས་བརྩིས་པའི་མེགྷཱལཡའི་བར་གྱི་མེལེ་ ༢༠༠༠ ལྷག་ཙམ་ཡོད་པའི་ས་གནས་སུ་བོད་སྐད་ཡོངས་རྫོགས་བེད་སྤྱོད་བྱེད་མཁན་དང༌། ཕྱེད་ཙམ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་རེད། དེར་བརྟེན། བོད་སྐད་དེ་སོ་སོའི་ཕ་སྐད་དུ་བེད་སྤྱོད་བྱེད་མཁན་ནི། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་བོད་པ་དང༌འབྲུག རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་ ༤ ཡི་ནང་དུ་ཁྱབ་ཡོད་པ་རེད། དེ་ནས་ཆོས་དང་རིག་གཞུང་རྐྱང་རྐྱང་གི་ཆེད་དུ་བེད་སྤྱོད་གནང་མཁན་སོག་པོ་ཡོད་རེད། རྒྱ་ནག་གསར་རྙིང་གཉིས་ཆའི་ནང་དུ་ཕྲན་བུ་ཡོང་གི་ཡོད་རེད། དེ་ནས་ཉམས་ཞིབ་ཀྱི་ཆེད་དུ་སློབ་སྦྱོང་བྱེད་མཁན་གྱི་རིགས་ཀྱིས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པ་རེད། རྒྱ་གར་གྱི་མཐོ་སློབ་ ༡༤ ཙམ་ནང་བོད་པའི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཡོད། དེ་མིན་པའི་སྡེ་ཚན་ཡང་མང་པོ་ཡོད། ནུབ་ཕྱོགས་དང་ལྷོ་ཤར་ཨེ་ཤ་ཡའི་ནང་དུ་ཡང་མཐོ་སློབ་བརྒྱ་ཕྲག་བརྒལ་བའི་ནང་བོད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཚུགས་ཡོད མདོར་ན་མི་རིགས་ཀྱི་ཆ་ནས་བོད་པ་ཡིན་མཁན་གྱི་གྲངས་འབོར་གྱིས་བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་གྱི་བརྒྱ་ཆ་ ༡༠ ཙམ་ཡང་ཟིན་གྱི་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེར་བརྟེན། བོད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་བྱེ་བ་དྲུག་ ༦༠༠༠༠༠༠༠ བརྒལ་བཞིན་ཡོད། དེར་བརྟེན། གྲངས་འབོར་རང་གི་ཆ་ནས་ཀྱང་བོད་པའི་སྐད་ཡིག་དེ་བོད་པ་ལ་ཇི་ཙམ་གལ་ཆེ་བ་དེ་ལས་མང་བ་ཞིག་འཇིག་རྟེན་གྱི་མི་གཞན་དག་ལ་གལ་ཆེ་བ་ཡིན་པ་ཡང་ར་འཕྲོད་ཀྱི་ཡོད། བོད་དུ་ཡོད་པའི་ནང་པའི་རིག་གཞུང་གི་ཐོག་མའི་འབྱུང་ཁུངས་ཀྱི་སྐད་ཡིག་དེ་སཾསྐྲྀཏ་དང་པཱལིའི་སྐད་ཡིག་གཉིས་ཡིན་དུ་ཆུག་ནའང་། ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་རྣམ་གཞག་ཆ་ཚང་བ་ཞིག་ལ་བལྟ་དགོས་ན་བོད་སྐད་ལས་གཞན་པའི་བལྟ་ས་འཇིག་རྟེན་འདིའི་ནང་ཡོད་པ་མ་རེད། རྒྱ་མིའི་སྐད་དུ་ཡང་བཀའ་འགྱུར་དང་བསྟན་འགྱུར་བསྒྱུར་ཡོད་ཀྱང་། དེ་ཚོ་སཾསྐྲྀཏ་དང་བར་ཐག་རིང་པོ་ཆགས་ཡོད། དེ་ཚོ་ཡང་བསྐྱར་སཾསྐྲྀཏའི་ནང་བསྐྱར་གསོ་བྱེད་ཐུབ་པ་ཞིག་ཡོད་པ་མ་རེད། རྒྱ་མིའི་སྐད་དང་སཾསྐྲྀཏ་གཉིས་པོ་དེའི་སྐད་ཀྱི་འགྲོ་སྟངས་ལོགས་ཀ་རེད། ཐོག་མ་བསྒྱུར་བའི་སྐབས་ལ་ཡང་དོན་འགྱུར་བྱས་པ་རེད་མ་གཏོགས་སྒྲ་འགྱུར་གནང་ཐུབ་ཡོད་མ་རེད། བོད་སྐད་ནས་ལེགས་སྦྱར་དུ་ཚུར་བསྒྱུར་བའི་སྐབས་སུ་ཧ་ལམ་ཚིག་ཇི་མ་ཇི་བཞིན་སླེབས་ཐུབ་པའི་གནས་སྟངས་ཤིག་ཡོད་རེད། དེར་བརྟེན། ནང་པའི་རིག་གཞུང་ཆ་ཚང་བ་ཞིག་འཇིག་རྟེན་འདིའི་ནང་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད་ན། ངེས་པར་དུ་བོད་པའི་སྐད་ཡིག་འཛིན་སྐྱོང་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད། ད་ལྟའི་གནས་འོག་བོད་པའི་སྐད་ཡིག་འདི་བརླག་སོང་བ་ཡིན་ན། འགྲོ་བ་མིའི་རིགས་སྤྱི་ལ་ཕངས་པོ་ཞེ་དྲག་ཆགས་ཡོད། བོད་སྐད་ཡིག་འཛམ་གླིང་སྟེང་མེད་དུ་མི་རུང་བའི་རྒྱུ་མཚན་ཡང་། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ལྟོས་ནས་མེད་དུ་མི་རུང་བ་ཡིན་པ། མངོན་མཐོ་དང་ངེས་ལེགས་གཉིས་ཀ་ལ་ལྟོས་ན་མེད་དུ་མི་རུང་བ་ཡིན་པ། འཇིག་རྟེན་གྱི་ཡར་རྒྱས་དང་ནང་དོན་རིག་པའི་ཡར་རྒྱས་གཉིས་ཀ་ལ་བརྟེན་ནས་མེད་དུ་མི་རུང་བ་ཡིན།
ང་ཚོ་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་གི་རིན་ཐང་ནི། ཁེར་རྐྱང་དུ་ཡོད་པའི་བོད་པའི་འབྲོག་པའི་ནང་མི་ཞིག་གི་ཉིན་རེའི་སྨྲ་ཞིང་དོན་གོ་བའི་ངག་གི་དགོས་མཁོ་ཆ་ཚང་བ་ཞིག་བོད་སྐད་ཉིད་ཀྱི་ཐོག་ནས་གྲུབ་ཏུ་ཡོད་པ་དང༌། སྤྱི་ཚོགས་ཀྱི་བྱ་བཞག་ཐམས་ཅད་དང༌། དངོས་པོའི་གནས་ལུགས་ཀྱི་ལྟ་བའི་གནད་དང་མཐར་ཐུག་གསང་སྔགས་བླ་མེད་ཀྱི་རྫོགས་པའི་རིམ་པ་ལྔ་པའི་གནད་མཐིལ་ཕྱིན་པའི་དགོས་མཁོ་ཆ་ཚང་བ་ཞིག་ཀྱང་བོད་སྐད་ཉིད་ཀྱིས་གྲུབ་ཏུ་ཡོད་པ་ཡིན། ༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་སིཌིཎིར་བོད་རིགས་རྣམས་ལ་བསྩལ་བའི་བཀའ་སློབ་ཏུ་གསུང་གསལ། ཤར་ཤིན་ཅང་ནས་ནུབ་མངའ་རིས་ལ་དྭགས་བར་ང་ཚོ་བོད་རིགས་ཀུན་ལ་ཐུན་མོང་བའི་ཡི་གེ་གཅིག་གྱུར་ཞིག་ཡོད། ༼ ༢ ༽ཅེས་གསུངས་དོན་ལྟར། ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཆ་ནས་བོད་ཀྱི་སྐད་ཡིག་ནི། བོད་མི་རིགས་ཀྱི་གོང་བུའི་ནུས་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་ཡོང་བ་དང༌། བོད་ཀྱི་རྒྱལ་གཅེས་ལར་ཞེན་གྱི་གཞི་རྟེན་གཙོ་བོ་ཞིག་ཡིན། བོད་ཀྱི་སྐད་ཡིག་གི་གནས་བབས་ནི། ཀུན་གྱིས་མཁྱེན་གསལ་ལྟར་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཏུ་གནས་ཡོད་པ་སྟེ། བྱེས་སུ་ཡོད་པའི་བོད་མི་རྣམས་ནི་གཞན་གྱི་ཡུལ་དུ་སྐྱབས་བཅོལ་དུ་ཡོད་སྟབས་སྤྱི་ཚོགས་སྤྱི་ཡོངས་སུ་གནས་པོ་རྒྱལ་ཁབ་དེའི་སྐད་ཡིག་ཁྱབ་ཆེ་བ་དང་དེའི་ཤན་ངང་གིས་བྱུང་བ་དང༌། མི་ཚེའི་འཚོ་བ་སོགས་གནས་ཚུལ་མང་པོ་ཞིག་གི་ཆེད་གཞན་གྱི་སྐད་ཡིག་བེད་སྤྱོད་བྱེད་ཆེ་བའི་གནས་སྟངས་ཤིག་ཡིན་པ་དང༌། བྱེས་ནས་བྱེས་སུ་གྱར་བ་རྣམས་ནི་དེ་བས་ཀྱང་ཁ་འཐོར་དུ་གནས་པ་དང་རང་སྐད་བེད་སྤྱོད་བྱེད་པའི་གནས་སྟངས་ཇེ་ཉུང་ངང་གནས་ཡོད། གཞིས་སུ་ནི་རྒྱ་དམར་ནས་སྲིད་གཞུང་གི་སྐད་ཡིག་དང་སྤྱི་ཚོགས་ནང་ལས་གཞི་དང་འཚོ་བའི་བརྡ་འབྲེལ་སོགས་རྒྱ་ཡིག་གཙོ་ཆེ་བ་དབང་གནོན་བེད་སྤྱོད་བྱེད་པ་ཙམ་དུ་མ་ཟད། བོད་དུ་རྒྱ་མི་འབོར་ཆེན་གནས་སྤོས་ཀྱིས་བོད་ཡུལ་དེ་རྒྱ་ཡུལ་དུ་བསྒྱུར་བ་དང༌། སྔ་ལོར་བོད་ཤར་ཁུལ་ནས་བཟུང་རིམ་གྱིས་བོད་པའི་སློབ་གྲྭ་རྣམས་ཀྱི་ནང་སློབ་ཚན་སློབ་ཁྲིད་རྒྱའི་སྐད་ཡིག་ཐོག་ནས་བྱ་རྒྱུའི་ལས་འཆར་དང༌། ཁ་སང་ཉིན་ཤས་སྔོན་བོད་ཨ་མདོ་ཁུལ་དུ་རྒྱ་གཞུང་ནས་རྒྱ་སྐད་ཐོག་དཔར་དུ་བཏབ་པའི་སློབ་ཚན་སློབ་ཁྲིད་ཀྱི་སློབ་དེབ་བོད་པའི་སློབ་གྲྭའི་ནང་བཀྲམ་པ་དང་དེར་ས་གནས་བོད་ཕྲུག་རྣམས་ནས་སྙིང་སྟོབས་ཆེན་པོས་ངོ་རྒོལ་བྱས་ཡོད། ༼ ༣ ༽
བརྗོད་བྱའི་ཆ་ཤས་གཉིས་པ། བོད་ཀྱི་སྐད་ཡིག་མྱུར་སྐྱོབ་བྱེད་ཕྱོགས་ཞེས་པའི་ཐད་༧གོང་ས་མཆོག་ནས་བཀའ་སློབ་ནར་མར་ཕེབས་བཞིན་པ་དང༌། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང༌། སྲིད་སྐྱོང་བཀའ་ཁྲིའི་ཐུགས་འགན་བཞེས་པ་ནས་བཟུང༌། བོད་དགེ་རྣམས་ལ་ཟབ་སྦྱོང་གི་ལས་འཆར་སྤེལ་བ་དང༌། དངོས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བའི་ཁོངས། བྱིས་པ་ཆུང་དུས་ནས་རང་གི་སྐད་ཡིག་ལ་གཙོ་བོ་བྱང་ཆུབ་པ་ཡོང་བའི་ཆེད་དུ་བོད་པའི་སློབ་གྲྭ་ཁག་ནང་གཞི་རིམ་འཛིན་གྲྭའི་སློབ་དེབ་རྣམས་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་བཀོད་བྱས་པ་དང༌། སློབ་ཚན་སློབ་ཁྲིད་བོད་ཀྱི་སྐད་ཡིག་ཐོག་ནས་བྱེད་པའི་སྲོལ་གཏོད་པ་དང༌། ཚོད་ལྟའི་སློབ་གྲྭ་ཟུར་བཙུགས་དང༌། གྲོས་ཚོགས་ཀྱི་ཡིག་ཆ་དང་གཏམ་བཤད་དང་ཟིན་བྲིས་ཀུན་བོད་སྐད་ཐོག་བྱེད་པ་སོགས་ཀུན་གྱིས་མཁྱེན་གསལ་ལྟར་དང༌། བོད་ནང་མཁས་དབང་སྐུ་གཤེགས་སེར་སྨད་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༡༩༨༠ལོར་བརྩམས་མཛད་པའི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཐོག་མའི་བསམ་ཚུལ། ༼༤ ༽ཞེས་པའི་ནང་དགོངས་ཚུལ་རླབས་ཆེན་ཇི་སྙེད་གསུངས་ཡོད་པ་དང༌། ཝཱཎ་དབུས་བོད་ཀྱི་ཆེའི་མཐོའི་གཙུག་ལག་སློབ་གཉེར་ཁང་དང༌། དུས་བབ་གསར་ཤོག་དང༌། དྷ་ས་ཨ་མྱེས་རྨ་ཆེན་བསྟི་གནས་རྣམས་ནས་དུས་ནས་དུས་སུ་བོད་ཀྱི་སྐད་ཡིག་སྐོར་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱས་པ་དང༌། ཨིཊལིའི་ཡུལ་དུ་མཁས་དབང་ནམ་མཁའི་ནོར་བུ་མཆོག་ནས་གོ་སྒྲིག་མཛད་པའི་བོད་ཀྱི་སྐད་ཡིག་སྐོར་རྒྱལ་སྤྱིའི་ཚོགས་ཆེན་དང༌། ཉེ་འཆར་ཨ་རིའི་ཀོ་ལོམ་བྷི་ཡ་མཐོ་སློབ་ཏུ་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་ཚོགས་འདུ་སོགས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་བོད་ཀྱི་སྐད་ཡིག་ཐོག་བགྲོ་གླེང་རྣམས་སུ་མཁས་མང་འདུས་པའི་རྣམ་དཔྱོད་དང་ཉམས་མྱོང་ལས་གྲོས་འཆར་གྱི་ཕུང་པོ་རི་མཐོན་པོ་ཞིག་གི་ཚད་ཙམ་དུ་ཡོད་ངེས། དེའི་ཞབས་སུ་བྱེ་མའི་རྡུལ་ཕྲན་ཆག་གྲུམ་ཞིག་གཞག་པའི་སྤོབས་པ་ཁོ་བོར་མ་མཆིས། སྔར་གྱི་གྲོས་ཆོད་ཡིག་ཆ་རྣམས་ལ་ཕྱིར་བལྟས་བློ་སྐྱེད་ལམ་སྟོན་ལེན་དགོས་པ་ཉིད་གལ་ཆེ།
དེ་ལྟ་ནའང༌། རྒྱ་དམར་ནས་བོད་ནང་ཆབ་སྲིད་ཙམ་མ་ཚད། གཞི་རྩའི་འགྲོ་བ་མིའི་རང་དབང་བརྡལ་བཤིག་དང༌། བོད་མི་རིགས་རྒྱའི་གནས་སྤོས་མི་འབོར་མང་བས་རྨེག་མེད་བཟོ་རྒྱུ་དང༌། བོད་ཀྱི་སྐད་ཡིག་རྒྱའི་སྐད་ཡིག་གིས་དབང་གནོན་བྱེད་པའི་གནས་སྟངས་ཛ་དྲག་འདིའི་སྐབས། བོད་ཀྱི་སྐད་ཡིག་ལ་དྭང་དོད་བྱེད་པ་དང༌། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་ནི་ཧ་ཅང་གནད་ཆེ། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སྐབས་མི་རིགས་ཀྱི་ལྟ་བའི་ཆ་ནས་བལྟས་པའི་ཚེ། སྣང་མེད་དུ་འཐུས་ཤོར་འགྲོ་བའི་རིགས་སོགས་རང་གིས་དོ་སྣང་བྱུང་བའི་གནད་དོན་འགའ་ཞིག་ཞུ་བ་ཡིན།
༡ བོད་སྐད་ལ་ཏག་ཏག་མེད་པའི་ཚིག་རྣམས་སྐད་དོད་དུ་བེད་སྤྱོད་བྱེད་དགོས་པ་བྱུང་ཚེ། ང་ཚོར་བཙན་གནོན་གཏོང་མཁན་གྱི་སྐད་ཀྱི་ཚིག་བེད་སྤྱོད་བྱེད་པ་ལས་ཡོངས་ཁྱབ་སྐད་རིགས་གཞན་ཞིག་གི་ཚིག་བེད་སྤྱོད་བྱེད་པ་གལ་ཆེ་བ་སྟེ། དཔེར་ན། ས་ཐག་རྒྱང་ཚད་ཀྱི་རྒྱའི་ཚིག་ལིའམ་ལེ་དབར་ཞེས་པའམ། དེའི་བོད་ཚིག་སྤེལ་མ་སྤྱི་ལེ་ཞེས་བེད་སྤྱོད་བྱེད་པ་ལས། དབྱིན་སྐད་ཀྱི་མཱཡིལ། ཡང་ན་དེའི་བོད་སྐད་ཟུར་ཆག་མེ་ལེ་ཞེས་པ་བེད་སྤྱོད་བྱེད་པ་གལ་ཆེ། རྩ་བའི་དབྱིན་ཇིས་ཕྱི་ལོ་ ༡༩༠༤ ལོར་བོད་ནང་བཙན་འཛུལ་བྱས་པ་དང་དབྱིན་དམག་ནས་བོད་ས་གུ་རུ་དང༌། རྒྱལ་རྩེ་དང༌། ཀ་རོ་ལར། བོད་མི་སྟོང་བརྒལ་བ་བསད་པ་༼ ༥༽ཡིན་མོད་ཀྱང་། རྒྱ་དམར་ནས་དེ་ནི་དབྱིན་ཇི་དང་ནུབ་ཕྱོགས་པར་བོད་མིས་སྡང་སེམས་འཆང་རེའི་ངང་གནས་ཚུལ་དེ་ཧ་ཅང་ཐལ་ཆེ་བའི་ཁྱབ་བསྒྲགས་རྒྱུད་སྐུལ་བྱེད་བཞིན་ཡོད།
