ཙ་ཡུས་ཕུན་ཚོགས།
ད་ལོར་འཚོགས་ཟིན་པའི་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཟབ་སྦྱོང་ཐོག་ཁོ་བོས་སྐད་ཆ་འདི་འདྲ་ཞིག་བཤད་དགོས་བྱུང་། “ད་ལྟའི་བར་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་ས་ནོར་འདུག་ཅེས་ཞུ་རྒྱུ་བྱུང་། སྐད་ཆ་འདི་ལྟར་བརྗོད་དགོས་དོན་ནི་དུས་ཡུན་རིང་པོའི་ནང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་གི་སེམས་སུ་བོད་ཀྱི་དཀའ་ངལ་ནི་ཨ་རི་དང་ཡུ་རོབ་སོགས་གཙོས་པའི་རྒྱལ་ཁབ་ཁ་ཤས་ཤིག་ལ་རེ་སྐུལ་བྱས་རྗེས། ཁོ་ཚོས་སྟོབས་ཤུགས་ཡོད་དགུས་རྒྱ་ནག་ལ་མནོན་ཤུགས་སྤྲོད་རྒྱུ་ཡིན་པ་དང་། རྒྱ་གཞུང་གིས་ཀྱང་རང་དབང་མེད་པར་བོད་ཀྱི་བདག་དབང་ཡོངས་སུ་གློད་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་པ་འདི་ནི་གཞི་རྩའི་བོད་དོན་དཀའ་ངལ་སེལ་ཐབས་ལ་བཅངས་པའི་རེ་བ་སྟོང་བ་ཞིག་ཡིན་ཞེས་པའི་དོན་ཡིན།
སྤྱིར་སྐད་ཆ་འདི་ནི་སྐབས་དེའི་ཁོར་ཡུག་གི་གནས་བབ་ལ་བལྟས་ཏེ་བཤད་པ་ཞིག་ཡིན་སྟབས་ཅུང་ཐལ་དྲགས་ཡོད་པའི་བསམ་ཚུལ་འདོན་མཁན་ཡོད་ལ། རང་ཉིད་ཀྱིས་ཀྱང་བོད་དོན་དཀའ་ངལ་སེལ་ཐབས་ཐད་ཨ་རི་སོགས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ནུས་པ་ཅི་ཡང་འདོན་མི་ཐུབ་པའི་ངོས་འཛིན་བྱེད་ཀྱིན་མེད། འོན་ཀྱང་མི་ལོ་འདི་དག་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། ཁྱད་པར་དཔལ་འབྱོར་འགྲན་རྩོད་དམ་དཔལ་འབྱོར་ཁེ་དབང་གི་འཐབ་རྩོད་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ཀྱི་ཁོར་ཡུག་འདིའི་ནང་དུ། མི་རིགས་ཀྱི་དཔལ་འབྱོར་སྒེར་ཚུགས་ཀྱི་སྟོབས་ཤུགས་གང་ཡང་འདོན་མི་ཐུབ་ཅིང་། ཚོང་དོན་ལས་རིགས་ཀྱི་དཔལ་འབྱོར་ལ་འབྲེལ་བ་མེད་པའི་གནད་དོན་ཁག་ནི་རྒྱལ་སྤྱིའི་གནད་དོན་གསོན་པོ་ཞིག་ཏུ་འགྱུར་དཀའ་བ་ནི་མྱོང་བས་གྲུབ་པ་འདི་ཡིན། གལ་སྲིད་ཞི་དོན་འགྲིག་ཆགས་ཀྱི་གྲོས་མོལ་