བསྟན་འཛིན་ཤེས་རབ།
ད་ལྟའི་ཆར་གདན་ས་ཁག་ཏུ་སློབ་གཉེར་བྱེད་སྟངས་ཅི་འདྲ་ཡིན་ནམ། ཤེས་མཁན་འདྲ་ཨེ་ཡོད། རྒྱུས་མངའ་ལྟར་ན། གྲྭ་བ་སྤྱི་ཡོངས་ནས་ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་ནས་འཛིན་སྐྱོར་སྦྱོང་བྱེད། ལ་ལས་དཔེ་ཀློག་རྒྱག ཞོགས་ཚོགས་ཡོད་ན་ཚོགས་ལ་རྒྱུག དེ་ནས་བྲེལ་མ་འཚབ་ཀྱིས་ཞོགས་ཇ་འཐུང་། ལ་ལ་དཔེ་ཁྲིད་ལ་རྒྱུག ལ་ལས་དཔེ་ཆར་ལྟ། ཆུ་ཚོད་དགུ་བའི་སྟེང་ཆོས་ར་འཚོགས། ཆོས་ཐུན་རེ་ཆད་ཚེ་སྒོར་གསུམ་ནས་ལྔ་རེའི་ཉེས་ཆད་འབབ། (འདི་གྲྭ་ཚང་ཁག་གཅིག་གྱུར་མིན་པས་ཡིན།)ཆོས་ཐོག་གཅིག་གི་ནང་ཆོས་ཐུན་དྲུག་ཆད་ཚེ་ཉེས་ཆད་དུ་ཉིན་གཅིག་རེའི་ཐབ་རེས་རེར་རྒྱུག་དགོས། དེ་ཡང་གུང་གསེང་ཉིན་མོར་གཏོང་། ཆོས་ཐུན་དྲུག་ལས་བརྒལ་ཚེ་རིམ་པ་བཞིན་བརྡབ་འཕར་གྱི་ཉེས་ཆད་གཅོད།
ཆུ་ཚོད་བཅུ་གཅིག་སྟེང་ཆོས་ར་གྲོལ་རྗེས། ཅུང་ལྷོད་ལྷོད་ངང་གུང་ཟས་ལ་རོལ། དེ་ནས་མང་བོ་ཞིག་གཉིད་དུ་ཡུར་ཏེ་ངལ་གསོ་རྒྱག ཆུ་ཚོད་དང་བོ་གཉིས་པ་ཙམ་ནས་ལ་ལས་དཔེ་ཆར་ལྟ། ལ་ལ་དཔེ་ཁྲིད་ལ་འགྲོ། ཆུ་ཚོད་ལྔ་བའི་སྟེང་དགོང་ཟས་མཆོད། དེ་ནས་ལ་ལ་དཔེ་ཁྲིད་ལ་རྒྱུག ལ་ལས་བློ་འཛིན་བྱེད། ལ་ལས་དཔེ་ཀློག་རྒྱག ཆུ་ཚོད་དྲུག་དང་ཕྱེད་ཀྱི་སྟེང་ཆོས་བརྡ་གཏོང་། ཚང་མ་ཆོས་རར་འཚོགས། རྩོད་པ་བྱེད། དོགས་དཔྱོད་བྱེད། དགོང་མོའི་ཆུ་ཚོད་བཅུ་གཅིག་སྟེང་ཆོས་ར་གྲོལ། རང་ཤག་ཏུ་བསྙེགས་ཏེ་དཔེ་ཆ་སྔོག རྩོད་པའི་དོགས་གནས་ལ་ཞིབ་བཤེར་བརྒྱབ། ཆུ་ཚོད་དང་བོ་གཉིས་པ་བར་ཟིན། ཐང་ཆད་དེ་རོ་རུ་གྱུར། ཁ་བཏོན་བྱས་རྗེས་མལ་དུ་ཡུར། ཆོས་མཚམས་སྐབས་སུ་གང་ཐུབ་ཀྱིས་དཔེ་ཀློག་རྒྱག འཛིན་སྐྱོར་སྦྱོང་བྱེད། སྐྱོར་བཟླར་འབུད། ལྔ་ཐོག་སོགས་ཀྱི་དམ་བཅའ་འཚོགས། གཟའ་འཁོར་རེའི་ནང་གཟའ་ཟླ་བ་ལྟ་བུའི་ཉིན་གཅིག་རེར་གུང་གསེང་རེ་གཏོང་། ཞག་མ་སུམ་བརྒྱ་དང་དྲུག་ཅུ་རྩ་གྲངས་ནང་དེ་ལྟར་འཁོར།
ཁེ་ཉིན་ཟམ་གདོང་རིན་པོ་ཆེས་དབུས་པའི་སྐུ་ཚབ་ཚོགས་པ་ཞིག་འབྲས་སྤུངས་སུ་ཕེབས་ཤིང་། གྲྭ་ཚང་ཁག་གི་མཁན་པོ་རྣམ་པ་དང་ལྷན་དུ་འཛོམས་ཏེ་ཚོགས་འདུ་ཞིག་འཚོགས། ཚོགས་འདུའི་སྙིང་དོན་ནི། གདན་སའི་སློབ་གཉེར་སྔོན་ཆད་དང་བསྡུར་ན་ཉམས་མུས་སུ་འགྲོ་བཞིན་ཡོད་ཅིང་དེ་ལ་གདོང་ལེན་ཇི་ལྟར་བྱེད་རྒྱུ་ཟེར་བ་དེ་རེད། མཁན་པོ་རྣམ་པས། ད་ལྟའི་ཆར་སྔོན་ཆད་ཀྱི་བོད་ནང་དང་སྦག་སའི་སྐབས་ཀྱི་སློབ་གཉེར་ལྟ་བུ་ཞིག་མེད་རུང་དུས་དང་ཁོར་ཡུག་ལ་བལྟས་ཏེ་ཧ་ཅང་ཡག་པོ་ཡོད་གསུངས། སྐུ་ཚབ་རྣམ་པས། བོད་ནང་དང་སྦག་སའི་སྐབས་ལ་མ་བསྡུར་རུང་ཉམ་ཉེས་སུ་སོང་འདུག་སྟེ་དེ་ལྟར་སོང་བ་མི་གཞན་གྱིས་༸གོང་ས་མཆོག་ལ་སྙན་གསེང་ཞུས་འདུག་གསུངས།
ལྷག་པར་སྦག་སའི་སྐབས་དང་ད་ལྟའི་གནས་སྐབས་གཉིས་ཀྱི་སློབ་གཉེར་གྱི་མཐུན་རྐྱེན་དང་འགལ་རྐྱེན་ལ་ཁྱད་པར་ཅི་ཡང་མེད་གསུངས། ཁོང་ཚོས་དེ་ལྟར་གཞུང་བཤད་དང་འཕྲོས་བཤད་མང་ཙམ་གནང་། ཐུན་མོང་ལ་མཐུན་སྣང་དུ་གྲུབ་པ་ཞིག་ནི། གལ་སྲིད་གདན་སའི་སློབ་གཉེར་ཉམས་བརླགས་སུ་ཕྱིན་ཚར་ཚེ་བོད་ཀྱི་ནང་བསྟན་ཆོས་ལུགས་ཉེན་ཁར་ཐུག་པ་ཡིན་ལ། དེས་མཚོན་ནས་བོད་ཀྱི་བླ་སྲོག་དུ་གྱུར་པའི་སྐད་ཡིག་དང་རིག་གཞུང་ཚར་བ་ཡིན། ཉམས་བརླགས་ཤོར་བའི་སློབ་གཉེར་གྱི་རིམ་པ་ཞིག་སླར་གསོ་བྱ་དགོས་ཚེ་ལས་སླ་བོར་འགྲུབ་པ་ཞིག་གཏན་ནས་མ་ཡིན་པ་དེ་དག་གོ །
མཇུག་མཐར་མཁན་པོ་རྣམ་པས། འོ་ན་ཇི་ལྟར་བྱེད། བཀའ་མངགས་ཇི་འདྲ་ཡོད་ཅེས་པར། སྐུ་ཚབ་རྣམ་པས། དེ་ཁྱེད་ཅག་རང་རང་ནང་ཁུལ་ནས་གྲོས་བསྡུར་བྱས་ཏེ་ཐག་གཅོད་ཀྱིས། གང་ཐག་གཅོད་བྱུང་བ་ཟིན་ཐོར་བཀོད་དེ་ཡར་འཁྱེར་ཤོག་གསུངས། གོ་ཐོས་ལ། སྔོན་ཆད་གྲྭ་ཚང་ཞིག་གི་དགེ་བསྐོས་ཀྱིས་སྒྲིག་ལམ་སྣ་ཚོགས་གསར་བཟོ་བྱས་ཤིང་ཧ་ཅང་མཁྲེགས་འཛིན་བྱས་པས། ཨར་མ་བརྟན་པར་གྲྭ་བ་ཆིག་སྟོང་ལྔ་བརྒྱ་ཙམ་ལས་བཞི་བརྒྱ་ལྷག་རང་རང་ས་རུ་འཐོར་སོང་ཟེར། དགེ་བསྐོས་གཞན་ཞིག་གིས་ཁོང་ལ་བསླབ་བྱ་གནང་། འུ་གཉིས་ཀྱི་ལག་ཏུ་ཡོད་པའི་སྒྲིག་ལམ་ནི་སྒོ་ང་ཞིག་དང་འདྲ་སྟེ། ལྷོད་དྲགས་ན་ཟགས་འགྲོ་ཞིང་སྡོམ་དྲགས་ན་ཆག་འགྲོ་བ་ཞིག་ཡིན་པས། གཟབ་ནན་ངང་དམ་ལྷོད་རན་ངེས་ཀྱིས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་གསུངས།
ད་སྐབས་འདི་ལྟ་བུའི་མི་མང་བོ་ཞིག་ཡོད་ངེས་ཏེ། ཉིན་རེ་ཟུང་ཞིག་གི་གྲྭ་སའི་ཚ་དུབ་དང་འགྲོ་འདུག་གི་སྒྲིག་ལམ་ཙམ་ཡང་མི་ཐེག་མོད། སྔོན་ཆད། ཆོས་ར་གྲོལ་རྗེས་གྲྭ་བ་རྣམས་འཛིན་གྲྭ་ཕྱོགས་ཕྱོགས་བྱས་ཏེ་ཀྱལ་ཀ་དང་འདྲེས་མའི་རྩོད་པའི་འུར་ཟིང་ཆེ་བ་མཐོང་མྱོང་པས། ད་སྐབས་དེ་མི་འདུག་ཟེར་ཏེ་འོལ་ཚོད་ཀྱིས་གྲྭ་སའི་སློབ་གཉེར་ཉམས་འདུག་ཟེར་ལ། འཇང་དགུན་ཆོས་སོགས་ཀྱི་དམ་བཅའ་སོགས་སུ་གཞུང་དོན་རྣལ་མ་རྩོད་ཀྱིན་པའི་གོ་བ་དེ་མ་ལོན་པར་ཁ་རྒྱགས་དང་ཀྱལ་ཀས་འུར་ཟིང་སློང་བའི་སྣང་ཚུལ་དེ་མེད་པ་མཐོང་བས། ད་ནི་གདན་སའི་སློབ་གཉེར་ཉམས་ཆགས་ཤོར་འདུག་ཟེར་ཏེ་གང་སར་འུར་བ་དང་། ཐ་ན་གོ་སྐབས་རེ་རེག་ན་༸གོང་ས་མཆོག་གི་སྙན་ལམ་དུ་ཡང་ཨེ་འཁྱོལ་བལྟས་ཏེ་རང་ཉིད་ཀྱིས་ཅི་ཞིག་གི་འགན་འཁུར་གྱི་ཡོད་ཚུལ་གྱི་ཉམས་འགྱུར་སྟོན་པ་དག་གོ །