༢ བོད་སྐད་ལ་ཡོད་བཞིན་དུ་མེད་པ་ལྟར་སྐད་རིགས་གཞན་གྱི་ཐ་སྙད་བེད་སྤྱོད་བྱེད་པའི་ངན་སྲོལ་ཏེ། དཔེར་ན། ཚོང་གི་ཚོགས་པའམ་ཚོང་གི་སྐྱིད་སྡུག་གང་བོད་སྐད་ལ། ཚོང་ཚོགས། ཡང་ན། ཚོང་འབྲེལ་ཁང༌། ཞེས་བེད་སྤྱོད་བྱེད་དུ་ཡོད་ཀྱང༌། དབྱིན་ཇིའི་ཚིག ཀཾཔཎི། ཞེས་པ་དང༌། ཡང་ན། རྒྱ་སྐད་ཀྱི། ཀུང་སི། ཞེས་པ་དང༌། ངེས་སྟོན་པ་ཞེས་བོད་སྐད་ནང་བེད་སྤྱོད་བྱེད་དུ་ཡོད་པར། རྒྱ་སྐད་ཀྱི། ཀྲུང་ཞི། ཞེས་པ་དང༌། ཁྲེང་ཏུར་བོད་པའི་ཟ་ཁང་འགའ་ཞིག་ནང་ཕར་མོག་མོག་༼ ༦ ༽དགོས་ཞེས་མངགས་པའི་སྐབས། ཚུར་མ་གོ་བ་ལྟ་བུའི་རྣམ་འགྱུར་དང་བཅས། གཡས་གཡོན་གྱི་མི་ཚོར་དྲིས་ནས་གཞི་ནས་ཚུར། ཨཱ་ལས། པའུཙི། དགོས་པས་ཞེས་ལབ་པ་སོགས་དང༌། ལྷག་པར་དུ། གནའ་རབས་ནས་བོད་ཀྱི་ས་ཁོངས་ཀྱི་ཡུལ་མིང་མང་པོ་ཞིག་རྒྱའི་འཛིན་སྐྱོང་གི་ཚིག་བེད་སྤྱོད་བྱེད་སྟངས་ཀྱིས། ཆེད་མངགས་བོད་ནི་རྒྱའི་མངའ་ཁོངས་ཤུལ་མེད་དུ་འགྱུར་བའི་ཆེད་དུ། དེ་སྔ་བོད་མིང་ཡོད་པའི་བོད་ཀྱི་ས་གནས་མང་པོ་ཞིག་གི་མིང་རྒྱ་སྐད་ཀྱི་མིང་བེད་སྤྱོད་བྱེད་པ་དང༌། བྱེད་དུ་འཇུག་པ་སྟེ། དཔེར་ན། དར་རྩེ་མདོ་ལ་ཀང་དིང་དང༌། རྒྱལ་རོང་འབར་ཁམས་ལ་སྨར་ཁཱང་དང༌། རྔ་པ་ལ་ཨ་བྷ་དང༌། སྐྱེ་རྒུ་མདོ་ལ་ཡུ་ཤུ་ཞེས་པ་ལྟ་བུའོ། བཙན་བྱོལ་གསར་འགྱུར་བརྒྱུད་ལམ་འགའ་ཞིག་ནང་ལའང་ས་གནས་དེ་རིགས་མིང་སྨོས་སྐབས་ཡིན་ཅིག་མིན་ཅིག་རྒྱ་སྐད་ཀྱི་མིང་ཡང་ཤད་གུག་ཏུ་བཀོད་པའི་སྲོལ་ངན་ཞིག་དར་འདུག༼ ༧ ༽
༣ བོད་མི་ནང་ཁུལ་བོད་སྐད་ཉིད་ཐོག་བརྡ་འབྲེལ་བྱེད་པ་དང༌། ལྷག་པར་དུ། བོད་རིགས་སྤྱི་པའི་འདུ་འཛོམ་སོགས་སུ་གཏམ་བཤད་སོགས་བོད་སྐད་དང་བོད་ཡིག་གཙོ་ཆེ་བེད་སྤྱོད་བྱ་དགོས་པ་དང༌། བོད་སྐད་གཏམ་བཤད་བྱེད་པ་དེའང་སྐད་རིགས་གཞན་གྱི་ཚིག་དང་བརྗོད་པ་སོགས་མ་བསྲེ་བར་ཅི་ཐུབ་ཀྱིས་བོད་སྐད་དང་བོད་ཡིག་ཉིད་ཐོག་བེད་སྤྱོད་བྱ་དགོས་པ་གལ་ཆེ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ཁོངས་བོད་རིགས་ས་ཁུལ་ཡོངས་སུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་ནི་མི་རིགས་ཀྱི་ཐོབ་ཐང་ཡིན་པའི་མངོན་འདོད་དེ་སྲིད་གཞུང་གི་ལམ་ནས་ཀྱང་ལག་བསྟར་དགོས་པ་བཀའ་ཕེབས་དོན་ལྟར། ཐ་ན་ལམ་ཆེན་གྱི་བརྡ་ཡིག་དང་མི་མང་བརྡ་ཡིག་དང་བྱང་ཡིག་སོགས་བོད་ཡིག་ཐོག་དང༌། གང་དུ་བོད་རྒྱ་ཤན་སྦྱར་ཡོད་པ་རྣམས་ཀྱང་བོད་ཡིག་གོང་ན་འཁོད་པ་དང་རྒྱ་ཡིག་འོག་ན་འཁོད་ཡོད། ཁོང་སྐུ་གཤེགས་པའི་ཕྱིས་སུ་ཁོང་ལྟ་བུའི་དབུས་གཞུང་ནང་གོ་གནས་མཐོན་པོ་དང་གཟི་བརྗིད་ལྡན་པའི་བོད་རིགས་དཔོན་པོ་མ་བྱུང་བའི་དབང་གིས། ད་ནི། བོད་ཀྱི་ས་གནས་དར་རྩེ་མདོར་མི་མང་བརྡ་ཡིག་རྒྱ་ཡིག་གཅིག་པུའི་ཐོག་བྲིས་པ་འགའ་སྣང་མགོ་ཚུགས། ༼ ༨ ༽
རང་དབང་ཅན་གྱི་རྒྱལ་ཁབ་ནང་ཡོད་པའི་བོད་མི་རྣམས་ནས་ཡུལ་ཁྲིམས་ཆོག་མཆན་༼ ༩ ༽ཡོད་གནས་རྣམས་སུ་བྱང་ཡིག་དང་བརྡ་ཡིག་རྣམས་བོད་ཡིག་ཐོག་འགོད་དགོས་པ་དང༌། བོད་ཡིག་འབྲི་བའི་ཚེ་ཨང་གྲངས་ཡང་བོད་ཡིག་གི་ཨང་གྲངས་འབྲི་དགོས་པ་སྟེ། ང་ཚོ་བོད་པའི་ཨང་གྲངས་ ༠༡༢༣༤༥༦༧༨༩༡༠ མེད་པ་མིན། ཐ་ན་ཤོག་ངོས་སུ་ཡིག་ཕྲེང་དུས་རྒྱུན་ལྟར་གཡོན་ནས་གཡས་སུ་འཕྲེད་ལ་འབྲི་བ་བོད་ཡིག་དང་སྐད་ཡིག་མང་པོར་མཐུན་ཆོས་སུ་ཡོད་ཀྱང༌། གལ་ཏེ་རྒྱ་ཡིག་ལྟར་ལྟག་འོག་ལྟག་འོག་ཏུ་བྲིས་ཏེ་བྱང་ཡིག་སོགས་ཀྱི་བཀོད་པ་དེ་ལྟར་བྱས་ན་བཙན་གནོན་གཏོང་མཁན་གྱི་ཡིག་སྲོལ་ལྟར་ཡིན་པ་མ་ཟད། རིག་གནས་གསར་བརྗེའི་འཐབ་འཛིང་ཉེས་མེད་ཉེས་འདོག་གི་ཞྭ་མོའི་ངོས་སུ་ཡིག་བྲིས་ལྟར་ཡིན། བོད་ཡིག་ཐོག་བྲིས་པའི་དེབ་ཅིག་ལ་མཚོན་ན། དེ་སྔ་རྒྱ་གར་ནས་དཔར་སྐྲུན་བྱས་པ་མང་པོ་ཞིག་གི་རྒྱབ་ཤོག་གི་ཁ་ཡིག་དང༌། དཀར་ཆག་ཡན་ཆད་དབྱིན་ཇིའི་སྐད་ཡིག་ཁོ་ནའི་ཐོག་བྲིས་པ་སྟེ། སྐུ་གཤེགས་ཇེན་སི་མིཐི་བརྒྱུད་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་དངུལ་ལ་བརྟེན་ནས་བོད་ཡིག་བེད་སྤྱོད་ཐད་འཐུས་ཤོར་ཕྱིན་ཡོད། ༼ ༡༠ ༽དེང་སྐབས་ཆོས་སྦྱིན་དུ་སྤེལ་བའི་ཐའི་ཝེན་དཔར་སྐྲུན་ཚོགས་པ་ནས་བོད་ཡིག་དཔེ་དེབ་དཔར་སྐྲུན་བྱེད་པ་རྣམས་ཀྱང༌། དཔེ་དེབ་ཀྱི་དཔར་སྐྲུན་ཨང་གྲངས་ཀྱི་ཨང་ཀི་བོད་ཡིག་མིན་པ་རོ་མན་ཡི་གེའི་ཐོག་རྒྱབ་ཤོག་ངོས་སུ་འཁོད་ཡོད། ཕྱི་ལོ་ ༢༠༠༧ ལོར་བོད་ཤར་ཁུལ་ནས་འགྲེམས་སྤེལ་བྱས་པའི་གངས་ཀྱི་ལྷ་མོ་སོགས་ཀྱི་བརྙན་ལྡེར་ཁ་ཡིག་དང་རྒྱབ་ཤོག་ཐོག་བོད་ཡིག་ཉིད་བེད་སྤྱོད་བྱས་པ་ ༼ ༡༡ ༽ནི་མི་རིགས་ཀྱི་གཟི་བརྗིད་དང་རྒྱལ་གཅེས་ཀྱི་ཉི་འོད་སྦར་མོས་འགེབས་སུ་མེད་པ་མཚོན་པའི་བསྟོད་བསྔགས་ཀྱི་ཡུལ་ཡིན།