སོགས་བརྒྱུད་བཞིན་པ་རྣམས་ཀྱང་ཁ་ཡག་གམ་ཁ་གཡང་ཙམ་ཡིན། དོན་དངོས་ཐོག་བོད་དོན་འཐབ་རྩོད་ཀྱི་ཐག་གཅོད་ནི་རྒྱ་བོད་གཉིས་ལས་གཞན་ཚོགས་སྡེ་དང་མི་སྒེར་སུ་ཞིག་གིས་ཀྱང་བྱེད་མི་ཐུབ་པ་ནི་༧གོང་ས་མཆོག་གཙོས་པའི་རྒྱལ་སྤྱིའི་མཁས་དབང་ཀུན་གྱི་མ་གྲོས་གཅིག་མཐུན་གྱི་ལྟ་བ་ཡིན།
གནས་ལུགས་འདིའི་སྟེང་ནས་བོད་ཀྱི་མེ་རྒོལ་གྱི་སྔ་ཕྱི་ལ་བསམ་བློ་བཏང་བ་ཡིན་ན། འུ་ཚོས་བོད་ནང་དུ་གནས་ཚུལ་བྱུང་ཐེངས་རེར་ཕྱི་ཕྱོགས་ལ་རེ་བ་བརྒྱབ་ཅིང་ཁྱབ་བསྒྲགས་ཙམ་དང་ཁ་གྲངས་ཀྱི་རྩོད་པ་ཁོ་ནར་འཇུས་ཏེ་རྒྱུག་རྐྱང་བྱེད་པ་དང་། བོད་ནང་ནས་ཀྱང་བཙན་བྱོལ་གྱི་ཚོགས་སྡེ་ཁག་གཅིག་པུ་ལ་རེ་བ་བརྒྱབ་སྟེ་ང་ཚོའི་ འཐབ་རྩོད་ཀྱི་གྲུབ་འབྲས་དེ་ཉིད་ཨ་རིའི་ཕོ་བྲང་དཀར་པོའི་སྒོ་ཆེན་ལ་བསྐྱལ་ཐུབ་མིན་གྱི་ཚད་ཤིང་གཅིག་པུའི་འོག་བོད་དོན་འཐབ་རྩོད་ལ་རིན་ཐང་འཇལ་ཐབས་བྱེད་ཀྱིན་པ་འདིས(ད་དུང་ཁྱབ་བསྒྲགས་ཀྱང་ཡག་པོ་ཞིག་བྱེད་ཐུབ་ཀྱིན་མེད། )མེ་རྒོལ་གྱི་གྲུབ་འབྲས་ལ་སྡོམ་རྩིས་གསལ་བོ་ཞིག་རྒྱག་མི་ཐུབ་པའི་བྱེད་བབ་མཚོན་པ་ཡིན། འདི་ལྟར་བརྗོད་པ་ཡང་མེར་བསྲེགས་ལས་འགུལ་གྱི་གཙོས་པའི་བོད་དོན་ལས་འགུལ་གང་ཡིན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་བྱེད་མི་དགོས་པ་དང་། ཁྱབ་བསྒྲགས་བྱས་ཏེ་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་མི་དགོས་པའི་དོན་མིན་པར། རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས་ཁོ་ནར་བློ་གཏད་དེ་སྡོད་སྟངས་འདི་ནི་ཐང་གི་རྡོ་མ་བླངས་པར་རུམ་གྱི་བྲོ་ལྷུང་བའི་དཔེ་རུ་འགྱུར་སྲིད་ཅིང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གང་དུའང་རང་ཉིད་ཀྱི་ཁེ་ཕན་བློས་བཏང་གིས་བོད་དོན་ལ་ལག་པ་སྲིང་མཁན་ད་སྔ་བྱུང་མྱོང་མེད་ལ་མ་འོངས་པར་ཡང་འབྱུང་མི་སྲིད་ཅེས་བརྗོད་ འདོད་པ་དེ་ཡིན།