སྔོན་ཆད་གྲྭ་ཚང་ཁག་ལ་ཚན་རིག་སྦྱོང་བའི་གྲྭ་བ་བཅུ་གྲངས་རེ་ཡོད་མོད་ཚན་རིག་གི་འཛིན་གྲྭ་དངོས་སུ་མེད། ད་ལྟ་ཚན་རིག་འཛིན་གྲྭ་དངོས་སུ་ཚུགས་ཟིན། མ་ཟད་ཆོས་ར་དང་གཅིག་མཚུངས་ཀྱི་འགྲིག་རྟགས་བརྒྱབ་པས་ཚོགས་ཐུན་བཞིན་སློབ་གཉེར་བ་ཧ་ཅང་མང་། འོན་ཀྱང་སློབ་དེབ་མེད། སློབ་ཐུན་རེ་རེ་བཞིན་དགེ་རྒན་རང་ཉིད་ཀྱིས་སློབ་ཚན་བསྒྲིགས་ཏེ་འཁྱེར་ཡོང་དགོས་ཀྱི་ཡོད། ཉེ་སྔོན་སློབ་དེབ་སྣ་ཁ་མི་འདྲ་བ་གཉིས་ཅུང་ཙམ་འབྱོར་མོད་མི་མང་སྟབས་མ་འདང་བར་རང་རང་ས་ནས་ཆ་ཁ་ཡ་རྡེབ་རེ་འཁྱེར་ཞིང་། ཟླ་གཅིག་རེ་ཡི་མཚམས་ནས་རེས་བསྐོར་རྒྱུ་བྱས། སློབ་མ་ཚོས་དགེ་རྒན་ལ་སློབ་དེབ་དགོས་པའི་རེ་བ་བཏོན། འོན་ཀྱང་དགེ་རྒན་ལ་ཡང་བྱ་ཐབས་ཅི་ཡོད།
ད་ལྟ་གྲྭ་ས་ཁག་ལ་བོད་ཀྱི་གྲྭ་རྒྱུན་ཆད་ཟིན། མི་རིང་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་ཡང་ཆད་ངེས། ད་ལྟ་མཁན་པོ་དང་དགེ་བསྐོས་སོགས་ཀྱིས་ཕྱོགས་ཕྱོགས་སུ་འཐོར་བའི་རང་གི་ཁོངས་གཏོགས་ཀྱི་གྲྭ་བ་རྣམས་ཕྱིར་འབོད་འགུག་བྱེད་བཞིན་ཡོད། ཐ་ན་བོད་ནང་དང་རྒྱལ་ཁབ་གཞན་དུ་ཡོད་པའི་གྲྭ་བ་ཚོ་ཡང་འབོད་ཀྱི་ཡོད། གལ་སྲིད་ཕྱིར་ལོག་ཡོང་བ་ཡིན་ན་ད་བར་ཚོགས་དང་ཆོས་ར་སོགས་སུ་ཆད་པའི་རྩ་ཆད་དག་ཀྱང་ཆག་ཡང་གཏོང་གི་ཡིན་གསུངས།
མཁན་པོ་རྣམ་པས་འདི་ལྟར་གསུངས། ང་ཚོས་དུས་དང་ཁོར་ཡུག་ལ་མ་བསྟུན་པར་དྲག་པོ་བྱེད་ན་ཡང་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་བརྡབ་གསིག་ཐེབས་ས་དེ་དགེ་འདུན་དམངས་རེད། དཀའ་ངལ་དེ་དགེ་འདུན་དམངས་ཀྱིས་མྱོང་གི་རེད། ད་ལྟ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཀྱིས་བོད་ལ་འགྲོ་ཆོག་པའི་ལག་འཁྱེར་ག་ཚོད་སྤྲོད་ཀྱི་འདུག བོད་ན་ག་ཚོད་ཀྱི་ཆ་རྐྱེན་འཛོམས་པོ་རེད། གལ་སྲིད་དགོན་པ་གྲྭ་ཚང་ཁག་ཏུ་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་པའི་དགེ་འདུན་གྱི་སྡེ་སྟོང་སོང་ན་ས་ཁང་སྟོང་བ་དག་གིས་ཅི་ཞིག་བྱ། དེ་བས་དོན་དངོས་དང་ལག་ལེན་རྣམ་དག་ཅིག་འཁྱོངས་རྒྱུ་ཧ་ཅང་གལ་ཆེ་གསུངས།
མཁན་པོ་རྣམ་པས་མུ་མཐུད་གསུངས་དོན། རྣམ་པ་ཚོས་མཛོད་འདུལ་གྱི་སློབ་གཉེར་ཉམས་ཆགས་སུ་འགྲོ་བཞིན་འདུག་གསུངས་པ་རེད། འོན་ཀྱང་ད་སྔ་ཤེས་གསལ་ལྟར་ན། མཛོད་འདུལ་ཐོན་པའི་རྒྱུགས་སྤྲོད་པ་ཚོའི་ནང་མཛོད་རྩ་དང་འདུལ་སྡོམ་བློ་ནས་སྐྱོར་རྒྱུ་མེད་མཁན་དང་དེར་འགྲེལ་མི་འགྲོ་མཁན་ཉུང་ཉུང་ཡིན། གལ་སྲིད་ཚན་རིག་འཛིན་གྲྭས་ཀྱང་གཞུང་སློབ་གཉེར་ལ་སྐྱོན་བྱེད་པའི་གནས་ཚུལ་བྱུང་ཚེ་དེ་མ་ཉིད་དུ་ཚན་རིག་འཛིན་གྲྭ་སྒོ་རྒྱག་སྲིད་པ་ཡིན་གསུངས། དོན་ངོ་མར་གྲྭ་སའི་སློབ་གཉེར་ཉམས་བཞིན་ཡོད་དམ། སུ་ཞིག་གིས་དེ་ལྟར་ཚོར་བ་རེད།
མཁན་པོར་དེང་དུས་མཁོ་བའི་ཞི་སེམས་ཕྱུག།
ཡང་གདན་སའི་རྒྱུན་གནས་འཛོམ་པ་དགུ
རང་སྐྱོན་འགེབ་བསྲུང་བྱེད་པའི་ལས་སྣེ་འཛོམ།
གཞན་སྐྱོན་ཁབ་དུ་བཙའ་བའི་ལས་སྣེ་འཛོམ།
བཀའི་བགོད་རྒྱུན་འཛིན་བྱེད་པའི་དགེ་སྐོས་འཛོམ།
མི་ཤེས་ཤེས་འདོག་བྱེད་པའི་དགེ་བཤེས་འཛོམ།
མི་རྩི་རྩི་འདོག་བྱེད་པའི་མགོ་འཛིན་འཛོམ།
མི་འགྱོན་འགྱོན་འདོག་བྱེད་པའི་མི་སྣ་འཛོམ།
ཤེས་འགྱོན་གང་ཡང་མེད་པའི་ལྟོ་གཉེར་འཛོམ།
གདན་ས་ཚོང་རར་བསྒྱུར་བའི་ཕྱག་མཛོད་འཛོམ།
ཆོས་ཚོང་ལོག་ལམ་འདྲེན་པའི་བླ་མ་འཛོམ།
དོན་དངོས་འདི་དག་འཛོམ་པ་ཡིད་རེ་སྐྱོ།
སྐྱོ་བ་སེང་བའི་འགྱུར་བ་ཡོངས་པར་ཤོག
འགྲོ་བའི་མགོན་པོའི་ཐུགས་བཞིན་བསྒྲུབ་པར་ཤོག
གདེན་སའི་ཡོད་པ་དགུ། འདུལ་ཁྲིམས་རྒྱལ་ཁྲིམས་བཅས་བའི་དགེ་བསྐུལ་བརྗིད།། གནའ་དེང་ཟུང་དུ་སྦྲེལ་ལ་དགེ་རྒན་མཁས།། བཅུ་ཕྲུག་རིག་པའི་མཛོད་འཛིན་པན་གྲུབ་མང་།། ཤེས་ཡོན་མཐུན་རྐྱེན་སྦྱོར་མཁན་ཕྱག་མཛོད་བྲིན།། དམངས་ལ་སྲི་ཞུ་སྒྲུབ་པའི་ལས་ཚན་མང་།། གྲྭ་བའི་བརྒྱ་ཆ་དགུ་བཅུས་བརྩོན་པ་བསྟེན།། དྲང་བདེན་ལམ་ལུགས་གསལ་སྟོན་ཆབ་རིལ་སྤྱང་།། མེད་དགུ་དམིགས་མེད་གཞོམ་ལ་ཆེས་རྣོ་ཞིང་།། དོན་ལ་གནས་པའི་ཡོད་དགུའི་ཉག་ཕྲན་མདའ།།
https://tibettimes.net/wordpress/blogs.php?id=265&post_id=20910
གདན་སའི་མེད་པ་དགུ
དེང་དུས་གང་དགོས་མཁྱེན་པའི་མཁན་པོ་མེད།
ཁྲིམས་ལུགས་དྲང་བོར་འཛིན་པའི་དགེ་བསྐོས་མེད།
དེང་དུས་ཤེས་ཡོན་ཅན་གྱི་དགེ་རྒན་མེད།
དཔེ་ཁྲིད་དགེ་རྣམ་ལ་རིགས་གནས་མེད།
ཤེས་ཡོན་ཕྱོགས་ལ་དགའ་བའི་ཕྱག་མཛོད་མེད།
དམངས་གི་གནས་ཚུལ་མཁྱེན་པའི་མགོ་འཛིན་མེད།
གྲྭ་ཚོགས་བརྒྱ་ཆའི་བརྒྱ་ཅུའི་ལག་པ་མེད།
ཡོངས་ལ་གཅིག་གྱུར་གཟིགས་པའི་བླ་མ་མེད།
ཞི་བདེ་རང་སྤྲད་པའི་ཆབ་རིལ་མེད།
གྲངས་དགུ་ཚང་བའི་འཁོར་ཡུག་འདིས་ནང་དུ་གོང་ས་མཆོག་གི་ཐུགས་དགོངས་བཞིན་བསྒྲུབ་པའི་མཁན་པོ་ཞིག་དང་ཁྲིམས་ཀྱི་དབང་བསྒྱུར་བྱེད་པའི་དགེ་བསྐོས་ཞིག་ཆོས་ལུགས་དབྱེ་འཔྱེད་མེད་པའི་དགེ་རྒན་ཞིག་་་་་འདུལ་བ་གཞི་ལ་འཛིན་པའི་སློབ་མ་ཞིག་་་་་མང་གི་བསམ་པ་ཤེས་པའི་ཕྱག་མཛོད་ཞིག་་་་་ཧ་ཧ་ཧ་བླ་མ་མཁྱེན་ནོ། གནང་རོགས་གནང་།ནོར་བ་ཡོད་ན་དགོངས་དག་ཞུ།
གདན་སའི་སློབ་་་་ཁ་བྱང་ལ་དོགས་པ་འདུག
དུས་བབ་དང་སློབ་གཞི། དུས་ཡུན་སོགས་འཇལ་བྱེད་ཀྱི་ཚད་གཞི་གཏན་འབེབ་བྱས་ཏེ་བསྡུར་དགོས། བློ་ངོར་ཡོད་ཚད་སྔོན་ཆད་བཟང་ཡང་། ལྟ་རྒྱ་ཐོས་རྒྱ་དེངསང་ཆེ། མ་ཟད་ལག་པར་མཚོན་ན། སྔོན་70-80% ལག སྡུམ་ཡིན་མོད། དེང་སང་དེ་ལྡོག་ཡོད་པ་སོགས་་་་་་་
དྲ་གྲོགས་མང་པོས་གདན་སའི་སློབ་གཉེར་ཉམས་བཞིན་པའི་གནས་སྟངས་ལ་དཔྱད་པ་མང་པོ་གནང་འདུག་ལ་ད་དུང་ཡང་མུ་མཐུད་ནས་དཔྱད་དགོས།
དྲ་གྲོགས་བུ་ཡུག་གིས་སྐདཆ་འདི་ངོ་མ་བུ་ཡུག་ཅིག་དང་མཚུངས། ལྷག་པར་དུ་མཇུག་གི་ཚིག་དུམ་༼གོང་ས་མཆོག་གི་དགོངས་གཞི་ལ་མ་རུང་པའི་ཚིག་ངན་སྒྲོགས་པ་མ་ཡིན་ནམ།༽ཞེས་པ་དེ་བས་ཀྱང་རྣོ་ངར་ལྡན་ཨང་།