ད་ནི། བོད་ཀྱི་སྐད་ཡིག་ཐད་གླེང་གཞི་ཅན་གྱི་དོན་གནད་རེ་གཉིས་ཞུ་བ་ཡིན་ཏེ། ༡ མིང་མཐའ་འདྲེན་ཚུལ་གྱིས་རྐྱེན་པས་དག་ཆའི་ཐད། སྟོང་པ་ཉིད་ལ། སྟོང་བ་ཉིད་དང༌། བཞི་པ་ལ་བཞི་བ་སོགས་ཇི་སྙེད་ཅིག་མངོན་པ། རྟགས་འཇུག་གི་གཞུང་ལ་ཁུངས་བཅོལ་བ་ཡིན་མོད་ཀྱང༌། དབྱངས་ཅན་གྲུབ་པའི་རྡོ་རྗེས། དཀའ་གནད་སེལ་བའི་མེ་ལོང་ལས།། དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ།། བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌།། ༼ ༡༢ ༽ཞེས་གསལ་བར་གསུངས་ཡོད་པས། མིང་ཚིག་མང་པོ་ཞིག་རྟགས་མི་མཚུངས་ནའང་སྔར་ནས་བེད་སྤྱོད་རྒྱུད་མར་བཏང་བ་ལས་བརྗོད་བདེ་ཅན་དུ་གྱུར་ཡོད་ཅིང༌། རྩ་བའི་རྟགས་མཚུངས་འདྲེན་ཚུལ་ཉིད་ཀྱང་བརྗོད་བདེ་ལ་གཞི་བཅོལ་བ་ཡིན་ཞེས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསུངས་༼ ༡༣ ༽ཡོད་མོད་ཀྱང༌། དེ་ནི་ད་ནས་ལོ་ངོ་སྟོང་བརྒལ་བའི་སྔ་རོལ་མིང་ཚིག་དེ་རྣམས་ཐོག་མར་བརྗོད་པ་དང་ཡི་གེར་བཀོད་སྐབས་ལ་དགོངས་ནས་གསུངས་པ་ཡིན་པ་སྙམ།
གལ་ཏེ་རྟགས་མཚུངས་ཉིད་ཤེད་ཀྱིས་འདོད་དགོས་ན། རྒྱལ་བ་ཙོང་ཁ་པ་ལ། ཙོང་ཁ་བ་དང༌། བོད་པ་ལ་བོད་བ་ཞེས་སོགས་ཅིའི་ཕྱིར་མི་འགོད་དམ། བརྗོད་བདེ་ཞེས་པའང་ཡུལ་ལུང་དང་བེད་སྤྱོད་སོགས་གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་བྱུང་པའི་ཕྱིར་ན། དེ་ནི་གསལ་བར་ཐག་གཅོད་བྱེད་ཐུབ་པའི་གནད་དོན་ཞིག་མིན། ཚིག་མང་པོ་ཞིག་འདོད་རྒྱལ་གྱི་ཚིག་ཡིན་པའང་ཆ་འཇོག་བྱེད་མི་དགོས་པ་མིན། དེ་བས་ན། ཕྱི་ལོ་ ༡༩༥༠ ལོའི་སྔ་རོལ་དཔར་སྐྲུན་བྱས་པའི་བོད་ཀྱི་དཔེ་དེབ་རྣམས་ཀྱི་ནང་ཚིག་དེ་རིགས་ཀྱི་དག་ཆ་གང་འཁོད་པའང་ཚད་འཛིན་བྱ་གཞི་གནད་ཆེ་བ་ཡིན་པར་སྙམ། དཔེར་ན། ལྕང་སྐྱ་ངག་དབང་མཆོག་ལྡན་དུས་སྐབས་སུ་བོད་ཤར་ཁུལ་དུ་རྟེན་ལ་གཟུངས་འབུལ་བའི་སྐབས་གཟུངས་ཡིག་གི་མ་ཕྱི་དཔར་རྩ་གང་ལ་གཞི་བཅོལ་དགོས་པའི་ལམ་སྟོན་དུ་ལྕང་སྐྱས་གསུང་གསལ།། གཟུངས་གཞུག་གི་དཔར་བོད་ཡུལ་ན་ཤིན་ཏུ་མང་ཡང༌། དེང་སང་པོ་ཏ་ལ་ན་བཞུགས་པའི་རྐྱང་རྩེ་འགྲོ་དོན་མར་གྲགས་པ་ནི་ཤིན་ཏུ་དག་པའི་ཁུངས་བཙུན་ཡིན་ངེས། གཞན་དག་མ་དག་སྣ་ཚོགས་ཡོད། ༼ ༡༤ ༽ཅེས་གསུངས་པའི་དཔེ་ལྟར། ང་ཚོས་འདིར་མིང་མཐའ་འདྲེན་ཚུལ་གྱི་དག་ཆའི་ཚད་གཞི་འཛིན་ས་སྔར་གྱི་དཔེ་རྙིང་རྣམས་ལའང་འཛིན་དགོས་པར་སྙམ། ཞར་བྱུང་འདི་དང་འབྲེལ་བའི་གནད་དོན་གལ་ཆེ་བ་ཞིག་ནི། ཕྱི་ལོ་ ༡༩༥༠ ལོ་ནས་རྒྱ་དམར་ནས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་རྒྱ་སྐད་བརྒྱུད་དེ་དམར་ཤོག་གི་ཚིག་བོད་སྐད་ཐོག་སླེབས་པ་དང༌། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་བ་ནས་བཟུང༌། ཧིནྡྷི་དང་དབྱིན་ཇིའི་ཚིག་གཙོ་བོར་འགྱུར་བའི་ཕྱིའི་ཚིག་དང་བརྗོད་པ་མང་པོ་ཞིག་བོད་སྐད་ནང་སླེབས་ཡོད། དེས་རྐྱེན་པས་མིའི་བསམ་བློ་གཏོང་སྟངས་དང་སྨྲ་བརྗོད་བྱེད་སྟངས་ལ་སྐད་རིགས་གཞན་གྱི་ཐོག་ནས་བསམ་བློ་གཏོང་སྟངས་དང་སྨྲ་བརྗོད་བྱེད་སྟངས་གསར་དུ་བྱུང་ཡོད། འདི་ནི་བཟང་ངན་གྱི་རྣམ་དབྱེ་གང་ཡང་མིན། རང་དབང་དང་ལྡན་པའི་དུས་སྐབས་ཀྱི་ཚེ་སྐད་ཡིག་གི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བའང་ཡིན། དེའི་མཚན་གཞི་ལྟ་བུ་ནི། དབྱིན་ཇིའི་ཚིག་གི་ཊེཀ་པརྚི། ཞེས་པ་བོད་སྐད་ཐོག ཆ་ཤས་ལེན་པ། ཞེས་དང༌། པརྚིསིཔེཊ་ལ། མཉམ་ཞུགས། ཞེས་པ་དང༌། དེ་སྔ་བོད་སྐད་ལ་ཡོད་པའི་སྣོད་ཀྱི་འཇིག་རྟེན་ནམ་སྣོད་བཅུད་གཉིས་ཀྱི་སྣོད་ལ་དབྱིན་སྐད་ཀྱི་ཨེན་ཝཡིརོནྨེནྚི་ཀྱི་དོད་དུ། ཁོར་ཡུག་དང༌། སྐབས་འགར་དབྱིན་ཚིག་ཨེཊ་མོསྥིཡར་ལ་ཁོར་ཡུག་ཅེས་པ་དཔེར་ན། ཞི་མོལ་གྱི་ཁོར་ཡུག་བསྐྲུན་དགོས་ཞེས་སྐབས། དབྱིན་སྐད་ཀྱི་བསམ་བློ་གཏོང་ཚུལ་གྱི། ཊུ་ཀིརེཡེཊ་ཨེན་ཨེཊམོསྥིཡར་ཕོར་ཌཡི་ལོག ཅེས་པ་དང༌། བརྒྱུད་ལམ། ཡང་ན། ཚིག་གཞན། གསར་འགྱུར་བརྒྱུད་ལམ། ཞེས་པ་དབྱིན་སྐད་ཀྱི་མིཌིཡའི་དོད་དུ་བྱུང་བ་སོགས་ཡིན། ཕྱི་ལོ་ ༡༩༣༠ ཙམ་ནས་དབྱིན་སྐད་ཀྱི་ཤན་ཞུགས་པའི་སྐུ་དྲག་ཚོས་ཞོགས་པ། སྔ་དྲོ་བདེ་ལེགས། ཉིན་རྒྱབ། ཉིན་མོ་བདེ་ལེགས། དེ་བཞིན། དགོང་དྲོ་བདེ་ལེགས་དང༌། ཕྱག་ཕེབས་གནང་བྱུང༌། ག་ལེར་ཞུགས། སོགས་ནི་དབྱིན་སྐད་ཀྱི། གུཌ་མོརནིངྒ། གུཌ་ཨཕ་ཊར་ནུན། གུཌ་ཨིཝིནིངྒ༌། ཝེལ་ཁམ། གུཌ་བྷཡི། ཀྱི་དོད་དུ་གསར་གཏོད་བྱས་པ་ཡིན་སྲིད། འོན་ཀྱང་དེ་དག་ལས་གཞན་པའི་རྣམ་ཀུན་གྱི་སྐད་དང་གཙུག་ལག་གི་གཞུང་བྱིངས་ནང་དེ་སྐབས་བོད་ཀྱི་སྐད་ཡིག་ནང་དབྱིན་སྐད་སོགས་ཀྱི་ཤན་ཞུགས་པ་ཕལ་ཆེར་མེད་ཅེས་བརྗོད་རུང་བར་སྙམ། དེ་བས་ན། བོད་སྐད་གཤའ་མའི་ཐོག་བསམ་བློ་གཏོང་སྟངས་ཀྱི་དུས་ཀྱི་ས་མཚམས་ནི་ ༡༩༥༠ སྔ་རོལ་ཡིན་པ་སྙམ།
༢ ང་ཚོ་བོད་སྐད་ཀྱི་ཕལ་སྐད་དང་ཡིག་སྐད་གཉིས་བར་རྒྱང་ཐག་སོང་བའི་གནས་སྟངས་ཐད་འགའ་ཞིག་གི་བསམ་པར། ཡིག་སྐད་དེ་མཁྲེགས་པོ་འདུག་ཅེས་པ་དང༌། ཕལ་སྐད་ཇི་བཞིན་ཡིག་ཐོག་འབྲི་དགོས་པའི་བསམ་ཚུལ་ཡོད་ཀྱང༌། འདིའི་སྐོར་རང་ཅག་བོད་མི་རྣམས་ལ་བཀྲིན་ཆེ་བའི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས་དེབ་ཐེར་དཀར་པོའི་ནང་གསུངས་གསལ། དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།༼ ༡༤ ༽ཞེས་གསུངས།
དེ་དང་ཕྱོགས་མཚུངས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༩༣ ལོར་དིལླཱི་དབུས་བོད་སློབ་འཛིན་སྐྱོང་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་བོད་སྐད་ཟབ་སྦྱོང་སྐབས་གནང་བའི་གསུང་བཤད་དུ་གསུངས་གསལ། ད་ལྟའི་གནས་སྐབས་འདི་ལ་ང་ཚོས་མ་འོངས་པའི་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་དེ་ཕྱོགས་གང་འདྲ་ཞིག་གི་ནང་དུ་འཁྲིད་དགོས་པ་རེད་ཅེ་ན། ང་ཚོས་ངེས་པར་དུ་ཁ་སྐད་ཀྱི་འགྱུར་གྲོས་དེ་ཡིག་སྐད་དང་ཐག་ཉེ་རུ་གཏོང་བའི་ཐོག་ནས་ཡིག་སྐད་ཀྱི་ནང་དུ་འཁྲིད་རྒྱུའི་ཐབས་ཤེས་བྱ་དགོས་པ་རེད། དེ་མ་བྱས་པར་ཡིག་སྐད་དེ་ཁ་སྐད་ཀྱི་ནང་དུ་འཁྲིད་རྒྱུའི་ཐབས་ཤེས་བྱས་པ་ཡིན་ན། གང་མཚམས་ཤིག་ལ་ང་ཚོའི་བརྡ་དག་དང་ལུང་སྟོན་གྱི་བསྟན་བཅོས་ལ་སོགས་པའི་གཞུང་ལུགས་རྣམས་ཀྱང་མི་གོ་བ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཁ་སྐད་དེ་ཡིག་སྐད་དང་མཉམ་དུ་ཡར་འཁྲིད་རྒྱུའི་འབད་བརྩོན་བྱས་པ་ཡིན་ན། གང་འཚམ་ཞིག་ནས་ཁ་ནས་ལབ་པ་དང་ཡི་གེ་འབྲི་རྒྱུ་གཉིས་གཅིག་པ་ཆགས་མི་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད། ༼ ༡༥ ༽ཅེས་གསུངས་ཤིང༌། དེ་སྐབས་ཚོགས་བཅར་བའི་དྲི་བའི་ནང་ནས། འོ་ན། ཁ་སྐད་དེ་ཡིག་སྐད་ཀྱི་ནང་དུ་གང་འདྲ་ཞིག་བྱས་ནས་འཁྲིད་དགོས་ཀྱི་ཡོད་པ་རེད་དམ། ཞེས་བཀའ་དྲིས་ཞུས་པའི་ལན་དུ་གསུངས་གསལ། བེད་སྤྱོད་གཏོང་བའི་རིམ་པའི་ནང་ནས་འཁྲིད་དགོས་ཀྱི་ཡོད་པ་རེད། དགེ་རྒན་ཚོས་སློབ་ཁྲིད་གནང་བའི་སྐབས་དང༌། གསུང་བཤད་གནང་བའི་སྐབས་ལ་གང་ཐུབ་ཐུབ་ཀྱིས་ཡིག་སྐད་དང་མཐུན་པའི་མིང་ཚིག་མང་དུ་བཏང་ནས། དེ་ནས་རིམ་གྱིས་ཡར་འགྲོ་གི་ཡིན་ན། གང་མཚམས་ནས་ཁྱད་པར་ཞིག་ཡོང་གི་རེད། ཁྱད་པར་དེ་ཡང་མངོན་གསལ་དོད་པོའི་ཐོག་ནས་འགྲོ་བ་ཞིག་ཡོད་མ་རེད། སྣང་མེད་ཅིག་གི་ཐོག་ནས་འགྱུར་བ་འགྲོ་བསྡད་ཀྱི་ཡོད་རེད།༼ ༡༦ ༽ཅེས་གསུངས།
དེ་རིང་དུས་ཚོད་ལ་ལྟོས་ཏེ་ཧ་ཅང་རིང་མིན་གྱི་བསམ་ཚུལ་དང་ལུང་འདྲེན་གྱི་ཆུན་པོ་གོང་སྨོས་དེ་རྣམས་ཞུས་པ་ས་བཅད་མ་སྟོང་ཙམ་གྱི་ཚུལ་དང༌། འདིར་ཕེབས་མཁས་དབང་རྣམ་པའི་དགོངས་ཚུལ་ལ་རང་གི་རྣ་བ་གཏད་དེ་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བའི་རེ་འདུན་དང༌། སྐུ་གཤེགས་རྒྱལ་གཅེས་དཔའ་མོ་དཔའ་བོ་རྣམས་ལ་གུས་འདུད་བཅས། ཐུགས་རྗེ་ཆེ།།།
མཆན། (ཁུངས་དང༌། གསལ་བཤད།)
༡ ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས། བྱམས་བརྩེ་པོད་ཕྲེང༌། ༢། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་སློབ་ཟུར་ཐུན་མོང་ནས་དཔར་བསྐྲུན་ཞུས། ཕྱི་ལོ་ ༡༩༩༩ ། ཤོག་གྲངས་ ༤༩ ནས་ ༥༦ བར། འདིར་ལུང་འདྲེན་པའི་ཚེ། ཚེག་ལྔས་(་་་་་)ལུང་འདྲེན་གང་ནས་བྱེད་པའི་ཁུངས་ནང་ཆ་ཤས་སྔ་མའི་འཕྲོས་ནས་ཡིན་ཞེས་མཚོན་པའི་དོན་ཡིན། འདིར་བགྲོ་གླེང་ཚོགས་འདུར་སྒྲོགས་སྦྱང་ཞུ་བའི་སྐབས་གོ་བདེའི་ཆེད་དུ། ལུང་འདྲེན་རྣམས་དཀྱུས་གཅིག་ཏུ་འགོད་པ་དང༌། མ་དཔེར་ཚིག་དང་ཡི་གེ་གཞན་གྱིས་བར་དུ་ཆོད་པ་རྣམས་ཚེག་ལྔའི་རྟགས་ཀྱིས་མཚོན་ཡོད་པ་འདིས་འོག་མ་རྣམས་ལའང་རིགས་འགྲེ།
༢ འདི་ནི་ཚིག་ཇི་བཞིན་མེད་སྲིད་ཀྱང༌། དོན་དེ་ག་ཡིན་པ་དེ་སྐབས་གསུང་གི་གཟེགས་མ་དུས་མཉམ་དུ་དབྱིན་སྐད་དུ་བསྒྱུར་བའི་སྐལ་བ་ལྡན་པ་བྱུང་བས། དྲན་ཐོག་གི་ལུང་འདྲེན་དུ་འདིར་འགོད་པའོ།
༣ དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་བརྩམས་མཛད་པའི། བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། ཕྱི་ལོ་ ༡༩༨༠ ལོར་ཁྲེང་ཏུར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་འདེབས་ཀྱི་བསྐྱར་དཔར། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༡༩༨༢ ལོར་དཔར་འགྲེམས་བྱས།
༤ ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་དྷ་སའི་ཕ་ཡུལ་དྲྭ་རྒྱའི་ནང་གནས་ཚུལ་ཐོན་གསལ། རྒྱ་གཞུང་གིས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་གྲྭའི་སློབ་ཚན་སློབ་ཁྲིད་ཀྱི་སྐད་ཡིག་དེ་རྒྱ་སྐད་བྱ་རྒྱུའི་སྲིད་བྱུས་ཡོད་པར། ཕྱི་ཟླ་ ༡༠ དེའི་ནང་མདོ་སྨད་ས་ཁུལ་དུ་བོད་པའི་སློབ་ཕྲུག་རྣམས་ནས་ངོ་རྒོལ་བྱས་པ་དང༌། ཡང་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༩ ཉིན་གྱི་ཕ་ཡུལ་དྲྭ་རྒྱའི་ནང་གནས་ཚུལ་ཐོན་གསལ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༤ ཉིན་ཨ་མདོ་རེབ་གོང་ཁུལ་དུ་བོད་པའི་སློབ་ཕྲུག་རྣམས་ནས་རྒྱ་གཞུང་ནས་འགྲེམས་སྤེལ་བྱེད་པའི་རྒྱ་སྐད་ཐོག་ཡོད་པའི་སློབ་དེབ་རྣམས་དབྲལ་བའི་སྒོ་ནས་ངོ་རྒོལ་བྱས་པ་དང༌། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ ཉིན་གྱི་ཨ་རིའི་ངག་སྒྲའི་གསར་འགྱུར་བརྒྱུད་ལམ་གྱི་བོད་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་དོན། ཉིན་སྔོན་མར་རེབ་གོང་ནང་བོད་པའི་སློབ་ཕྲུག་རྣམས་ནས་སྐད་ཡིག་རང་དབང་འདྲ་མཉམ་དགོས་པའི་རྔམ་སྟོན་ངོ་རྒོལ་བྱས།