དེས་ན་བོད་ཀྱི་དཀའ་ངལ་སེལ་ཐབས་ལ་རེ་བ་མེད་སོང་བ་དང་། བོད་ཀྱི་མེ་རྒོལ་ལ་གྲུབ་འབྲས་མ་ཐོན་པ་ཡིན་ནམ་ཞེས་འདྲི་རྒྱུ་ཡིན་ན། དེ་ཡང་ག་ལ་ཡིན། ང་ཚོའི་མིག་མདུན་གྱི་སྤྱི་ཚོགས་རེ་རེའི་གསེང་ན་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རེ་རེ་སྐུང་ནས་ཡོད་ལ། དེ་ལས་ཀྱང་རྒྱ་ནག་སྤྱི་ཚོགས་ཀྱི་སྒོ་ཁྱིམ་བར་གསུམ་ནི་བོད་དོན་འཐབ་རྩོད་སྤྱི་དང་མེ་རྒོལ་བ་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ཀྱི་གྲུབ་འབྲས་སྤུང་ས་ཡིན། གོང་དུ་བརྗོད་པ་ལྟར་བོད་དོན་གྱི་དཀའ་ངལ་འདི་ནི་རྒྱ་བོད་གཉིས་ལས་ཚོགས་སྡེ་གཞན་སུ་ཞིག་གིས་ཀྱང་ཐག་གཅོད་བྱེད་ཐབས་མེད་ཅིང་། མེ་རྒོལ་གྱི་སྙིང་སྟོབས་དང་བོད་དོན་འཐབ་རྩོད་ཀྱི་ངོ་བོ་རྣམས་ཀྱང་རྒྱ་ནག་མི་ མང་གི་ཁེ་ཕན་དང་རྒྱ་ནག་མི་མང་གི་སེམས་ཚོར་དང་འབྲེལ་ནས་གླེང་ཐུབ་དགོས། དེ་ཡང་རྒྱ་ནག་གི་དེང་དུས་སྤྱི་ཚོགས་གནས་བབ་ལ་རྒྱུས་ལོན་ཅུང་ཙམ་བྱས་པ་ཡིན་ན། བོད་ཀྱི་འཐབ་རྩོད་ཀྱི་སྟོབས་ཤུགས་འདི་ཉིད་རྒྱ་རིགས་མི་མང་གི་སེམས་ཚོར་དང་འབྲེལ་ནས་གླེང་བ་ལ་དགོས་པ་ཐོན་མིན་གསལ་བོ་ཤེས་ངེས།
ད་ལྟའི་རྒྱ་ནག་ནི་དབང་འཛིན་དཔོན་རིགས་ཁག་གི་དབང་རྩོད་འཐེན་འཁྱེར་གྱི་རྣོ་ངར་ཆེ་རུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་ལ་སྔ་ས་ནས་ནང་རྐྱེན་ཆེན་པོ་གསུམ་གྱི་དབང་གིས་རྒྱ་རིགས་ས་ཡ་ཉིས་བརྒྱ་ལྷག་གིས་གུང་ཁྲན་ཏང་གི་དབང་སྤྱོད་ལ་ངོ་རྒོལ་རྒྱུན་མཐུད་བྱེད་ཀྱིན་ཡོད་ཅིང་། ད་དུང་མུ་མཐུད་གུང་རྒོལ་བ་རྒྱ་རིགས་མི་མང་གི་ཁ་གྲངས་ཉིན་རེ་བཞིན་འཕེལ་བཞིན་པའི་སྒང་ཡིན། རྒྱ་ནག་གི་ནང་རྐྱེན་ཆེན་པོ་གསུམ་ནི། སྤྱི་ལོ་ ༡༩༨༦ ལོར་རྒྱ་ནག་ཏུ་དྲུག་བཞིའི་སློབ་མའི་ལས་འགུལ་གཞི་རྒྱ་ཆེན་པོ་ལངས་པ་ནས། རྒྱ་ནག་མི་མང་ཁྲོད་རྒྱ་དམར་གཞུང་ལ་རྒྱབ་སྐྱོར་མེད་པའི་ལས་འགུལ་དང་ངོ་རྒོལ། དེ་བཞིན་སྐྱོན་བརྗོད་བཅས་བྱེད་པའི་རྣམ་པ་ཤུགས་ཆེ་རུ་སོང་ཞིང་། རྣམ་པ་དེ་དང་བསྟུན་ནས་རྒྱ་རིགས་ཤེས་ཡོན་པ་དང་། སློབ་མ། ལས་བཟོ་བ། མི་མང་ས་ཡ་མང་པོས་གུང་ཁྲན་ཏང་རྩ་འཐོར་ཏུ་འགྲོ་བའི་ཉིན་མོ་ལ་སྒུག་ནས་ཡོད། ནང་སྒོས་སྤྱིོ་ལོ་ ༡༩༩༩ ཟླ་ ༧ ཚེས་༢༢ ཉིན་རྒྱ་དམར་གཞུང་གིས་རྩ་རླུང་ཆོས་འཁོར་སྒྲུབ་མཁན་སློབ་མ་ཡོངས་ལ་དྲག་གནོན་ཡ་ང་བ་བྱས་པ་ནས་རྒྱ་རིགས་མི་གྲངས་དུང་ཕྱུར་བརྒལ་བས་རྒྱ་གཞུང་ལ་མོས་མཐུན་མེད་པའི་རྣམ་པ་ཕྱིར་མངོན་བྱེད་ཚུལ་ཛ་དྲག་ཏུ་ཕྱིན་ཡོད། དེ་ བཞིན་ད་སྔ་རྒྱ་རིགས་ཤེས་ཡོན་པ་ལུའུ་ཞོ་པོའོ་སོགས་ཀྱི་མཚོན་པའི་ཤེས་ཡོན་པ་སྟོང་ཕྲག་བརྒལ་བས་ཀྱང་རྒྱ་གཞུང་གི་སྲིད་བྱུས་སྤེལ་ཕྱོགས་དང་། དབང་ཆ་གཅིག་སྡུད་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱིན་པ་བཅས་བསྡོམས་ན། རྒྱ་རིགས་ས་ཡ་ཉིས་བརྒྱ་ ༢༠༠༠༠༠༠ ལྷག་གིས་རྒྱ་གཞུང་གི་གཏིང་ནག་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱིན་ཡོད། འདི་ནི་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འཚོལ་ས་དང་། བོད་ཀྱི་མེ་རྒོལ་དཔའ་བོ་རྣམས་ཀྱི་སྙིང་སྟོབས་དང་བློས་བཏང་ལ་གྲུབ་འབྲས་གསོན་པོ་འདོན་སའི་ཐོན་ཁུངས་རྩ་ཆེན་དག་ཡིན་ལ། བོད་མི་ས་ཡ་དྲུག་གིས་རྒྱ་རིགས་ས་ཡ་ཉིས་བརྒྱ་ལྷག་གི་རྒྱབ་དཔུང་འཚོལ་ས་འདོར་ཐབས་མེད་པ་ཞིག་ཀྱང་ཡིན། འདིའི་སྐོར་ལ་ཕྲན་གྱི་རྩོམ་ཡིག་སྔོན་མ་དག་གི་ནང་གསལ་བཤད་གསལ་བོ་བྱེད་ཁུལ་བྱས་ཡོད།
དེ་ཡང་རྒྱབ་དཔུང་འདི་ཉིད་འཚོལ་ཐབས་ལ་དཔེ་མཚོན་གསལ་བོ་ཞིག་གིས་གླེང་ན། གལ་སྲིད་མེ་རྒོལ་བ་རྒྱལ་གཅེས་དཔའ་བོ་རེ་འགའི་ཞལ་ཆེམས་ཡི་གེའི་ནང་། གུང་ཁྲན་ཏང་གི་གདུག་རྩུབ་འོག་མནར་གཅོད་གཅིག་མཚུངས་སུ་མྱོང་བཞིན་པའི་རྒྱ་རིགས་ཤེས་ཡོན་པ་ལུའུ་ཞོ་པོའོ་དང་། ཨེ་བིའུ་བིའུ་བཅས་ཀྱི་གཙོས་པའི་རྒྱ་རིགས་རང་དབང་འཐབ་རྩོད་པ་རྣམས་ཀློད་གྲོལ་དང་། རྒྱ་རིགས་མི་མང་ས་ཡ་ཉིས་བརྒྱ་ལྷག་གིས་གུང་ཁྲན་ཏང་གི་དབང་སྤྱོད་འོག་མནར་གཅོད་མྱོང་བཞིན་པ་རྣམས་དམངས་གཙོ་དང་རང་དབང་གི་ལོང་སྤྱོད་ཉམས་སུ་མྱོང་དུ་འཇུག་དགོས་པའི་འབོད་ཚིག་བཀོད་པ་དང་། དེ་བཞིན་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ཁག་ནས་ཀྱང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གང་ཡིན་ཡང་རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་རྒྱ་རིགས་མི་མང་སུ་འདྲ་ཞིག་གིས་གུང་ཁྲན་ཏང་གི་གདུག་རྩུབ་མནར་གཅོད་མྱོང་བཞིན་པ་རྣམས་ལ་བོད་མི་གཅིག་མཚུངས་ལྟར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གང་འོས་སྤེལ་རྒྱུ་དང་། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་དང་། ཆོས་འཁོར་རྩ་རླུང་། དམངས་གཙོའི་ལས་འགུལ་སོགས་ལ་གདུང་མཉམ་བསྐྱེད་མཚོན་ཆེད་མཉམ་ཞུགས་བྱ་རྒྱུ་མང་དུ་བཏང་པ་ཡིན་ན། རྒྱལ་སྤྱིའི་ས་ཁུལ་ཀུན་ཏུ་ཡོད་པའི་རྒྱ་རིགས་མི་མང་གིས་བོད་དོན་འཐབ་རྩོད་ལ་དོ་སྣང་གསར་བ་ཞིག་འདྲེན་ངེས་ལ། དེ་ལས་ཀྱང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། རྒྱ་ནག་སྐམ་ས་ཆེན་མོར་སྡོད་མཁན་མི་མང་རྣམས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་གསར་བ་རེ་འདོན་ངེས། རྒྱུ་མཚན་ལས་འགུལ་འདི་དག་ནི་ཁོ་ཚོའི་ཁེ་ཕན་དང་འབྲེལ་དང་ཡོད་ཅིང་ཁོ་ཚོའི་ལས་དབང་ལ་ཁ་གཏད་ནས་ཡོད་པས་ཡིན། མ་མཐའ་ཡང་བོད་དོན་འཐབ་རྩོད་ནི་བདེན་དོན་འཐབ་རྩོད་ཅིག་ཡིན་པའི་ཁུངས་སྐྱེལ་གསལ་བོ་ཞིག་ཏུ་འགྱུར་ངེས།
གལ་སྲིད་འདི་ལྟར་ང་ཚོའི་དམིགས་པ་གཏད་ཡུལ་དང་། ང་ཚོའི་སྟོབསཤུགས་འཚོལ་ཡུལ་ལ་བརྗེ་བོ་ཏོག་ཙམ་རྒྱག་ཐུབ་པ་ཡིན་ན། རྒྱ་གཞུང་གིས་མུ་མཐུད་རྒྱ་རིགས་མི་མང་ས་ཡ་གཅིག་སྟོང་སུམ་བརྒྱ་ལྷག་གི་རྒྱབ་ དཔུང་ཁུར་ཏེ་བོད་དོན་ལ་སྣང་མེད་བྱ་ཐབས་མེད་ལ། ཁུངས་འཁྱོལ་ཐབས་མེད་པའི་དྲིལ་བསྒྲགས་ཀྱི་སྟོབས་ཤུགས་རྒྱུན་མཐུད་བྱ་ཐབས་མེད་པར་འགྱུར་ངེས། འོན་ཀྱང་བོད་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དང་ཆབ་སྲིད་ཀྱི་གོ་རྟོགས་སོགས་ཀྱི་ངོས་ནས་བཤད་ན། འདི་ལྟའི་ལས་འགུལ་ཞིག་གི་མགོ་བརྩམས་པ་ལ་བློས་བཏང་ཆེན་པོ་ཞིག་བྱེད་ཀྱིན་པའི་སྣང་བ་འཆར་སྲིད་ལ། དམིགས་བསལ་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁ་ཤས་དང་། ཆབ་སྲིད་པར་ཁས་འཆའ་བ་རེ་འགས་སྣང་ཡུལ་ལ་འཆར་ཐབས་མེད་པའི་སྡུག་སྐད་ཀྱང་རྒྱག་སྲིད། འོན་ཀྱང་དོན་དངོས་ཤ་ལ་གླན་ཏེ་བརྗོད་ན་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་རང་བཙན་དང་། ཡང་ན་དབུ་མའི་ལམ་གང་དུ་ལྷུང་ཡང་མཐའ་མའི་མཇུག་འབྲས་ནི་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བའི་ཉིན་མོ་རང་ལ་སྒུག་རྒྱུ་དང་། གུང་ཁྲན་ཏང་གི་དབང་ཤུགས་ཉམས་དམེས་སུ་འགྲོ་པའི་ཉིན་མོ་རང་ལ་སྒུག་རྒྱུ་ལས་བྱ་ཐབས་གཞན་གང་ཡང་མེད་པ་ང་ཚོའིོ་མིག་མདུན་གྱི་སྤྱི་ཚོགས་གནས་བབ་ཀྱིས་ཐག་གིས་བཅད་ཚར་ཡོད་པ་ཧ་གོ་དགོས།
ཙ་ཕུན་ལགས། དྲུག་བཞིའི་སྐབས་དེར་གོང་ས་མཆོག་གིས་གསུང་འཕྲིན་བསྩལ་ཡོད་བསམ་བྱུང་། རྒྱ་དམར་མང་གཙོར་བསྒྱུར་བརྩོན་པ་དག་དང་། ཆོས་འཁོར་སྒོམ་སྒྲུབ་པ་དག་ཡོད་སར་དེ་གའི་བོད་རིགས་མཐུན་ཚོགས་དག་དང་ལྷན། ཕན་ཚུལ་ལས་འགུལ་ལ་མཉམ་ཞུག་བྱེད་རེས་བྱས་དང་བྱེད་བཞིན་ཡོད་པ་ངེས་པར་མཐོང་དགོས་པས་མཐོང་ཡོད་ཤག་རེད། མ་ཟད་བོད་རྒྱ་མཛའ་འབྲེལ་ཚོགས་པ་གང་སར་བཙུགས་དང་འཛུག་བཞིན་པའང་་་
ང་འདི་གར་སླེབས་དུས་ནས་བཟུང་ད་དུང་ཡུ་གར་བ་དག་དང་ཡང་གཞོགས་འདེགས་ལས་དོན་སྤེལ་རེས་བྱེད་ཀྱིན་འདུག
ང་དང་ངའི་གྲོགས་པོ་གཉིས་ཀྱིས་༼ བོད་རྒྱ་ཡུ་སོག་བཞི་མཉམ་སྦྲེལ་གྱིས་རྒྱ་དམར་མང་གཙོར་བསྒྱུར་བརྩོན་བྱེད་དགོས་ཤིང་། དེའི་སྤྱི་ཁྱབ་སློབ་སྟོན་པ་འམ་གང་ཞིག་གོང་ས་མཆོག་གིས་གནང་རྒྱུ། ལག་སྟར་བྱེད་པོ་གཙོ་འཛིན་བོད་པའི་སྲིད་སྐྱོང་བས་གནང་རྒྱུ། བཙན་བྱོལ་བོད་གཞུང་རྡ་རམ་ས་ལ་ནི་ལས་ཁུངས་ལྟེ་གནས་དེ་བྱེད་རྒྱུ།༽འདི་འདྲ་ཞིག་གླེང་མྱོངས་སོ།།