འོན་ཀྱང་གོང་ས་མཆོག་གི་དགོངས་གཞི་ལ་མོས་མི་མོས་ཀྱི་སྐད་ཆ་དེ་འདིར་འཁྱེར་ན་ཡོང་ན་བཟང་གི སྐབས་འདིར་རང་ཉིད་ཀྱིས་མཐོང་ཐོས་དང་མྱོང་བ། རྟོག་པ་སོགས་གཞི་ལ་བཞག་ནས་བརྗོད་པ་ལས། གོང་ས་མཆོག་གི་༼བཀའ་༽འཁྱེར་ཡོང་ནས་༼མགོ་རྡུང་རྩིས་༽བྱེད་པ་འདི་ཡག་རྟགས་ཤིག་མ་རེད། ང་ཚོ་ལ་འདི་ལྟ་བུའི་གོམས་སྲོལ་ངན་པ་ཞིག་རྒྱུན་འཇགས་སུ་སོང་ཡོད།
གོང་ས་མཆོག་གིས་གང་ཉིད་ཀྱི་དགོངས་གཞི་ལ་འགྱུར་བ་རབས་དང་རིམ་པར་བཏང་དང་གཏོང་བཞིན་པ་དེ་དག་ཚང་མ་སྐབས་དང་སྐབས་སུ་ཡང་དག་པར་མཐོང་ནས་གཞིར་བཅས་པ་དང་། ཡང་སྐབས་དང་སྐབས་སུ་ཡང་དག་མ་ཡིན་པ་དང་། འབྱུང་རེ་མེད་པར་དགོངས་ནས་འགྱུར་བ་བཏང་བ་ལོས་ཡིན། གྲྭ་སའི་སློབ་གཉེར་གྱི་ལ་སྡུག་སྐད་རྒྱག་ན་གྲྭ་ཚང་གི་མཁན་པོ་མཁན་ཟུར་ཚོས་རྒྱག་ཆོག་ཅོག་རེད་མོད། དེང་སྐབས་མཁན་པོ་མཁན་ཟུར་ཚོས་ཀྱང་སྐད་རྒྱག་ཐུབ་ཀི་མི་འདུག་པ་དེར་ཡང་གནད་དོན་གཞན་ཞིག་ཡོད་ངེས་ཅན་རེད།
འདིའི་སྐོར་ནས་སྐྱང་ཚིག་གི་ཟ་ཟུར་ནས་རྙེད་རྒྱུ་འདུག་ལ། མི་འགྱངས་བར་བོད་རིག་པའི་དྲ་རྒྱ་ཆེན་པོ་ཞིག་ང་ཚོའི་མིག་མདུན་དུ་ངོམ་འགྱུར་བ་དེ་ལས་གདན་གསུམ་གཙོས་ཆོས་རྒྱུད་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་དགེ་བཤེས་གྲྭ་རྒན་ཚོས་སྔར་ནས་ད་བར་གྱི་བྱུང་རབས་རྣམས་ཆུ་ལ་ཆུ་བཞག་གིས་གསན་གཟིགས་གཉིས་ཀ་ཡོད་པའི་དངོས་བྱུང་ལོ་རྒྱུས་དག་མངོན་པར་གྱུར་ན། དེ་དག་ལས་ངོ་མ་ངོ་མ་གང་ཡིན་དང་། རྫུས་མ་དང་རྫུན་པ་སུ་ཡིན་སོགས་ལ་གསལ་འདེབས་བྱ་ངེས་རེད།
གདན་སའི་སློབ་གཉེར་ཉམས་ཆགས་སུ་སོང་ན་བོད་ཀྱི་རིག་གཞུང་གི་བརྒྱ་ཆའི་གོ་ལྔར་ཉམས་ཆགས་འགྲོ་བཞིན་ཡོད་པས་ན། ཅི་ནས་ཀྱང་དཔྱད་དེ་བཤད་དགོས་པ་ཡིན་ནོ།།
དོན་དངོས་ཡོད་གནས་ཚུལ་ལ་གདན་སའི་སློབ་གཉེར་ཉམས་དམུས་སུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ཡིན་ནའང་གྲྭ་ཚང་བྱེ་བྲག་གི་མཁན་པོ་རེ་ཟུང་གིས་ཨུ་ཚུགས་མཐའ་བསྐྱལ་གྱིས་འགེབས་ཅི་ཐབས་བྱེད་པ་ནི་རང་ཉིད་ཀྱི་མངོན་འདོད་ཕྱིར་འདོན་པ་ཤ་རྟགས་ཡིན། དེ་གང་ཞེ་ན། མཁན་པོ་རེ་ཟུང་གིས་བཤད་རྒྱུར་སྤྱིར་གདན་སའི་སློབ་གཉེར་ཉམས་ཆགས་སུ་འགྲོ་གི་མེད་མོད། འོན་ཀྱང་མཛོད་འདུལ་འཐུས་ཤོར་ལ་འགྲོ་གི་འདུག་ཟེར་བ་འདི་ལས་རྟོགས་ཐུབ། དེ་ནི་ཚན་རིག་སློབ་ཚན་དེ་མཛོད་འདུལ་གཉིས་ཀྱི་ནང་བཞག་ལ་མ་དགའ་བས་རྣམ་འགྱུར་ཡིན། དེ་མིན་དམིགས་བསལ་གྱིས་མཛོད་འདུལ་གཉིས་ཉམས་རྒུད་དུ་འགྲོ་བཞིན་འདུག་ཞེས་སྐད་གཟེངས་མཐོན་པོས་སྒྲོགས་དགོས་པས་རྒྱུ་མཚན་ཅི་ཡང་མི་འདུག། ཀུན་གྱིས་གཟིགས་དང་འདི་ནི་གོང་ས་མཆོག་གི་དགོངས་གཞི་ལ་མ་རུང་པའི་ཚིག་ངན་སྒྲོགས་པ་མ་ཡིན་ནམ།
བགྲོ་གླེང་འདི་ལྟར་གནང་པར་དགའ་སྤྲོ་ཆེ། ད་དུང་མི་མཐུད་ནས་རང་གི་ཅི་བཤད་འདོད་པའི་སྐད་ཆ་རྣམས་གསོང་བོར་བྲིས་ན་མཇུག་འབྲས་རྡོག་རྡོག་ཅིག་རང་བཞིན་གྱིས་ཐོན་ཡོང་གི་རེད་སྙམ།
བཀུར་འོས་པའི་བསྟན་ཤེར་ལགས་ཀྱིས་དྲ་གྲོགས་ཚོར་བཀའ་བཀྱོན་མི་གནང་བར་ད་དུང་བགྲོ་གླེང་གི་སྐད་ཆ་མང་དུ་བཤད་དུ་འཇུག་རོགས།
སྔོན་དུས་བོད་ཀྱི་སློབ་གཉེར་དང་།།
དེ་ཕྱིས་སྦག་ས་ད་ལྟ་གསུམ།།
བསྡུར་བས་ཉམས་པའི་ཟ་དང་ཟུར།།
མཇལ་དུ་ཡོད་པར་རྒན་དག་གཟིགས།།
སྤྱི་ཚོགས་གསར་རྙིང་གཉིས་ཀ་དང་།།
དགོན་པ་གསར་རྙིང་གཉིས་ཀའི་ནང་།།
མི་ཚེ་ཐོས་པར་བཏང་བ་ཡི།།
མཁན་དག་ཉམས་པར་གསུང་པ་བདེན།།
མལ་ལས་ལྡང་ནས་མ་གཟིམ་བར།།
སློབ་ལ་བརྩོན་འདི་འགྲོ་སྟངས་ཏེ།།
དེ་དེའི་རྒྱབ་དང་མདུན་ངོས་ནས།།
ཤེས་ཡོན་འོད་སྣང་འཚེར་བ་དགོས།།
ལོ་ངོ་བཅུ་གྲངས་ཐོས་པར་བཏང་།།
གྲོང་འཁྱམ་ཙམ་ལས་མ་བྱུང་དང་།།
ཆེན་པོའི་མིང་གིས་བརྗིད་འགའ་ཞིག།
ཤེས་ཡོན་དབུལ་བ་མངོན་སུམ་མིག།
བདེན་པ་བཤད་པར་འཛེམ་པས་ཅི།།
ཤ་ཚའི་སེམས་དང་ལྡན་བདེན་ན།།
དངོས་ཡོད་གནས་སྟངས་རི་མོ་རེ།།
བྲི་ལ་འཛེམ་དགོས་མེད་པར་མཐོང་།།
འཆད་རྩོད་རྩོམ་གསུམ་ཟེར་ན་ཁ་འཐོར་རེད།།
ཕྱོགས་གཅིག་ཡོད་ན་ཕྱོགས་གཅིག་ཞར་ར་རེད།།
ཐོས་དང་གྲུབ་པའི་གོ་ས་མ་རྙེད་རུང་།།
སྟོན་རྒྱུ་མི་གཅིག་ཡོད་ན་དགའ་བ་ལ།།
དགོན་པ་གཅིག་གིས་བཤད་ན་ང་བཟང་ཟེར།།
ཕན་ཚུན་བར་ན་མཁྲེགས་འཛིན་རྡོ་རིང་ཞིག།
གཟུར་སྐྱེས་བོས་ཚོགས་ཀྱིས་བང་བསྒྲིག་ནས།།
རྒྱལ་བའི་དགོངས་གཞི་བསྒྲུབ་ན་སྐྱིད་པ་ལ།།
གདན་ས་གསུམ་ལ་ཚན་རིག་སློབ་ཚན་ཚུགས།།
དོན་གྱི་རྒྱལ་བའི་དགོངས་པ་དགག་རྒྱག་ཞིག།
ཁ་དང་སྒྱུ་མའི་བར་ན་ཆོ་འཕྲུལ་ཞིག།
འདི་འདྲ་མཐོང་ན་ཡིད་སེམས་སྐྱོ་བ་ལ།།
གོང་ས་བཅུ་གསུམ་པ་ཡི་བཀའ་དགོངས་ལ།།
གདན་ས་དག་གིས་དགག་པ་གྲངས་མེད་བརྒྱགས།།
དེ་ཡི་ནག་ཐིག་ད་དུང་སུབ་མེད་པས།།
འདས་པའི་ལོ་རྒྱུས་སླབ་བྱ་ཡིད་ཞོགས།།
གོང་དུ་མང་པོ་ཞིག་གི་གསུང་འདུག་ངོ་མ་བདེན་པ་རང་རེད། ཉམས་ཡོད་པ་ཤེས་བཞིན་དུ་ཉམས་མེད་ཟེར་བ་དང་སྐྱོན་ཡོད་བཞིན་མེད་ཟེར་བ་འདི་དག་ལ་ད་དུང་སྤྱི་ཚོགས་མགོ་སྐོར་གཏོང་བསམ་པ་ལས་མ་འདས་པས་བསམ་ཤེས་གནང་་་རོགས། བློ་དབང་ཞུས་པ་ཞིག་གི་འདི་ལྟར་བྲིས་འདུག་དོན་དངོས་འདྲ་བོ་རེད་འདུག ཁོང་གི་ཚིག་ངས་འདིར་བགོད་ཡོད།
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » བསམ་ཚུལ།
བོད་ལ་ཐར་ལམ་མེད།
འདོན་སྤེལ། ༢༠༡༢/༠༥/༢༨
རྭ་རྒྱ་བློ་དབང་།
རིག་གནས་ལ་ཁྲོམ་རའི་རིན་ཐང་མེད་པ་དེ་འཆི་ལྟས་དང་པོ་རེད།
ཆེས་གནའ་བོའི་དུས་ཤིག་ནས་བཟུང་རང་རེའི་མི་རིགས་འདིར་འབྱོར་བའི་རྩོལ་སྒྲུབ་ཀྱི་ཕྱོགས་ནས་དེ་ཙམ་སྤྱང་གྲུང་འཛོམས་པ་ཞིག་མིན་ངེས་ཆེ་ལ། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་དར་ཁྱབ་བྱུང་རྗེས་སུ་སྤྱི་ཚོགས་ཀྱི་སྐྱེས་བུ་རྣམ་དཔྱོད་དང་འཇོན་ཐང་ལྡན་པ་ཕལ་མོ་ཆེ་ཆོས་ལུགས་པར་གྱུར་སྟབས། སྤྱི་ཚོགས་ཀྱི་འཚོ་གོས་གནས་མལ་ལ་རང་བཞིན་གྱིས་ཚོད་འཛིན་ཐེབས་ཤིང་། ཚོད་འཛིན་དེ་ཡང་ལོ་ངོ་བརྒྱ་ཕྲག་མང་པོར་རྒྱུན་མཐུད་སྟབས། ལྷ་ཁང་གསེར་ཁང་བརྗིད་པོ་དང་། གསེར་གདུང་དངུལ་སྐུ་མཛེས་བརྗིད་ཅན་རེ་མ་གཏོགས་མི་རིགས་འདི་ལ་འབྱོར་བའི་ཕྱོགས་ནས་ངོམ་སོ་བྱེད་རི་བ་ཅི་ཡང་མེད་ལ། དུས་རྒྱུན་དམངས་སྤྱི་ཡོངས་ཀྱི་འཚོ་བའི་སྤུས་ཚད་དེ་ཡང་ཧ་ཅང་རྒྱུན་ལྡན་དང་། དཀྱུས་མ། ཐབས་ཆགས་ཀྱི་རྣམ་པ་ལས་འདའ་མ་མྱོང་། དེ་བཞིན་དུ་ཁྲོམ་རའི་འཁོར་རྒྱུག་གམ་ཚོང་ལས་ཀྱི་རྣམ་པ་ཡང་ཐོན་རྫས་ཐད་ཀར་བརྗེ་ལེན་གྱི་རྣམ་པ་ཙམ་དང་། དུས་བསྟུན་གྱི་དགོས་མཁོའི་དངོས་པོ་དག་ཀྱང་ཉེ་འཁོར་རྒྱ་གར་དང། བལ་ཡུལ་རྒྱ་ནག་སོགས་ནས་ཁྱེར་ཡོང་བ་ཤ་སྟག་ལས། རས་ཆ་ངོས་འཇམ་ཞིག་གསར་བཟོ་བྱས་པའི་བྱུང་བའང་རྙེད་དཀའ་མོ་ཡིན། རང་རེའི་སྔར་སོང་དེ་ལྟར་བྱུང་ཞིང་དེ་ལྟར་རྒྱུན་མཐུད་ནས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་འཛམ་གླིང་གི་མིའི་རིགས་ཧྲིལ་བོའི་འགྱུར་ལྡོག་དར་རྒུད་ཀྱི་ཀློང་ལ་ཚུད་པ་རེད། རང་བྱུང་གི་ཐོན་ལས་ཙམ་གྱི་སྤྱི་ཚོགས་ཤིག་གློ་བུར་དུ་ལག་རྩལ་དང་། ཚོང་ལས། སློབ་སྦྱོང་སོགས་ཀྱི་འགྲན་རྩོད་ཁྲོད་ལྷུང་སྟབས་བརྟན་ཆགས་པའི་འཁོར་ཕྱོགས་ཤིག་རྙེད་རྒྱུ་ཧ་ཅང་དཀའ་ལ། རིག་གནས་གསར་བརྗེའི་རྗེས་ཀྱི་རྒྱུ་ཟོག་དང་ས་ཆ་སྒེར་བདག་གི་སྲིད་ཇུས་བྱུང་བ་དེས་རང་རེའི་མི་རིགས་ལ་སླར་ཡང་གདོད་མ་དང་། དལ་ལྷོད། རྗེས་ལུས་ཀྱི་འཚོ་བའི་ལམ་བུ་ཞིག་ལ་རེ་ལྟོས་བྱེད་དུ་བཅུག་ཅིང་། དབྱར་དགུན་སྟོན་དཔྱིད་ཀྱི་ཞིང་འབྲོག་གི་འཚོ་ལས་བསྐྱར་ཟློས་བྱེད་པའི་སྣང་ཚུལ་དེས་འདས་པའི་ལོ་ངོ་ཉི་ཤུ་ལྷག་རྨག་མེད་དུ་ཟོས་ཤིང་། ད་ལྟ་འབྲོག་པ་གྲོང་སྒྱུར་དང་ཞིང་ས་ཐང་སྟོང་དུ་སྒྱུར་བའི་སྲིད་ཇུས་སླེབས་སྐབས་གོམ་པ་གར་སྤོ་མི་ཤེས་པའི་གནས་སྟངས་ཉམ་ང་བ་འདི་བསུས་པ་རེད། རྒྱ་གཞུང་གི་བཙན་པོའི་དབང་ཡོད་ཀྱི་སྲིད་ཇུས་དེ་ཚོ་མེད་དབང་དུ་བཏང་རུང་། འཛམ་གླིང་སྤྱིའི་འགྱུར་ལྡོག་ལ་ལྟོས་ན་ཡང་ང་ཚོ་སྔར་མུས་བཞིན་བརྗེ་སྤོར་གཏན་ནས་མེད་པའི་བསྐྱར་ཟློས་ཀྱི་འཚོ་ལས་དང་། རང་བྱུང་གི་ཐོན་ལས་ཏེ། ཤ་དང་ཀོ་པགས། མར་དང་ཆུར་བ། ནས་དང་གྲོ་ཕྱེ་ལྟ་བུའི་འཚོ་ཆས་སྐོར་ཞིག་དང་། སྣམ་བུ་དང་པགས་སློག སྦྲ་ནག་དང་ཤིང་ཁང་ལྟ་བུའི་སྟབས་བདེའི་ལོངས་སྤྱོད་འགའ་ཤས་ཁྲོད་གཏན་ནས་འདུག་ཐབས་མེད་དེ།
སྟོང་ལོ་གསར་པ་རིམ་གྱིས་ཚེས་ཤིང་ནུབ་ཕྱོགས་ཀྱིས་སྣེ་ཁྲིད་པའི་ཚན་རིག་ལག་རྩལ་ནི་མགྱོགས་ཚད་གཟུང་དུ་མེད་པར་འཕེལ་རྒྱས་བྱུང་བ་དང་། སྐད་ཡིག་དང་། རྩོམ་རིག སྒྱུ་རྩལ། ཁྲོམ་ར་སོགས་གློག་རྡུལ་གྱི་ལམ་དུ་འཕོས། འགྲུལ་བཞུད་དང་། ཉོ་ཚོང་། སྡོད་གནས། འབྲེལ་འདྲིས་སོགས་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་སྣང་ཚུལ་ཕལ་མོ་ཆེར་ལོ་ཟླ་རེ་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད་པས་ངེད་ཅག་གཞན་དབང་དང་རང་བསམ་གང་ལགས་ཀྱང་འགྱུར་ལྡོག་འདིའི་ཁྲོད་འཐམ་འཐོམ་ངང་མི་ཞུགས་ག་མེད་ཡིན། འགྱུར་ལྡོག་འདི་དག་ཅིའི་ཕྱིར་འབྱུང་བ་དང་ཇི་ལྟར་བྱུང་བ་སོགས་ལ་རྒྱུ་མཚན་མང་པོ་ཞིག་ཡོད་མོད། མཐར་གཏུགས་ན་འགྱུར་ལྡོག་འདི་དག་ཐམས་ཅད་འགྲན་རྩོད་ཀྱི་ཁྲོད་ནས་ཡོང་ཞིང་། འགྲན་རྩོད་དེ་ཡང་རིག་གནས་དང་། དཔལ་འབྱོར། ལག་རྩལ། ཆབ་སྲིད་སོགས་ཕྱོགས་མང་པོའི་འགྲན་རྩོད་ཅིག་ཡིན་པ་དང་། འགྲན་རྩོད་འདིའི་ཁྲོད་རྒྱལ་ཁབ་དང་མི་རིགས། ཁྱིམ་ཚང་། ཐ་ན་མི་སྒེར་རེ་རེ་བཞིན་ལུས་སེམས་ཀྱིས་ལྕོགས་ཚོད་དུ་ཞུགས་དང་འཇུག་བཞིན་ཡོད་ལ། གལ་ཏེ་འགྲན་རྩོད་འདི་ལས་ཕམ་པ་ཡིན་ན། རྒྱལ་ཁབ་འཇིག་འགྲོ་ཞིང་། མི་རིགས་རྒུད་འགྲོ་བ། ཁྱིམ་ཚང་འཐོར་འགྲོ་བ། མི་སྒེར་ཕམ་འགྲོ་བ་ཡིན། གྷི་རིག་སའི་དཔལ་འབྱོར་ཉམས་རྒུད་དང་། ཨ་རབ་ཀྱི་འབངས་མིའི་གླེང་ལོག འཇིགས་བསྐུལ་པས་མང་ཚོགས་སྡེབས་གསོད་སོགས་ཀྱང་འགྲན་རྩོད་འདིའི་ཆ་ཤས་ཤིག་དང་། ཕམ་ཉེས་འབྱུང་ངེས་ཀྱི་ཞེད་སྣང་འོག་འགྲན་རྩོད་བྱ་ཚུལ་གྱི་རྣམ་པ་གཞན་ཞིག་ཀྱང་རེད། ཉི་ཧོང་དང་ཨ་རིའི་རང་ཤི་རྒྱག་མཁན་ཚོ་དང་། ལྷོ་བྱང་ཀོ་རི་ཡའི་སློབ་ཕྲུག་དམར་གསོད་བྱེད་པོ་དག་ཀྱང་མདོར་དེད་ན་འགྲན་རྩོད་འདིའི་ཁྲོད་ནས་ཕམ་ཁ་མྱོང་མཁན་ཡིན། འགྲན་རྩོད་འདི་ལྟོས་ཚོད་ཀྱིས་ཁྲོམ་རར་འཁོར་སྐྱོད་བྱེད་པའི་ཅ་ལག་དང་སྒོར་མོའི་སྟེང་ཡོད་པ་འདྲ་ན་ཡང་། འགྲན་རྩོད་འདི་ཐོག་མར་འཕོས་ས་ནས་ཐ་མའི་འབབས་སྟེགས་དང་བཅས་པ་ཆེ་བ་རྒྱལ་ཁབ་དང་ཆུང་བ་མི་སྒེར་རེ་རེ་བཞིན་དུ་རང་ཉིད་ཀྱི་རིན་ཐང་མཐར་ཐུག་སྟེ་རིག་གནས་ཀྱི་འགྲན་རྩོད་ཡིན། འཇོན་ཐང་གི་འགྲན་རྩོད་ཡིན། རྣམ་དཔྱོད་ཀྱི་འགྲན་རྩོད་ཡིན། བརྩོན་འགྲུས་ཀྱི་འགྲན་རྩོད་ཡིན། མི་རིགས་ཤིག་ལ་མཚོན་ན་འགྲན་རྩོད་འདིའི་ཐོན་འབྲས་ཀྱི་ཁྲོམ་རའི་ནང་རང་ཉིད་ཀྱི་རིག་གནས་ཀྱི་སྣང་བརྙན་ཕབ་མ་ཐུབ་ཕྱིན་མི་རིགས་དེ་ཕམ་རྒྱུ་ཡིན་པ་དང་། འཆི་རྒྱུ་ཡིན་པ་ཐག་གིས་ཆོད་པ་རེད། རྒྱུ་མཚན་ནི་གནའ་ནས་ད་བར་དུ་འགྲོ་བ་མིའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་འཚོ་བའི་ཆེད་དུ་འཚར་ཞིང་། འཚོ་བའི་ཆེད་དུ་འཚོ་བ། འཚོ་བའི་ཆེད་དུ་རྒས་ཤིང་། འཚོ་བའི་ཆེད་དུ་འཆི་བཞིན་ཡོད། དེང་སྐབས་ཀྱི་འཚོ་བ་ནི་དེང་སྐབས་ཀྱི་ཁྲོམ་ར་རེད། དེའི་ཕྱིར་ད་ལྟ་སུ་ཞིག་ཕམ་པ་ལས་ཐར་པར་འདོད་ན་ཐེ་ཚོམ་མེད་པར་དང་དུ་ལེན་དགོས་པ་ནི་དེང་རབས་ཀྱི་ཁྲོམ་ར་ཡིན་ལ། ཁྲོམ་རའི་ནང་རང་ཉིད་ཀྱི་ངོ་རྟགས་གསལ་བོ་ཞིག་འཇོག་རྒྱུ་དེ་ཡིན།