༥ དབྱིན་དམག་བཙན་ཞུགས་སྐབས་འདིའི་བོད་མི་བསད་པའི་གྲངས་དང་གནས་ཀྱི་ཞིབ་ཆ་གཞི་བཅོལ་ས་ནི། སྐུ་ཞབས་པིཊར་ཧོབ་ཀིརྐ་ཀྱིས་བརྩམས་པའི་དབྱིན་ཡིག་ཐོག་དེབ། འཛམ་གླིང་ཡང་ཐོག་ཏུ་ཁྲིམས་འགལ་འཛུལ་མཁན་རྣམས། ཞེས་པ། དབྱིན་ཡིག་ཐོག དྷ་ཊིརེས་པཱསཱརྶི་ཨོན་དྷ་རུཕ་ཨོབ་དྷ་ཝོརླཌི། ཞེས་པ་དེ་ཡིན།
༦ བོད་རྒྱ་ཚིག་མཛོད་ཆེན་མོ། ཐོག་མར་ཕྱི་ལོ་ ༡༩༨༥ ལོར་དཔར་སྐྲུན་བྱས་པའི་ནང༌། མོག་མོག་ཅེས་པ་རྒྱའི་ཚིག་ཡིན་པ་བཤད་ཡོད་ཀྱང༌། དེའི་སྔ་རོལ་ཕྱི་ལོ་ ༡༩༧༨ ལོར། ཝཱ་ཎའི་སློབ་དཔོན་ཆེན་པོ་དགེ་བཤེས་ཐུབ་བསྟན་ཚེ་རིང་དམ་པ་མཆོག་ནས་མངོན་རྒྱན་གྱི། མོག་མོག་པོར་བྱེད་ལ་སོགས་དང༌།། ཞེས་ལུང་དྲངས་མཛད་དེ། སྐབས་དོན་ཟིལ་གྱིས་གནོན་པའི་གོ་དོན་ལྟར། ནང་གི་ཤ་རྣམས་ཕྱིའི་པགས་པས་མི་མངོན་པར་བྱེད་པ་ལྟ་བུའི་གོ་དོན་དུ་ཡིན་སྲིད་པ་གསུངས། འདི་ནི་གུས་དབུ་མ་ལོ་རིམ་གཉིས་པའི་སློབ་གཉེར་བ་རྣམས་ལ་དེ་སྐབས་ལམ་སྒྲོན་ཁྲིད་བཀའ་དྲིན་བསྩལ་སྐབས་འཕྲོས་བཤད་དུ་འཛིན་གྲྭར་གསུངས།
༧ འདི་ནི་བཙན་བྱོལ་གསར་འགྱུར་བརྒྱུད་ལམ་དབྱིན་སྐད་ཐོག་གི་བརྒྱུད་ལམ་བྱེ་བྲག་པ་ཞིག་ཡིན།
༨ ངོས་རང་ཕྱི་ལོ་ ༢༠༠༧ དང༌། ༢༠༠༨ དང༌། ༢༠༠༩ ལོར་དེ་ཕྱོགས་སུ་བསྐྱོད་སྐབས་དོ་སྣང་བྱུང་བ་ཡིན།
༩ རྒྱ་གར་གྱི་ཀརྣཱཊཀ་མངའ་སྡེ་ལྟ་བུའི་ནང༌། ས་གནས་ཀྱི་སྐད་ཡིག་ཀརྣཱཊཀ་ལས་གཞན་པའི་མི་མང་བརྡ་ཡིག་དང་བྱང་ཡིག་སོགས་འགོད་དགོས་ན་ས་གནས་ཀྱི་སྐད་ཡིག་གི་ལྟག་ཏུ་འགོད་མི་ཆོག་པ་དང༌། སྐད་ཡིག་གཞན་ཁེར་རྐྱང་གི་ཐོག་མི་མང་བརྡ་ཡིག་འགོད་མི་ཆོག་པ་ཁྲིམས་སུ་གནས།
༡༠ དེའང༌། དེབ་དཔར་བསྐྲུན་བྱས་པའི་དེབ་གྲངས་ ༡༨ སྐོར་སྐུ་གཤེགས་ཇིན་སིམིཐི་བརྒྱུད་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་ནས་རིན་གོང་ཆེན་པའི་ཐོག་བླུ་ཡོན་ཞུས་པ་ཡིན་པས། དཔར་སྐྲུན་གྱི་འགྲོ་སོང་དེབ་གྲངས་བཅོ་བརྒྱད་པོ་དེའི་རིན་གྱིས་ཁེབས་པ་བྱུང་བ་དང༌། དེ་བས་ན། དཔར་སྐྲུན་པ་རྣམས་ནས་ཀྱང་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་ལས་མི་རྣམས་ལ་དཀར་ཆག་བསྒྲིག་ཐད་སླ་བའི་ཆེད་དུ། དེབ་ཀྱི་ཁ་ཡིག་དང་དཀར་ཆག་སོགས་དབྱིན་ཡིག་ནང་བཀོད་པ་དང༌། སྐབས་མང་པོ་ཞིག་ལ་དཀར་ཆག་དང་ཁ་ཡིག་རྣམས་དབྱིན་ཡིག་འབའ་ཞིག་ནང་བཀོད་ཡོད།
༡༡ གངས་ཀྱི་ལྷ་མོ་སོགས་ཀྱི་བརྙན་ལྡེར་སྐྲུན་པ་པོ་བོད་མི་ཁོ་པས་ཕྲན་ལ་བརྙན་ལྡེར་དེ་རྣམས་ཁྲེང་ཏུར་སྤྲད་བྱུང་བ་ཕྱིས་ཕྲན་ནས་རྒྱ་གར་དུ་བསྐྱོད་སྐབས་ཤེས་རིག་ལས་ཁུངས་ལ་བསྟར་འབུལ་ཞུས་པ་ཡིན།
༡༢ དབྱངས་ཅན་གྲུབ་པའི་རྡོ་རྗེས་བརྩམས་མཛད་པའི། རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་། ཕྱི་ལོ་ ༡༩༨༣ ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི། བཀྲ་ཤིས་དབང་འདུས་ཀྱིས་བརྩམས་པའི། དཀའ་གནད་གསལ་བའི་མེ་ལོང་གི་སློབ་དེབ། ཅེས་པའི་ནང་གཞུང་ཆ་ཚང་དྲངས།
༡༣ ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས། བྱམས་བརྩེ་པོད་ཕྲེང༌། ༢། ཤོག་གྲངས། ༦༢། ཝཱ་ཎ། ༡༩༩༩
༡༤ ལྕང་སྐྱ་ངག་དབང་མཆོག་ལྡན་པས་མཛད་པའི། རྟེན་ལ་གཟུངས་འབུལ་ཚུལ་ཤེལ་དཀར་མེ་ལོང༌། ལྕང་སྐྱ་བཀའ་འབུམ། ཆ། ཤོག་གྲངས་ ༡༠༤ མདུན། ཀྱོཊོ། ཊོཀྱོ། སྡེ་སྣོད་ཉམས་ཞིབ་བསྟི་གནས་ཁང་ནས་པིཅིང་དཔར་མ་དཔར་ལོག་དཔར་བསྐྲུན། ༡༩༥༦།
༡༥ མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། སྨད་ཆ། ཤོག་གྲངས་ ༣༥༧ ནས་ ༣༥༨ བར། སི་ཁྲོན་དཔེ་སྐྲུན་ཚོགས་པ། ༢༠༠༩
༡༦ ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས། བྱམས་བརྩེ་པོད་ཕྲེང༌། ༢། ཤོག་གྲངས། ༧༠། ཝཱ་ཎ། ༡༩༩༩
༡༧ གོང་སྨོས་ལྟར།ཤོག་གྲངས་༧༢ནས་༧༣བར།།།།
བོད་རིགས་རྒན་གཞོན་བར་མ་ཡོངས་ཀྱིས་རང་གི་གཅེས་ནོར་སྐད་ཡིག་དེ་ལ་འབྲི་ཀློག་སོགས་ཀྱིས་ཡར་རྒྱས་གོང་འཕེལ་གཏང་དགོས་པ་ཡིན། དེ་མིན་རང་གི་གཅེས་ནོར་བཀའ་འགྱུར་བསྟན་འགྱུར་སོགས་ཀྱི་ནང་དོན་མི་གོ་བའི་དུས་ངན་ཤར་ངན་འདའ། དེ་བས་བོད་སྐད་འབྲི་ཀློག་སྦྱོང་མ་ཤེས་ན་རྒན་པ་དང་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ལ་དྲིས། བོད་པའི་སྐད་ཡིག་ཉམས་ན་བོད་པའི་ངོ་བོ་བརླགས་ཟིན་པ་ཡིན། དེ་བས་ཕྱི་མ་དྲགས་པར་༸གོང་ས་མཆོག་སོགས་ཀྱི་བཀའ་སློབ་སྙིང་ལ་གཅོང་། ཐུགས་རྗེ་ཆེ།
༼རྩོམ་པ་པོ་ཟླ་བ་དོན་གྲུབ་ལགས་ཀྱིས་མཆན་འདེབས་མཁན་རྣམ་པའི་མཆན་བུའི་ཐོག་གསལ་བཤད་གནང་བ།༽
།དགོངས་འཆར་མཆན་འགོད་པ་པོ་རྣམས་ཀྱིས་རང་གི་སྐད་ཡིག་ལ་དོ་སྣང་ཡོད་པའི་སྒོ་ནས་མཆན་བྲིས་པར་ཐུགས་རྗེ་ཆེ་ཞུ། གསལ་བཤད་ཅུང་ཟད་ཞུ་བ་ཡིན།
ཀ༽འགྱུར་མེད་ལགས་ནས། ནས་སྒྲ་བྱེད་སྒྲར་བེད་སྤྱོད་བྱེད་པ་མི་འཐད་པ་གསུང་བ་དོན་ལྡན་དུ་མཐོང་། ཕལ་ཆེར་འདི་ནི་སྤྱི་ཚོགས་ནང་ཕལ་སྐད་ཀྱི་ཤན་མ་བརྟག་མ་དཔྱད་པར་འབྲི་བ་ལས་བྱུང་། འོན་ཀྱང་། འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཡིག་ཆ་དང་དཔེ་དེབ་དུ་མ་ཞིག་གི་ནང་འདི་ལྟར་འཁོད་པ་སྣང་ཆོས་སུ་ཡོད་པ། དཔེར་ན། སུམ་ཅུའི་དུས་དྲན་གྱི་གསུང་འཕྲིན་ཕྱོགས་བསྡེབས་དེབ་དྲིལ་བསྒྲགས་ལས་ཁུངས་ཀྱིས་དེ་སྔ་དཔར་བསྐྲུན་གནང་བའི་དེབ་ཀྱི་ཁ་ཡིག་ལ་ནས་སྒྲ་འཁོད་པ་དང་། གསུང་འཕྲིན་རེ་རེའི་འགོ་བརྗོད་དུའང་འཁོད་ཡོད།
།དང་སྒྲ་མང་སྐྱོན་ཡང་དོན་ལ་གནས་པ་མཐོང་། འོན་ཀྱང་། ཐོ་གཞུང་གྱི་གྲངས་ལ་བལྟོས་ཏེ་དང་སྒྲ་དེ་མཉམ་ཡོང་དགོས་པའང་མངོན།
།སྒྲོགས་སྦྱང་ཞུས་པའི་ཤོག་ངོས་གང་དུའང་ངས་བརྩམས་པ་ཡིན་ཞེས་འཁོད་མེད། བརྒྱ་ཆ་དགུ་བཅུ་གསུང་བའང་ཕྲན་བུའི་རབ་བཏགས་སུ་མངོན། འོན་ཀྱང་། ཚོགས་འདུར་འགྲེམས་སྤེལ་ཞུས་པ་དང་དུས་བབ་དྲྭ་རྒྱར་ཕུལ་བའི་མ་དཔེར་ལུང་འདྲེན་རིང་བ་ཐམས་ཅད་ཡིག་ཕྲེང་ནང་བཅད་ཀྱིས་ལུང་འདྲེན་ཡིན་པ་ཁ་གསལ་ཞུས་པ་མ་ཟད། གང་ནས་ཕྱུང་བའི་དཔེ་དེབ་རྣམས་ཀྱི་ཞིབ་ཆ་ལུགས་མཐུན་མཆན་ནང་གསལ་བར་བཀོད་ཡོད། འདིར་དྲྭ་རྒྱར་ཡིག་ཕྲེང་དཀྱུས་གཅིག་ཏུ་འཁོད་འདུག །མཇུག་ཏུའང་བསམ་འཆར་དང་ལུང་འདྲེན་གྱི་ཆུན་པོ་ཡིན་ཞེས་གསལ་བར་བྲིས་ཡོད། འོན་ཀྱང་ང་ཚོའི་གནའ་རབས་ཀྱི་སྲོལ་བཟང་དང་མཐུན་པར། དམ་པ་གོང་མའི་གསུང་དང་བསླབ་བྱར་གཞི་བཅོལ་དགོས་པ་གལ་ཆེ།
།གནས་འབབ། གནས་བབ། གནས་བབས། ནི་ལུགས་བརྒྱ་ལྡན་དུ་བྱས་པས་རུང་བར་སེམས། ཚོགས་འདུའི་འཕྲེད་དར་ངོས་སུ་དག་ཆར། གནས་བབས། ཞེས་བྲིས་འདུག་པས་རང་གི་སྒྲོགས་སྦྱང་གི་ཡི་གེར་དེ་བཞིན་བཀོད་པ་ཡིན། དུས་བབ་དྲྭ་རྒྱ་རྩོམ་སྒྲིག་པ་མཆོག་ནས་གནས་བབ་ཏུ་བཅོས་འདུག ། རྣམ་གཞག་དང་རྣམ་བཞག་བཞིན་ལུགས་བརྒྱ་ལྡན་དུ་བྱེད་པས་ཆོག་ཅིང་། དག་ཡིག་ནང་གནས་བབ་དང་གནས་བབས་གཉིས་འདམ་ང་ཅན་དུ་བཤད་ཡོད།
ཁ༽མཆན་བྲིས་མཁན་གཞན་གཉིས་ཀྱིས་ངས་གང་བྲིས་པ་དེ་གོ་བ་ལེན་སྟངས་ཇི་བཞིན་བྱུང་མི་འདུག །ངས་དེའི་ཐད་ཀྱི་བསམ་དོན་གྱི་གཙོ་བོར། དེང་སྐབས་མིང་མཐའ་འདྲེན་ཚུལ་རྐྱང་རྐྱང་གི་ཐོག་ནས་མིང་ཚིག་དག་ཆར་བཅོས་སྒྱུར་བྱེད་པ་མི་རུང་ཚུལ་བཤད་པ་ཡིན། དེའང་། སྟོང་བ་ཉིད་དང་། བཞི་བ། སོགས་ཀྱི་ཐད་དཔེ་རྙིང་རྣམས་ལའང་ཁུངས་བཅོལ་དགོས་པ་བསམ་འཆར་ཡིན། ༧རྒྱལ་བ་ཙོང་ཁ་པ་དང་། བོད་པ། སོགས་ལ་ནི་འདོད་པ་མོས་མཐུན་ཡོད་ཅེས་ཞུ་བ་ཡིན། བསམ་འཆར་དེར་ངས་དེའི་སྐོར་མིང་མཐའ་འདྲེན་པ་གཙོ་བོ་བྱེད་མཁན་རྣམས་ལ་ཕར་ཐལ་བ་འཕངས་པ་ཡིན་པས། ཐལ་བ་འཕངས་པའི་དོན་དེ་ཐལ་བ་འཕེན་མཁན་དེའི་འདོད་པ་ཡིན་ཞེས་བརྗོད་མཁན་སུའང་མེད།
ག༽བསོད་ནམས་རྒྱ་མཚོ་ལགས་ཀྱིས་གཟིགས་སྟངས་དེ་བཟང་ཕྱོགས་ཀྱི་གཟིགས་སྟངས་སུ་སྣང་བས་ཁྱེད་ལ་བསྔགས་པ་རྗོད་པ་ཡིན། ཁྱེད་ནས་རྒྱབ་སྐྱོར་ཚིག་བཟང་གསུང་བར་ཐུགས་རྗེ་ཆེ། ངས་ནུབ་ཕྱོགས་ལུང་པར་ལོ་ཉེར་ལྔ་ལྷག་རིང་བསྡད་ཀྱང་རང་གི་སྐད་ཡིག་ལ་དོ་སྣང་དང་དྭང་དོད་བྱེད་པའི་ངང་། གཞན་གྱིས་བསྐུལ་ངོར་བསམ་འཆར་བཤད་པར་འགའ་ཞིག་ནས་ལམ་སང་སྐྱོན་འབའ་ཞིག་གི་ཕྱོགས་ནས་བལྟ་ན་ཅུང་ཟད་མི་ལེགས་པ་སེམས་པས། དེ་བས། བསོད་རྒྱ་ལགས་ནས་དགོངས་ཚུལ་ལ་བསྔགས་རྗོད་ཡོད། དེ་དང་། ཁྱེད་ཀྱིས་དོན་ཚན་༡༢ཅན་པའི་དགོངས་ཚུལ་གསུངས་འདུག་པ་དོན་ལྡན་དུ་མཐོང་།ཁྱེད་རྣམ་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་བ་ཡིན།
བསམ་ཚུལ་བསྟོན་མཁན་ཟླ་བ་དོན་གྲུབ་ལགས་ལ།
ཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱི་དགོང་ཚུལ་འདི་ནི་མི་རིགས་ལ་བཅངས་པའི་བརྩེ་བ་འམ་མི་རིགས་ཀྱི་འདུ་ཤེས་ངོ་མ་དེ་རེད། གུས་པས་རྗེས་སུ་ཡི་རང་ཞུའོ།
རང་ཉིད་ཀྱི་ཤེས་ཚད་མཐོ་དམན་ལ་མ་ལྟོས་པར་རྩམ་གཟན་ཡོངས་ལ་གཅིག་མཚུངས་ཀྱི་རང་བཞིན་གྱི་བབས་པའི་འོས་འགན་རེ་ཡོད་ཙང་། ཁྱེདཀྱི་བསམ་ཚུལ་གྱི་འོག་ཏུ། གུས་པས་བསམ་ཚུལ་དང་རེ་སྐུལ་མདོ་ཙམ་ཞིག་འདི་ལྟར་ཞུ་འདོད་བྱུང་། དེང་སྐབས་སུ་རང་རེའི་སྐད་ཡིག་ནི་རང་བཙན་ཅན་གྱི་སྐད་ཡིག་བཞིན་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་མེད་པར་བརྟེན། ཉིན་རེ་དང་ལོ་རེ་བཞིན་སྐད་ཡིག་ཉམས་ཆག་གི་མྱུར་ཚད་ཧ་ཅང་མགྱོགས་ཀྱང་དེ་སྐྱོབ་པའི་མཐུན་རྐྱེན་ལས་འགལ་རྐྱེན་མང་བར་བརྟེན། དེ་རིང་ང་ཚོའི་ཁ་སྟབས་འདིར་ཐུག་པ་རེད། སྐད་ཡིག་འཕྲལ་དུ་མྱུར་སྐྱོབ་བྱེད་ན་དགེ་མཚན་ཅི་འདྲ་ཡོད་མེད་སྐོར་ལ་རྒྱལ་བ་པན་ཆེན་རྣམ་གཉིས་གཙོས་མཁས་དབང་མང་པོས་གསུངས་ཟིན་པར་བརྟེན། གུས་པས་བསྡུས་ཙམ་ལས་སྐྱར་ཟློས་མང་པོ་མི་བྱེད། དེ་ཇི་ལྟར་སྐྱབས་དགོས་མིན་སྐོར་ལ་མཁན་དབང་མང་པོས་བསམ་ཚུལ་སྟོན་ཡོད་ནའང་། ལག་ལེན་དུ་མ་འཁེལ་བར་བརྟེན། གུས་པས་སྐྱར་ཟློས་ཡང་ཟློས་བྱེད་འདོད་བྱུང་། མི་རིགས་སུ་འདྲ་ཞིག་ཡིན་རུང་སྐད་ཡིག་དང་རིག་གཞུང་གི་བདག་དབང་དང་དེ་གཅེས་ཉར་བྱེད་མཁན་དེ་མི་རིགས་རང་ཉིད་ལས་མི་རིགས་གཞན་ཞིག་གིས་སྐྱོབ་ཐབས་བྲལ་བ་བཞིན། རང་རེའི་སྐད་ཡིག་སྐྱོབ་པར་བོད་མི་ཡོད་དོ་ཅོག་གི་འོས་འགན་ཡིན་པར་སྨྲོས་ཅི་དགོས། དེའི་ནང་ནས་དགེ་རྒན་དང་སློབ་གྲྭ་བ་རྣམས་ཀྱིས་དམིགས་གསལ་གྱི་འགན་འཁུར་དགོས། ༡ བཙན་བྱོལ་གྱི་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་གྱི་སྤུས་ཚད་ལེགས་སུ་གཏོང་དགོས།
༢ ཕྱི་རྒྱལ་ཁག་ཏུ་བོད་ཕྲུག་ཡོངས་ལ་བོད་ཀྱི་སློབ་གསོ་གོང་མཐོར་གཏོང་ཐབས་དེ་ཚང་མས་འགན་འཁུར་དང་ལེན་གནང་སྟེ་གོ་རིམ་དང་འབྲེལ་ཡོད་བདེ་ཁག་ལ་རེ་བ་དང་བསམ་འཆར་འདོན་དགོས།