འོན་ཀྱང་། རང་ཅག་ལ་མི་རིགས་རང་གི་ངོ་རྟགས་གསལ་བའི་ཁྲོམ་ར་ཞིག་ཕར་ཟད། ད་དུང་ཡང་ཙག་སྒྲ་བཟོ་ཐུབ་མིན་དང་། ཁ་པར་དུ་བོད་ཡིག་འཆར་མིན། གློག་རྡུལ་གྱི་ཚིག་མཛོད་ཡོད་མེད་ཙམ་ནི་དུས་རབས་འདིའི་ང་ཚོའི་ངོ་རྟགས་མཚོན་པའི་དེང་རབས་ཀྱི་རྨང་གཞི་རེད་ལ། ང་ཚོའི་མི་རིགས་ཀྱི་ཤེས་ཡོན་པ་ཚོ་དབུས་པའི་མང་མང་གིས་ངོ་མཚར་དང་རླབས་ཆེན་དུ་བརྩི་སའང་འདི་རེད། འདི་ནི་ད་ལྟའི་ང་ཚོའི་ཕྱི་ནང་གཉིས་སུ་རིག་གནས་ཀྱི་ངང་ཚུལ་ལྡན་པའི་དུས་རབས་ཀྱི་ཁྲོམ་ར་ཡོད་ན་མེད་ན་དེ་ཡང་རེད།
གཡར་རྩ་དགུན་འབུ་དང་། གཡག་ཤ་ལུག་ཤ། གཡག་ཀོ་ལུག་ལྦགས་ཀྱི་ཐོན་ལས་ཀྱང་མི་རིང་བར་འཆོར་རྒྱུ་རེད་ལ། ངའི་ཕ་ཡུལ་གྱི་ས་ཕྱོགས་ཁ་ཤས་ནས་ཤོར་ཟིན་ཏེ། མཚོ་ལྷོ་འབའ་རྫོང་གི་འབྲོག་ས་མང་པོ་ཞིག་གཞུང་བཞེས་བཏང་བའི་གསར་འགྱུར་གོ་ཐོས་ལྟར་ལ། བཙན་བྱོལ་ནས་དེའི་ཆེད་དུ་ཀི་རིང་པོ་ཞིག་འདེབས་མཁན་མ་བྱུང་བའང་ཤེས་གསལ་ལྟར་རོ། ། དེ་ལས་ལྷག་པའི་ཁྲོམ་ར་ཞིག་ང་ཚོར་མེད་དེ། ལོ་ངོ་སྟོང་ཕྲག་རིང་བེད་སྤྱད་ཅིང་མེད་ཐབས་གཏན་ནས་མེད་པའི་ཁ་བཏགས་དང་། ལྷ་སྐུ་སོགས་ཀྱང་ངེས་པར་དུ་གཞན་ནས་ཉོ་དགོས་པ་རེད། ལོ་སྔོན་མར་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམས་སྟོན་དང་ཉོ་ཚོང་གི་ཚོགས་འདུ་ཞིག་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ཁབ་དང་ས་གནས་མི་འདྲ་བ་དྲུག་ཅུ་ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་བོད་ཀྱི་ཚོང་བ་གཅིག་ཡོད། འདི་ལས་ཀྱང་སྙིང་ཁུང་སྟོང་སང་སིང་དུ་གཏོང་བའི་དོན་དག་ཅིག་སྟོན་གྱི་ཡོད།
ལོ་ཤས་སྔོན་དགུང་ལོ་བཞི་བཅུའི་ནང་སོན་པའི་བོད་ཀྱི་ཁེ་ལས་པ་ཞིག་གིས་བཤད་དོན། “ང་ལོ་ཆུང་ཆུང་སློབ་འབྲིང་དུ་འགྲོ་སྐབས་ནས་མགོ་ལོག་གི་འབྲོག་པ་ཚོས་དབྱར་རྩ་དགུན་འབུ་འཚོང་གི་འདུག ཇི་ལྟར་འཚོང་གི་འདུག་ཅེ་ན། ས་འོག་ནས་བཀོག་ཅིང། ས་ཤུན་ཕྱིས་རྗེས་ཐད་ཀར་སྲིང་བར་དུ་ཁྱེར་ཡོང་ནས་འཚོང་གི་འདུག དེ་བཞིན་དུ་ཀོ་པགས་འཚོང་གི་འདུག དེ་ཡང་ནོར་ལུག་བསད་རྗེས་ཀོ་པགས་དམར་པོ་སྲང་བར་དུ་ཁྱེར་ཡོང་ནས་འཚོང་གི་འདུག ད་ལྟ་ང་ལོ་ལྔ་བཅུར་ཟིན་ལ་ཉེ་མོད། མགོ་ལོག་གི་དབྱར་རྩ་དགུན་འབུ་དང་། ཀོ་ལྦགས་ཀྱི་ཚོང་བྱེད་ཚུལ་ལ་འགྱུར་ལྡོག་ཅུང་ཙམ་ཡང་མ་བྱུང་། མ་མཐའ་དབྱར་རྩ་དགུན་འབུ་བཅུ་ཚན་རེ་ཤོག་སྒམ་དུ་བླུགས་ཏེ་ཐུན་མོང་གི་ཚོང་ཁང་ཞིག་འཛུགས་ཐུབ་དབང་དུ་བཏང་རུང་རིན་གོང་ཅུང་ཇེ་མཐོར་འགྲོ་གི་རེད་ལ། མ་མཐའ་རང་གི་གོང་ཐང་རང་གིས་གཅོག་དགོས་ཐུག་གི་མ་རེད་མོད། དེ་འདྲ་གཏན་ནས་བྱུང་མ་སོང་། ད་ནི་ང་ཚོས་འགྱུར་བ་ཞིག་གཏོང་རན་རེད་” ཅེས་ཟེར། ངེས་པར་བདེན་ཏེ། མགོ་ལོག་མ་ཟད། བོད་ཡུལ་ཕལ་མོ་ཆེའི་ས་གནས་ཀྱི་ཐོན་རྫས་ཚོང་སྒྱུར་བྱེད་ཚུལ་དེ་འདྲ་རེད། དབྱར་ཀའི་ཡོང་འབབ་འཕྲལ་དུ་བརླགས་ཏེ་དགུན་མཇུག་ཏུ་སླེབས་དུས་ལག་གི་དངུལ་རྫོགས་ཤིང་ཁྱིམ་གྱི་ཟས་རྫོགས་ཏེ། བུན་ལོན་གྱི་འོག་ཏུ་འཛུལ་རྐྱང་བྱེད་ལ། སང་ལོ་སླར་ཡང་དབྱར་རྩ་དགུན་འབུ་ཡོད་ངེས་ལ་མེད་ཀྱང་གཡག་རྒན་ལུག་ཐོ་རེའི་རྐེ་ལ་ཞགས་ཐག་བསྐོན་པས་སླར་ཡང་ཟླ་བ་འགའ་བསྲིང་ཐུབ་པའི་འཆར་གཞི་སྒྲིག་བཞིན་ཡོད་པ་རེད། གནས་སྟངས་འདི་ནི་འབྲོག་ཕྱོགས་ཕལ་མོ་ཆེའི་གནས་སྟངས་ཡིན་ལ། རོང་ཕྱོགས་སུ་ཚོང་ལས་གཉེར་མཁན་རེ་མིན་ཕྱིན་སྤྱིར་བཏང་ནས་ཡོང་སྒོ་ཧ་ཅང་ཉུང་ཉུང་རེད། འདི་ནི་ད་ལྟའི་བོད་ཡུལ་ཁྱོན་ཡོངས་ཀྱི་ཁྱིམ་ཚང་གི་ཡོང་སྒོ་གསོག་སྟངས་དང་འཚོ་བ་རོལ་ཚུལ་རེད། ཁྱིམ་ཚང་ལ་དཔལ་འབྱོར་མེད་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་བེད་སྤྱོད་དང་གསོག་སྒྲུབ་ལ་ཁ་ཕྱོགས་མེད་པ་དེས་མི་རིགས་ཧྲིལ་བོའི་དཔལ་འབྱོར་གྱི་གནས་ཚད་དང་འཚོ་བའི་འཁོར་ཕྱོགས་ཡ་མ་བརླ་རུ་གྱུར་ཟིན་པ་རེད། མདོར་ན་ད་ལྟ་བོད་ལ་རྒྱ་སྒོར་དུང་ཕྱུར་ཅན་གྱི་ཁྱིམ་ཚང་ག་ཚོད་ཡོད་དམ། བྱེ་བ་ཅན་ག་ཚོད་ཡོད་དམ་ཞེས་པའི་དཔྱད་པ་ཞིག་བྱས་ན་གྲུབ་འབྲས་གང་འདྲ་སོན་ནམ། ངས་ནི་ཚོད་ཐིག་དཀའ་མོད། མཚམས་འདིར་ང་ལ་སླེབས་པའི་ཚོར་བ་ནི་ལྟོགས་སྣང་ཞིག་ལས་ཅི་ཡང་མ་རེད། དཔལ་འབྱོར་གྱི་རྨང་གཞི་མེད་པ་དང་། ཐོན་རྫས་ཀྱི་རིན་ཐང་ཤོར་བ་དེས་འཇིག་རྟེན་འདི་དང་ལྷག་པར་དུ་ད་ལྟའི་དུས་རབས་ལ་ལྟོས་ནས་བཤད་ན་འཆི་ལྟས་ངན་པ་ཞིག་དང་གཉིས་སུ་མ་མཆིས་སོ། །
ཁྲོམ་རའི་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་བྱ་བ་ཞིག་འཛམ་གླིང་དུ་རྒྱ་ཁྱབ་ངང་འཕེལ་བཞིན་ཡོད་མོད། རང་རེའི་དེང་རབས་པ་ཚོས་དང་ལེན་མི་བྱེད་པ་མ་ཟད། དུས་ཡུན་མི་རིང་བར་དེ་ལ་ཡང་མི་རིགས་ཀྱི་ངོ་བོ་མུ་མཐུད་དུ་ལྡན་མི་སྲིད། རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་མ་གཞི་ནས་མི་རིགས་སྒེར་པ་ཞིག་ལ་དབང་ཆོག་པ་ཞིག་མིན་པས་རེད།
སྐད་ཡིག་ལ་འཚོ་བའི་རིན་ཐང་བྲལ་བ་དེ་འཆི་ལྟས་གཉིས་པ་རེད།
ཉེ་བའི་ལོ་འདི་དག་གི་འཛམ་གླིང་འགྱུར་འགྲོས་སྤྱི་དང་། ཁྱད་པར་དུ་ཉིས་སྟོང་བརྒྱད་ཚུན་ཆད་དུ་བྱུང་བའི་འགྱུར་ལྡོག་ལ་བསམ་ཞིང་བསམ་བཞིན་དུ་ངའི་མགྲིན་སྒོར་འཚང་འོང་བ་ནི་ཐོས་པ་ཙམ་གྱིས་རྣམ་རྟོག་སློང་བ་ཞིག་སྟེ། བོད་ལ་ཐར་ལམ་མེད་ཅེས་པ་འདི་རེད། ཐར་ལམ་མེད་པའི་མངོན་རྟགས་གཙོ་ཆེ་ཤོས་དེ་ནི་རིག་གནས་ཀྱི་སྟེང་ནས་མངོན་གྱི་འདུག་ལ། ལྷག་པར་དུ་སྐད་ཡིག་གི་བླ་སྲོག་ནི་འཆི་བསླུ་བྱེད་དཀའ་ཚོད་དུ་ལྷུང་སོང་བ་དེ་ནི་ཐར་ལམ་མེད་པའི་ནད་རྟགས་གཙོ་བོ་དེ་རེད།
སྤྱིར་བཏང་ནས་ཀྱང་སྐད་ཡིག་གིས་མཚོན་པའི་རིག་གནས་དང་གོམས་སྲོལ་གྱི་ཆ་སྐོར་ཞིག་གིས་མི་རིགས་དང་མི་རིགས་ཀྱི་ཁྱད་པར་འབྱེད་ཀྱི་ཡོད་ལ། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པའང་ང་ཚོས་དུང་ཕྱུར་ལོངས་པ་ཞིག་བགྲངས་ཟིན་ཡོད། གལ་ཏེ་སྐད་ཡིག་གམ་རིག་གནས་ཀྱི་འབྱེད་ཆོས་དེ་མེད་སོང་ན་མི་རིགས་མི་རིགས་ཞེས་ཅི་ཙམ་བཟླས་ཀྱང་འགྲོ་སྡོད་སྤྱོད་གསུམ་གང་ན་ཡང་ངའི་མི་རིགས་ཀྱི་ཞེན་པ་ཕྲ་མོ་རེ་ལས་འབྱུང་དཀའ་ལ། ཡོད་པ་དེ་ཡང་ཆུ་ནང་གི་གཉེར་མ་ལྟར་འགྱུར་ལྡོག་རེ་གཉིས་ཀྱིས་གཏན་མེད་དུ་འགྲོ་ངེས་རེད། མི་རིགས་ལྔ་བཅུ་ང་དྲུག་ལ་བཀར་བའི་རྒྱ་ནང་གི་མི་རིགས་དེ་ཚོ་ནི་དཔེར་མཚོན་གསོན་པོ་དག་རེད།
རིག་གནས་གསར་བརྗེའི་རྗེས་ནས་འདས་པའི་ལོ་ཉི་ཤུ་ཙམ་ལ་བོད་ཀྱི་སྐད་ཡིག་གི་བསྟན་པ་ཅུང་དར་ཞིང་། ལྷག་པར་དུ་མཁས་པ་རྒན་རབས་པ་སྐོར་ཞིག་གི་འབད་རྩོལ་ལས་ཕལ་ཆེར་ལོ་རྒྱུས་ཐོག་མཐོང་དཀོན་པའི་དར་རྒྱས་བྱུང་བ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པའི་ཚོད་དུ་ཡོད།
གང་ལྟར་ཀྱང་། རིག་པ་ཅུང་ཟད་གུ་ཡངས་པོར་བྱས་ཤིང་རང་གི་ཉེ་འཁོར་གྱི་འགྱུར་བ་ལ་བསམ་བློ་ཅུང་ཙམ་གཏོད་ཐུབ་སོང་ན། རང་རེའི་ཉམ་ང་མཐའ་དག་རང་དབང་མེད་པར་མིག་ལ་འཆར་ནུས་ཤིང་། བོད་ལ་ཐར་ལམ་མེད་པའི་ནད་རྟགས་རྗེན་པར་མཐོང་ནུས་པ་ཡིན། ལྷག་པར་དུ་བརྒྱ་བརྒྱ་སྟོང་སྟོང་གི་མིག་གིས་འཚོ་ས་དང་ཡིད་ཀྱི་རེ་སར་གྱུར་པའི་མཐོ་བ་བཀའ་ཤག་ལས་ཁུངས་ནས། སྒྲིག་འཛུགས་ཆེ་ཆུང་ཁག ཆུང་བ་གཞི་ནས་སློབ་ཆེན་གྱི་ཐེམ་པ་རྡོག་པས་འཇལ་བཞིན་པའི་གཞོན་ནུ་ཚོའི་བར་ཞིབ་ལྟོས་ཐེངས་ཤིག་བྱས་ན་བོད་ཀྱི་རིག་གནས་སམ་བོད་ཀྱི་སྐད་ཡིག་གི་མ་འོངས་པ་ཤི་ཟིན་པ་མཐོང་ཐུབ་པ་ཡིན། འདི་ནས་གསལ་བོར་བརྡ་སྤྲོད་དགོས་པ་ཞིག་ནི། ང་ཚོའི་བཀའ་བློན་ནང་བོད་ཡིག་གི་འབྲི་རྩོམ་རང་མགོ་ཐོན་པ་དུ་ཙམ་ཡོད་པ་དང་། དེ་ནས་གཞོན་ནུ་ཚོགས་པའི་རྒྱུན་ལས་ཁྲོད་དང་། སློབ་ཕྲུག་ཚོགས་པའི་འགོ་གཙོ་རྒན་གཞོན། བུད་མེད་ཚོགས་པའི་འགན་ཁུར་བ་ཚོ་སོགས་སྤྱི་ཚོགས་ཆུང་ཆུང་འདི་རིམ་གྱིས་བཙགས་ཡོང་ན་དུས་རྒྱུན་དུ་ང་ཚོས་ལེན་བཞིན་པ་དེ་གླུ་ཚིག་མེད་པའི་དབྱངས་འགྲོས་སྟོང་བ་ཞིག་ཡིན་པ་གཞི་ནས་ཤེས་ངེས་རེད།
བཙན་བྱོལ་དུ་ཡོད་པའི་གསར་འབྱོར་རྩོམ་འབྲི་བ་ཚོས་རྒྱུན་གྱི་བཤད་ཚུལ་ཞིག་སྟེ། ཕྱི་ལོགས་ནས་བོད་ཀྱི་སྐད་ཡིག་བོར་སོང་
གདན་སའི་སློབ་གཉེར་ཉམས་ཆགས་སོང་ན་ཡང་སོང་རན་ལ་སླེབས་འདུག
དེ་ནི་ཆེན་པོ་ཚོས་ཡར་འཐེན་མར་འཐེན་བྱས་པའི་མཇུག་འབྲས་རེད། ལྷ་འདྲེ་བསྟེན་གསོལ་སྐོར་གྱི་རྙོག་གླེང་ལ་ལྟོས་དང་། རྒྱལ་བའི་ཡོངས་འཛིན་དང་ལམ་རིམ་གྱི་བསྟན་བདག་སོགས་གྱི་ལྷ་རུ་སྒྲུབ་པ་ཞིག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་གྲུབ་པ་བརྙེས་པའི་རྣལ་འབྱོར་དག་གིས་འདྲེ་རུ་འཛིན་ཚུལ་སོགས་ཀྱིས། གྲྭ་རྐྱང་ནུས་མེད་དག་མགོ་རྙོགས་ནས་ཅི་བྱེད་འདི་བྱེད་མེད་པར་བཟོས་པ་རེད། ད་དུང་ཆོས་དང་ཟིང་ཟང་གི་འབྲེལ་མཚམས་འུར་འཇོག་བྱས་ནས། བོད་ཀྱི་རྒྱལ་གླུ་དང་རྒྱལ་བའི་ཞབས་བརྟན་སོགས་འདོན་ཉན་མིན་བཅས་དང་ད་དུང་རྒྱལ་བ་རིན་པོ་ཆེ་བླ་མ་བསྟེན་ན་ཁྲི་བྱང་བླ་མ་རྒྱུད་པའི་བླ་མ་འགྲོ་མིན་དང་འགྲོ་ན་ཁོང་གི་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱིན་ཡོད་པས་དེ་ལ་ཆོས་ཀྱི་འབྲེལ་བ་བྱས་ན་དཀོན་མཆོག་སྐྱབས་འོག་བུད་མིན་སོགས་ཚང་མ་ཆོས་རྣམ་དག་ཞིག་བྱེད་སའི་ལམ་ཁ་དོགས་པོར་ཆགས་ནས་ཨ་ཆད་ཨུ་ཐུགས་ནས་ཡོད་དོ།།
སྤྱིར་དྲ་འབུ་ཚོ་ཐོན་མེད་ས་ཞིག་ཡོད་ནི་མ་རེད། འོན་ཀྱང་།དགོན་སྡེའི་ལམ་ལུགས་སྐོར་ནས་ཅིག་བཤད་ན་ཕལ་ཆེར་གཅིག་གཉིས་ཤིག་ལས་འོང་གི་ཡོད་པ་མ་རེད།དེས་ཅི་ཞིག་གསལ་བཤད་བྱས་འདུག།བཤད་དགོས་ནི་ཞིག་མ་རེད།དེ་མིན་ཆོས་དང་རིག་གཞུང་ལ་བསམ་བློ་མ་དཀར་བ་ད་ཡིན་ནི་མ་རེད་དེ།རང་རང་སོ་སའི་ཁ་ཐུག་གི་འཚོ་བ་དང་འབྲེལ་བསྡད་པ་ཞིག་ཡིམ་དུས་ཁོང་ཅག་ལ་ཡང་ཁག་ཡོད་ནི་མ་རེད།ཁ་སྔོན་ངས་ཀྱང་ཁ་ཞེ་གཉིས་མེད་ངང་དགོན་སྡེའི་སྒྲིག་ལམ་སྐོར་ནས་ཅིག་གླེང་ཁུལ་བྱས་མོད།མང་པོ་ཞིག་གིས་གླེང་གི་མི་འདུག།དེ་ནས་དེའི་རྒྱབ་ལྗོངས་ངས་ཤེས་སོང་།
བསྟན་འཛིན་ཤེས་རབ་ལགས་ཀྱིས་དྲ་འབུ་དག་ལ་བཀའ་སྐྱོན་གནང་བ་འདི་ཐད་ཀར་ང་ལ་ཡིན་མིན་ཅི་ཡང་རུང་། འོན་ཀྱང་ངས་གསལ་བཤད་ཞུ་རྒྱུ་ཞིག་ལ། ང་ཚོའི་སྤྱི་ཚོགས་སུ་ཆོས་ལུགས་ལ་དག་ཐེར་བྱེད་མཁན་གྱི་རྩོམ་པ་པོ་གདོང་སྟོན་ཐུབ་མཁན་ཞིག་དགོས་ན་མི་ཚེའི་ཁེ་དབང་ཕལ་མོ་ཆེ་བློས་གཏོང་ཐུབ་མཁན་ཞིག་དགོས་པས་མི་མཐའ་དག་དེ་འདྲའི་བློས་གཏོང་ཐུབ་མཁན་ཞིག་ག་ལ་ཡིན། གང་ལྟར་ཀུན་སློང་གཟང་ངན་ཅི་རིགས་ཀྱང་ཆོས་ལུགས་དང་དེ་བཞིན་ཆོས་སྡེ་དག་གི་ཞན་ཆ་ཕྲན་བུ་རེ་གླེང་སྐབས། ཁོ་ལྟ་ལོག་དང་རྒྱ་འདྲེའི་རྒྱུག་ཁྱི། བསྟན་དགྲ་དང་དམ་ཉམ། མེས་པོའི་སྲོག་གཅོད་སོགས་ཉེས་མེད་ཀྱི་ཞ་མོ་ནག་པོ་གྱོན་ཏེ་ཟ་དང་ཟུར་ནས་མཐོང་ཆུང་དང་བརྙས་བཅོས། དམའ་འབེབས་སོགས་རྟག་ཏུ་མྱོང་དགོས་པ་འདིས་ཅི་ཞིག་སྟོན་ཞིང་ཡོད། སྤྱི་ཚོགས་ཀྱི་གནས་བབས་གཞིགས་ཏེ་གསུངས་ན་ལེགས། ཁྱེད་ལྟ་བུ་ཉམ་ཆག་འགྲོ་བཞིན་ཡོད་ཀྱང་མེད་རབས་དང་སྤྱོད་ངན་ལུང་པ་གང་ཡོད་ཀྱང་ཐམས་ཅད་བཟང་རབས་བཤད་ཐུབ་མཁན་དག་ལ་སྤྱི་ཚོགས་ཀྱིས་གནོན་ཤུགས་འདི་མྱོང་དགོས་མེད་པ་མས་ཞལ་ཕྱིར་མངོན་ཀྱང་དཀའ་ངལ་ཅི་ཡང་མེད། ཁྱེད་ཀྱིས་གདན་སའི་དངོས་ཡོད་ཀྱི་གནས་སྟངས་མཁྱེན་བཞིན་དུ་འདི་ལྟར་བཤད་པ་འདིའང་ཆོས་ལུགས་དང་གདན་སར་ཞེན་ཆེ་བས་ཞལ་རྫུན་གསུངས་པ་ཡིན་ལ་འདིའང་འཐད་ལྡན་དུ་ཇི་ལྟར་ཁས་ལེན་ཐུབ། ངས་འདི་ལྟར་བཤད་པའང་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་དམིགས་ཚུལ་ཙམ་ཡིན་པས་ཀློག་པ་པོས་ཞིབ་འཇུག་གནང་རྒྱུའི་རེ་བ་ཆེ།