༣ ས་གནས་སོ་སོའི་མི་དམངས་ཀྱིས་མཉམ་རུབ་བྱ་དགོས།
༤ ཕྲུ་གུ་སྐད་ཡིག་དང་རིག་གཞུང་གི་ཤེས་ཚད་བཟང་ངན་དེ་དགེ་རྒན་དང་ཕ་མ་དག་གི་ལག་ཏུ་ཡོད་པ་བཞིན། དེའི་ནང་ནས་ཕ་མ་ནི་ཕྲུ་གུའི་མེ་ཚེའི་ལམ་ཕྱོགས་གང་དུ་དཀྱུས་མིན་གྱི་རླངས་འཁོར་ཁ་ལོ་བ་དང་གཅིག་མཚུངས་ཡིན་པ་མ་ཟད་ཕ་མ་རྣམས་ནི་རང་ཉིད་ཀྱི་ཕྲུ་གུའི་སློབ་བསྟོན་པ་དང་དགེ་རྒན་ཡང་ཡིན་པ་དེ་རང་ཉིད་ཕ་མ་སོ་སོས་ཤེས་དགོས།
༥ བོད་སྐྱོབ་ཆེད་ལས་འགུལ་སྣ་མང་ཡོད་པའི་ནང་ནི་སྐད་ཡིག་ལ་བདག་གཅེས་སྤྲད་མཁན་དག་ནི་མི་རིགས་འདི་གཡང་གཟར་ལས་སྐྱོབ་པའི་ལས་དོན་ནམ་མི་རིགས་འདི་གནས་དང་མི་གནས་ཀྱི་བར་མཚམས་ཀྱི་ས་སྲུང་དུ་ངོས་འཛིན་དགོས། ཆབ་སྲིད་ཀྱི་དྲིལ་སྒྲོག་ནང་མི་རིགས་སྐྱོབ་པའི་ལས་དོན་དང་འབྲེལ་ཡོད་ནའང་གཙོ་བོ་མི་རིགས་ཤིག་སྡུག་བསྔལ་ལས་སྐྱོབ་ཐབས་ཙམ་ཞིག་དང་ཆབ་སྲིད་ནི་དེའི་ཡལ་ག་ཞིག་རེད། དེར་བརྟེན།སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ལ་ཆ་རྐྱེན་བྱེ་བྲག་པ་མང་མོད། གཙོ་བོ། ༡ ཕ་མ། ༢ བུ་ཕྲུག ༣ དགེ་རྒན་རེད། དེའི་ནང་ནས་གོང་ཞུས་ལྟར་ཕ་མ་ནི། གཞན་གཉིས་ལས་གལ་ཆེ། དཔེར་ན་དགེ་རྒན་ཇི་ལྟར་བཟང་ཡང་ཕ་མས་སྐུལ་འདེད་གཏོང་བ་དང་མཐུན་རྐྱེན་མ་སྐྲུན་ན་ཕྲུ་གུ་སློབ་གྲྭར་གཏོང་བ་ཙམ་གྱིས་ཤེས་ཡོན་ཅན་ཞིག་ཆགས་མི་ཐུབ། ཕྲུ་གུ་ལ་ཕན་ངེས་ཅན་གྱི་སློབ་གསོ་ནི་ཕ་མས་གནང་བའི་སློབ་སྟོན་བཞིན་སུས་ཀྱང་གནང་མི་ཐུབ། ཡིན་ཡང་ཕ་མ་དང་དགེ་རྒན་གཅིག་པུ་ཙམ་མ་ཡིན་པར་བོད་མི་ཚང་མས་མཐུན་རྐྱེན་མཉམ་སྒྲུབ་བྱེད་དགོས། །
༦ རྒྱལ་བའི་གསུང་རབ་ཡི་གེ་གཟུགས་ལས་གྲུབ་པ་ལྟར་སྐད་ཡིག་མེད་ན་རྒྱལ་བསྟན་སླར་གསོ་བྱ་ཐབས་མེད། སྐད་ཡིག་སྐྱོབ་ན་སངས་རྒྱས་ཀྱི་བསྟན་པ་སྐྱབས་ཀྱི་ཡོད་པ་སྨོས་ཅི་དགོས།
༧ བོད་ཀྱི་རིག་གནས་ལྔ་པོ་ཡང་སྐྱབས་པ་རེད།
༨ ཆེ་བ་འཛམ་གླིང་ལ་ཞི་བདེ་སྐྲུན་བྱེད་ཀྱི་ལས་རིགས་ཡིན།
༩ ཆུང་ན་བོད་རྒྱལ་ཁབ་འདི་ཡང་སྐྱབས་པ་དང་།
༡༠ རང་ཉིད་མི་ཚེ་དོན་ལྡན་ཡོང་བར་འབད་བཞིན་ཡོད་ན་སྐད་ཡིག་འདི་ཉིད་ངེས་པར་དུ་ཤེས་དགོས།
༡༡ སྐད་ཡིག་འདི་ཉིད་མ་ཤེས་ན་སྙིང་རྗེ་དང་ལྷག་བསམ་བཟོད་པ་སོགས་ཀྱི་ནང་དོན་ཟབ་མོ་ཞིག་ཤེས་ཐབས་བྲལ། མ་ཟད་ཚང་མས་མཁྱེན་གསལ་ལྟར་མི་རེའི་ངོ་རེ་ནས་སྐད་ཡིག་སྐྱོབ་ན་དགེ་མཚན་དང་མ་སྐྱོབ་ན་ཉེས་དམིགས་རེ་རེ་གསལ་རྟོགས་དགོས་པ་དེ་ཡང༧གོང་ས་མཆོག་གི་བཀའ་དགོངས་བླ་མེད་གཅིག་དང་པན་ཆེན་རིན་པོ་ཆེའི་ཞལ་ཆེམས་དྲོན་མོ་ཞིག་ཡིན་པ་ཙམ་མ་ཟད་འདས་པའི་དཔའ་བོ་དཔའ་མོ་མང་པོས་རང་སྲོག་བཏང་བའི་དགོས་དོན་ཡང་རེད།
༡༢ མི་རིགས་རང་ཉིད་ཀྱི་སྐད་ཡིག་ཤེས་པའི་ཐོག་མི་རིགས་གཞན་གྱི་སྐད་ཡིག་དང་རིགས་གཞུང་སྦྱོང་བར་ལས་ཀྱང་སླ།
གུས་པས་དྲ་རྒྱ་འདི་བརྒྱུད་ནས་འབོད་སྐུལ་ཞུ་བཞིན་ཡོད། ད་དུང་ཡང་རྗེས་སུ་ཨོ་གླིང་ནང་གི་བོད་སྐད་ཡིག་སྐོར་བགྲོ་གླེང་འདི་ལྟ་བུ་ས་གནས་གང་སར་ཡང་ཡང་འཚོག་གལ་ཆེ་བ་མ་ཟད། མི་དམངས་ལ་སྐད་ཡིག་གལ་ཆེན་ཡིན་སྐོར་གྱི་གོ་རྟོགས་སྤེལ་བ་དང་སྐུལ་འདེད་གཏོང་དགོས། མ་འོངས་པའི་ཕུགས་རྒྱང་རིང་པོའི་སྐད་ཡིག་སྐོར་གྱི་བྱ་བཞག་བཟང་པོ་འདི་ལྟ་བུ་སུས་བརྩམ་ན་གུས་པས་རང་ནུས་གང་ཡོད་བཏོན་ནས་རྒྱབ་སྐྱོར་ཞུའོ།
ཁྱེད་ཀྱིས་བཞག་པའི་རྩོམ་ཡིག་དེ་ཆ་ཚང་ཞིག་བཀླགས་པ་ཡིན། ཐུགས་རྗེ། ཞར་ལ་རང་ཉིད་ཀྱི་བློ་ལ་མི་འཚམ་པའི་སྐད་ཆ་འགའ་ཤས་བཤད་ན་བསམས་པས། དགོངས་བཞེས་ཡོད་པས་རེ་ཞུས།
༡) ཁྱེད་ཀྱིས་བཞག་པའི་བརྩམས་ཆོས་ནས་། (༸གོང་ས་མཆོག་ནས༌༌༌༌༌༌༌ ཟམ་གདོང་རིན་པོ་ཆེ་ནས༌༌༌༌ དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་མཆོག་ནས༌༌༌༌༌༌ ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ནས༌༌༌༌༌༌ ཝཱཎ་དབུས་བོད་ཀྱི་ཆེའི་མཐོའི་གཙུག་ལག་སློབ་གཉེར་ཁང་དང༌། དུས་བབ་གསར་ཤོག་དང༌། དྷ་ས་ཨ་མྱེས་རྨ་ཆེན་བསྟི་གནས་རྣམས་ནས་་)ཅེས་བྱེད་པ་པོའི་སྒྲ་དགོས་པ་ལ་ནས་སྒྲ་བཞག་འདུག་པས། དགོས་པ་ཅི་ཞིག་ཡོད། རང་ཅག་བོད་གངས་ཅན་པའི་མཁས་པའི་ཁྲོད་ན། ནས་སྒྲ་རྣམ་དབྱེ་གསུམ་པ་ལ་འཇུག་པར་འདོད་མཁན་སུ་ཞིག་ཡོད། ཡོད་ན་ཁྱེད་ཀྱིས་གསུངས་ཤིག
༢) གོང་འཁོད་བརྩམས་ཆོས་ཧྲིལ་བའི་ནང་། དང་སྒྲ་ཤིན་ཏུ་མང་བས། བརྩམས་ཆོས་ཀྱི་ཚིག་འབྲུ་རྣམས་ཁ་ནས་འདོན་སྐབས། ཅུང་བརྗོད་མི་བདེ་བའི་རྣམ་པ་ཤུགས་ཆེ།
༣)བརྩམས་ཆོས་ཀྱི་བརྒྱ་ཆ་དགུ་བཅུ་གཞན་གྱིས་གསུངས་པ་ལས་བཤུས་པ་རྐྱང་རྐྱང་དུ་སྣང་པས། ཁྱེད་ཀྱིས་མཚན་བརྩམས་ཆོས་ཀྱི་རྩོམ་པ་པོར་འདོད་ན། ཤིན་ཏུ་མི་འགྲིག་གོ།
༤)གནས་འབབ་ཀྱི་དག་ཆར་གནས་བབ་ཅེས་བྲིས་ན་མི་ལེགས་སམ།
བོད་ཅེས་པའི་མིང་མཐའ་ལ་བ་བཞག་ན་རྟགས་མཚུངས་རེད་ཟེར་ནི་དེ་སུ་རེད། ཙོང་ཁ་ཞེས་པའི་མིང་མཐའ་ལ་པ་བཞག་ཡོད་པའི་ཡིག་རྙིང་གང་ན་འདུག་གམ།
ཙོང་ཁ་བ་ལས་ཙོང་ཁ་པ་ནི་མི་ལེགས་ཏེ་ཡིན་ནོ།། མ་གཞི་ནས། བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་མི་ལེགས།།དེ་བས་། ག་ད་བ་ས་ན་མ་་་པ།།ང་འ་ར་ལར་བ་སྦྱོར་ལེགས།།
གཞན་སྒྲ་སྒྱུར་ཐད་བསམ་ཚུལ་ཡོད་ཀྱང་རྗེས་སུ་འབྲིའོ།།