གོང་དུ་སྐུ་ཚབ་རྣམ་པས། སྦག་སའི་སྐབས་དང་ད་ལྟའི་གནས་སྐབས་གཉིས་ཀྱི་སློབ་གཉེར་གྱི་མཐུན་རྐྱེན་དང་འགལ་རྐྱེན་ལ་ཁྱད་པར་ཅི་ཡང་མེད་གསུངས་བ། ཅུང་ཙམ་ནོར་འདུག་སྙམ་དེ་གང་ཡིན་ཟེར་ན་སྔོན་གྱི་སྐབས་དང་ད་སྐབས་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གནམ་ས་ལྟ་བའི་ཁྱད་པར་ཡོད། འདི་ནི་མཐོང་བ་མངོན་གྱུར་ཡིན་ན་ཡང་སྐུ་ཚབ་རྣམ་པའི་ཐུགས་ཉམས་མ་བཞག་པ་ཡིན་རྒྱུ་རེད། གང་ལྟར་འདི་ལ་དུས་དང་རང་གཞན་གང་མང་ཞིག་ནས་དགེ་སྐྱོན་མང་པོ་ཞིག་ཁྱེར་ཡོང་ནས་ཉམས་རྒུད་དུ་འགྲོ་བཞིན་པ་དངོས་རེད། གཙོ་བོ་གང་ཟག་རང་ཉིད་ལ་ཡང་འདུ་ཤེས་བརྟན་པོ་ཞིག་དང་རང་ཚུག་དྲང་བོ་ཞིག་མེད་པའི་འགྲིག་མི་འདུག་བསམ་སོང་།
གྲོགས་པོ་རྣམ་པ། ཁྱེད་ཚོས་ཐ་ན་རང་ཉིད་ཀྱི་ངོ་གདོང་ཙམ་ཡང་སྟོན་མི་ཕོད་པར། དྲ་ངོས་ནས་གདན་སའི་སྟེང་རྒྱགས་གཏམ་སྨྲ་ནས་སྡོད་པ་ལས། རང་རང་སོ་སོས་ཡང་དག་པ་ཞིག་དང་རང་ཉིད་ཀྱིས་གང་བཤད་བཞིན་པ་དག་ལག་ལེན་ལ་བསྟར་ན་མ་རེད་དམ། དེ་མིན་སྤྲེའུ་རྣམས་ཀྱིས་མི་བཟུང་ནས་མཇུག་མ་མེད་པར་བཞད་གད་བྱེད་པའི་ཟློས་གར་དུ་ཉག་གཅིག་ཏུ་འདུག་ལ། ཉིད་ཅག་གིས་གཞན་མ་ཐུབ་ཀྱང་རུང་། ཆེས་མ་མཐར་ཡང་རང་སྟེང་ལ་ཞིབ་ལྟ་རེ་གནང་སྟེ། རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱིན་འདུག ཅི་ཞིག་ནུས་ཀྱི་འདུག་པ་བཅས་ལ་བསམ་བློ་གཏོང་རོགས་ཞུ་རྒྱུ་ཡིན་ལ། དེ་མིན་གཞན་མི་ལ་དྲ་འབུ་ཚོར་ཁ་སློང་ནས་སྡོད་པའི་སྤྲོ་བ་ཡོད་པ་མ་རེད་དོ། །
ཕྲག་དོག་དང་ཆོས་བརྒྱུད་ཞེན་ཁོག་གིས་ཀུན་ནས་བསླང་སྟེ་གཞན་གྱི་ཕུན་ཚོགས་ལ་སྡང་བ་ནི་རང་གིས་རང་ཉིད་ལ་མནར་གཅོད་གཏོང་བ་ལས་གང་ཡང་མིན་པས། རང་གི་ལུས་སེམས་རང་གིས་སྡུག་ལ་མ་གཏད་རོགས། སོ་སོས་སོ་སོ་ལ་ཀུ་ཡངས་ཞིག་གནང་རོགས།
སློབ་གཉེར་ཉམས་ཆགས་ལས་ཡར་རྒྱས་ལ་འགྲོ་བཞིན་ཡོད་པ་རེད་ཡིན་ནའང་སྲོལ་རྒྱུན་གྱི་སློབ་སྟངས་ཉམས་ཆགས་ལ་འགྲོ་བཞིན་འདུག་དེ་ནི་བཅོས་སུ་མེད་དུས་རབས་ཀྱི་འགྱུར་བ་རེད། སྤྱིར་སྟངས་དེང་སང་ཆོས་སྦྱང་ནས་གཞན་ལ་ཐར་ལམ་སྟོན་མཁན་ལས་ལོག་ལམ་སྟོན་མཁན་མང་བས་ཉམས་སོང་ནའང་དུས་ལ་བབ་པ་ཞིག་རེད་དོ།།
ད་ལྟའི་ཆར་གདན་ས་ཁག་ཏུ་སློབ་གཉེར་ཉམས་ཡོད་དམ་ཞེ་ན་ཡོད་ཟེར་ཆོག དེ་ནི་དུས་རབ་དང་མཉམ་དུ་མཚན་ཉིད་རིག་པའི་སློབ་སྤྱོང་སྦྲོད་མཐུབ་པའི་ལན་པ་རེད། དུས་རབ་འདི་ནི་ཚན་རྩལ་རིག་པ་ཧ་ཅིང་དར་བའི་དུས་ཞིག་ཡིན་པས་མི་ཚང་མའི་བདེ་སྡིག་འདི་ལ་བཅོལ་ཡོད་པ་འདྲ་བོ་ཡོད་ལ་དེ་འདྲ་ཞིག་ལ་ངོས་འཛིན་ཡང་བྱེད་བཞིན་པ་རེད། ང་ཚོའི་གདན་སའི་འགོ་ཁྲིད་མཁན་དག་གི་དུས་རབ་སྔོན་མ་དག་གི་འགྲོ་ཕྱོགས་ལས་གཞན་བློ་ཡིད་དུ་འཁོར་མི་སྲིད་པས་གནད་འགག་དེ་རེད། ཁོང་ཚོས་སྐབས་ཀྱི་སློབ་སྤྱོང་བྱ་སྟངས་ཏེ་ནི་རང་སྤྱོང་ཁོ་ན་ཡིན། སྐབས་དུས་སུ་དེ་རང་བྱེད་ཐུབ་གང་ཡིན་ཟེར་ན་བློ་གཡང་ས་མང་པོ་མེད་པས་དེ་འདྲ་བྱེད་ཐུབ་ལ་དེ་ཙམ་གྱི་སྤྱི་ཚོགས་ཡང་ཆག་ཡོད། འོན་ཀྱང་དུས་རབ་འདི་ལ་རང་སྤྱོང་ཙམ་གྱི་གཏན་ནས་ཡོང་ཐུབ་མེད། དེ་གང་ཡིན་ཟེར་ན་གཡང་ས་མང་དྲག་ནས་རང་བློ་རང་གི་ཉིད་ཀྱི་བེད་སྤྱོད་དཀའ། སྔོན་ཆད་ཀྱི་སློབ་སྤྱོང་བྱེད་ཚུལ་དེ་ལས་ཟློག་ཏེ་སློབ་སྤྱོང་སྦྲོད་དགོས། དུས་རབ་འདི་ལ་འཛིན་གྲྭ་རེ་རེའི་དཔེ་ཁྲིད་ཀྱི་དུས་ཚོད་གཅིག་གྱུར་དང་དགེ་རྒན་གཏན་ཁེལ་དགོས་པ་མ་ཟད་ལྟ་གཏོགས་ཡང་ནན་དན་དགོས་པ་དང་གཅིག རྩིས་འཁོར་དང་ལག་འཕྲིན་སོགས་གཡང་གཞི་དག་ལ་གཡང་བའི་དུས་ཚོད་མེད་པ་བཟོ་ཐུབ་ལ་འབད་ན་སློབ་གཉེར་ཡར་རྒྱས་འགྲོ་བ་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་དེ་ཁ་བཤད་ཙམ་ལས་ལག་ལེན་བྱེད་མཁན་མེད། རྒྱུ་མཚན་ནི་སྔོན་གྱི་སྲོལ་རྒྱུན་འཇོག་མ་ཐུབ་པས་རེད་ལ་དེ་ལས་གཞན་གདན་སའི་སློབ་གཉེར་གོ་སྒྲིག་བྱེད་སྟེངས་ཞིག་ཤེས་མཁན་གྱི་གདན་སའི་མགོ་འཛིན་པ་ཡང་མེ་པས་རེད། རྒྱུ་རྐྱེན་མང་པོ་རེད།
ང་དགུ་སྔོན་གྱི་ལྷ་རམས་དགེ་བཤེས་དང་།།
བརྒྱད་ཅུའི་རྗེས་ཀྱི་ལྷ་རམ་དགེ་བཤེས་གཉིས།།
བསྡུར་ནས་གཟིགས་དང་གནམ་སའི་ཁྱད་མེད་ན།།
ཉམས་རྒུད་མེད་པའི་སྒྲུབ་བྱེད་བཙན་ཤོས་ཡིན།།
ཉིན་མཚན་ཐོས་པར་བཏང་འདྲའི་ཚིག་ཕྲེང་གིས།།
ཡར་རྒྱས་འཕེལ་ཁ་སྟོན་ལ་བརྩོན་འདྲ་ཡང་།།
ཁྱིམ་པ་མཁས་པའི་ཤེས་ཡོན་མི་ལྡན་པའི།།
དགེ་བཤེས་སྣང་འདི་ཉམས་རྒུད་ཡིན་པར་མཐོང་།།
ཉམས་ལེན་གྲུབ་རྟགས་མེད་ཀྱང་མི་སྐྱོན་འདུག།
ཐོས་པའི་ཤེས་བྱའི་སྣུམ་ཞག་ལྡན་པའི་ཚོགས།།
གནས་སྟངས་རྒྱ་མར་བཏེགས་པའི་རྒྱ་གྲངས་ཤིག།
འཕེལ་ཞིང་མཇལ་རྒྱུ་བྱུང་ན་དགའ་བ་ལ།
དཔེ་ཁྲིད་དཔེ་ཀློག་དུས་ཚོད་བང་བསྒྲིགས་ནས།།
ཡར་རྒྱས་སྒྲུབ་བྱེད་འདི་འདྲ་འགོད་པ་ལས།།
བརྒྱད་ཅུའི་རྗེས་ཀྱི་མཁས་པ་ཚད་ཐུབ་གྲངས།།
གཅིག་ལ་གཉིས་སུ་བགྲངས་ན་ལྗིད་ཆེ་ག།
དྲ་གྲོགས་ནོར་མིང་ཅན་ངའི་བསམ་ཚུལ་ཕལ་ཆེར་མཐུན་བཞིན་འདུག འོན་ཀྱང་ངས་མཆན་གཞན་དུ་བཤད་ཟིན་པ་ལྟར་མི་ཚེ་ཕྱེད་ཀ་ཐར་པ་དོན་གཉེར་གྱི་སློབ་གསོ་མྱངས་མྱངས་ནས་རྒྱུད་ཇེ་རྩུབ་ཏུ་སོང་་བ་མིན་པར་མི་ཆོས་དང་ལྷ་ཆོས་རིག་གནས་གཉིས་ཀྱི་སློབ་གསོའི་ཆུ་ཚད་ཞན་པས་རེད་བསམ། ང་ཚོས་ལྟ་གྲུབ་ལྟ་གྲུབ་ཟེར་བ་ཙམ་ལས་ལག་ལེན་དང་སྦྱར་ནས་སློབ་མཁན་དང་སྦྱོང་མཁན་ཧ་ཅང་དཀོན། ང་ཚོ་ནི་ཐེག་ཆེན་པ་དང་མདོ་སྔགས་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་ཡོད་ཅེས་ཐ་ཚིག་མཐོན་པོ་སྒྲོག་བཞིན་ཡོད་ཀྱང་ལག་ལེན་གྱི་ཆ་ནས་ང་ཚོས་དམན་པར་བརྩི་སའི་ཐེག་དམན་པ་དག་ལས་ཧ་ཅང་སྐྱོ་འདུག ཐ་ན་མི་ཆོས་རིག་གནས་ཀྱི་སློབ་གསོ་ཅུང་ཟད་ཐེབ་པའི་མི་ཞིག་ཡིན་ན་འཇིག་རྟེན་འདིར་གཞུང་དྲང་ཞིག་དང་ཁྲེལ་ཡོད་པ་ཞིག་ཏུ་ངང་གིས་གནས་འདོད་ཀྱི་རེད་ལ་གང་ནུས་ཀྱིས་འབད་བརྩོན་ཡང་བྱེད་ཀྱི་རེད་བསམ། དེ་བཞིན་དྲ་གྲོགས་གདོང་གཡུ་ལོས་སྔོན་མ་སློབ་གཉེར་བྱེད་མཁན་ཁ་གྲངས་མང་པོ་མེད་ནའང་ཡོད་མཁན་དེ་དག་སྤུས་དག་པོ་རྐྱང་རྐྱང་ཡིན་ཟེར་བ་དེ་ངོས་ལེན་བྱེད་ཐབས་བྲལ། ཁྱེད་ཀྱིས་སྔོན་མ་ཟེར་བ་དེ་སྐབས་གང་ཞིག་ཏུ་ཟེར་བ་གསལ་པོ་མ་ཤེས་ཀྱང་བོད་ས་མ་ཤོར་གོང་ཡིན་དུ་རུང་ལ་ཕྱིས་སུ་ཡིན་ནའང་རུང་སློབ་གཉེར་བ་ཚང་མ་ཀུན་སྤྱོད་གཙང་མ་དང་སློབ་སྦཡོང་ཡག་པོ་རྐྱང་རྐྱང་ག་བ་ཡིན། དེ་བཞིན་གྲངས་ཀའང་སྔོན་བོད་དུ་ད་ལྟ་ལས་མང་བ་ཡོད། གསལ་བཤད་ཙམ་ཡིན
ང་ལ་མཚོན་ན། གདན་ས་གསུམ་གྱི་ཐད་ནས་སེམས་ཁྲལ་ཆེ་ཤོས་དང་བློས་རྟོགས་དཀའ་ཤོས་དེ་ནི། གདན་ས་གསུམ་གྱི་གྲྭ་བཙུན་ཚོས་མི་ཚེ་ཕྱེད་ཀར་ཐར་བ་དོན་གཉེར་གྱི་བསླབ་བྱ་དང་སློབ་གསོ་མྱངས་མྱངས་མཐར། འཇིག་རྟེན་དོན་གཉེར་གྱི་མི་སྐྱ་དག་ལས་ཀྱང་རྒྱུ་རྔམ་ཇེ་ཆེར་གྱུར་ཏེ་དགེ་བཤེས་ལྷ་རམས་པའི་ལག་ཁྱེར་འཕྱར་ཏེ། ཨ་ཤི་ཡ་དང་ཨ་རི། ཡུ་རོབ་སོགས་སུ་སྒོར་མོ་གསོག་ཞོར་དང་མཛེས་མ་བཙལ་ཞོར་བྱས་ཏེ། མཐའ་འུ་ཚང་གི་ལྷ་རམ་དགེ་བཤེས་དག་མགོ་རིལ་གྲྭ་བ་ནས་བླ་མ་རྫུན་མར་གྱུར་ཏེ། རིགས་མ་དང་རིགས་སྲས་སྐྱོང་མཁན་གྱི་སྐྱ་མིན་སེར་མིན་ཡ་མ་བླ་ཞིག་ཏུ་གྱུར་འགྲོ་བ་དེ་རེད། གདན་ས་གསུམ་གྱི་གྲྭ་བཙུན་ཚོས་མི་ཚེ་ཕྱེད་ཀར། སྡོམ་ཁྲིམས་ཉམས་ལེན་བྱས་བྱས་མཐར་ཀུན་སྤྱོད་ཇེ་རྩུབ་ཏུ་གྱུར་ཏེ། འགྲོ་བ་རིགས་དྲུག་ཕར་ཞོག་ཕར་ཞོག རང་གི་ཁེ་དོན་གྱི་ཆེད་དུ་གཞན་གྱི་བདེ་སྡུག་དང་མི་རིགས་ཀྱི་ལས་དབང་སྣང་མེད་དུ་གཡུགས་ཏེ། ཐ་ན་ཨ་རིའི་གཞུང་ཚབ་ཁང་གི་ཤེལ་སྒོའང་གཏོར་འགྲོ་བ་དེ་རེད། དངོས་གནས་ཡ་མཚར་རེད།
མ་གཞི། སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ནི། མི་ཐ་མལ་བ་གདུག་སྤྱོད་ཆགས་སྡང་ཅན་ཞིག་གིས་རྣ་ལ་ཐོས་ཤིང་སེམས་ལ་སིམ་རྗེས། གང་ཟག་གང་ཉིད་ཞི་དུལ་བག་ཕེབས། རང་ལས་གཞན་གཅེས་ཅན་ཞིག་ཏུ་འགྱུར་དགོས་པ་ཞིག་ཡིན་མོད། འུ་ཅག་བོད་པ་ཚང་གི་གྲྭ་བཙུན་ཚོར་རྒྱུ་རྐྱེན་ཆོས་ཉིད་ལས་ལྡོག་པའི་འབྲས་བུ་རྐྱང་སྨིན་བཞིན་པ་འདི་ནི་དངོས་གནས་ཡ་མཚན་པོ་དང་དོགས་མི་བདེ་བ་ཞིག་རེད།
གནད་དོན་འདིའི་རྩ་བ་གང་ལ་ཐུག་ཡོད་མེད་ཚང་མས་དོ་སྣང་དང་། ལྷག་པར་དུ་གདན་ས་ཁག་གི་གནད་ཡོད་འགན་ལེན་པ་ཚོས་བསམ་གཞིགས་གནད་དུ་སྨིན་པ་ཞིག་བཏང་སྟེ། ཐབས་ཤེས་ཟུང་གི་སྒོ་ནས་སྐྱོན་འགོག་ལེགས་སྤེལ་གྱི་ལམ་བུ་ཞིག་སྔ་ས་ནས་མ་བཙལ་བ་ཡིན་ན། རྗེས་མ་གདན་ས་གསུམ་གྱི་གྲྭ་བ་རྣམས་ནི་མི་ཚང་མས་མགོ་འཕྲེད་དུ་གཡུགས་ཡུལ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག
སྐབས་འདིར་༸གོང་ས་མཆོག་གི་ཐུགས་འཚབ་ཆེན་པོས་གདན་ས་ཁག་གི་ནང་དུ་སློབ་གཉེར་ཉམས་ཆག་ཕྱིན་པ་དེར་གསོ་ཐབས་ཀྱི་དགོངས་ཚུལ་གླེང་བ་ནི། རྒྱུན་དུ་གདན་སའི་ནང་གི་དགེ་བཤེས་དང་ལས་སྣེ་མགོ་འཁྲེགས་པ། སྤོབས་པ་དང་ང་རྒྱལ་ཆེན་པོས་སློབ་གཉེར་ཉམས་མེད་རབས་སྒྲོག་མཁན་དག་ལ་སློབ་གསོ་སྟེར་བ་ཞིག་ཏུ་ངོས་འཛིན་ཡོད། སངས་རྒྱས་དངོས་ཀྱིས་ཐུགས་འཚབ་གནང་སྐབས་མཚམས་གཉན་འཕྲང་ཞིག་ཏུ་སླེབས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ད་དུང་མགོ་འཁྲེགས་མདོག་བྱེད་ནས་མ་འདུག་པར་ཕྱོགས་གང་ལ་ཉམས་ཡོད་མེད་བརྟག་དཔྱད་གནང་ན་མི་ལེགས་སམ།
ཉམས་མུས་འགྲོ་བཞིན་ཡོད་པ་མཐོང་མཐོང་ལ་ད་དུང་ཨུ་ཚུགས་ཀྱིས་ཁ་སྤོབས་སྒྲོགས་ན་དེ་ནི་བསྟན་པ་སྙིང་ནས་མ་ཤ་ཚ་བའི་སྐད་ཆ་མ་རེད་དམ།
སློབ་གཉེར་ཉམས་འགོ་ག་དུས་བཙུགས་པ་རེད་ན
དགོན་པའི་སྐུ་དྲག་རྣམས་དུས་རྒྱུན་ནས་བསམ་ཞིབ་གནང་ས་དང་བློ་རིག་སྒྲིམ་ས་དེ་དགོན་པའི་དཔལ་འབྱོར་དང་སྤྱིན་བདག་ཇི་ལྟར་འཚོལ་སྒྲུབ་བྱེད་དགོས་མིན་གྱི་ཐོག་ལ་ཤི་འཐམས་རོ་འཐམས་བྱེད་པ་དུས་ནས་བཟུང་རེད། ད་དུང་ཡང་དེ་ཕྱོགས་སུ་བསམ་བློ་གཏོང་རྒྱུ་ལས་དགོན་པའི་སློབ་གཉེར་ཅི་ལྟར་ཡར་རྒྱས་གོང་སྤེལ་དང་འཐུས་ཚང་གཏོང་དགོས་མིན་གྱི་སྐོར་ལ་མནོ་བསམ་ཁྱོན་ནས་གཏོང་གི་མེད་ཚོད་རེད། དེའི་ཕྱིར་དགོན་པའི་སློབ་གཉེར་ལ་ཉིན་མཚན་དུས་དྲག་ཏུ་འབད་བརྩོན་བྱེད་ཀྱིན་པའི་སློབ་གཉེར་མང་ཤོས་ཤིག་གིས་དགོན་པའི་སློབ་གཉེར་གོང་སྤེལ་དང་འཐུས་ཚང་དུ་གཏོང་དགོས་པའི་བསམ་ཚུལ་བཏོན་གྱིན་ཡོད་མོད། ཡིན་ཡང་དེ་ལྟར་བཤད་ན་དགོན་པའི་སྐུ་དྲག་རྣམས་ཀྱིས་དགོན་པའི་ལས་གནས་དང་དགོན་པ་ལ་ཁ་རྡུང་གཏོང་གི་འདུག་ཞེས་ཕྱིར་བུད་དུ་གཏོང་བའམ་ཉེས་ཆད་ཕོག་གི་རེད། དེར་བརྟེན་དགོན་པའི་སློབ་གཉེར་བ་རྣམས་ཀྱི་བསམ་ཚུལ་དེ་དག་རིམ་བཞིན་༧གོང་ས་མཆོག་གི་སྙན་ལམ་དུ་སོང་བར་བརྟེན་དེང་སྐབས་དགོན་པའི་སྐུ་དྲག་རྣམས་ཁོང་ཁྲོ་ཟ་བཞིན་ཡོད་བ་རེད། ཁོ་ཚོས་ནམ་རྒྱུན་ནས་༧་གོང་ས་མཆོག་ལ་དགོན་པའི་ལེགས་ཆ་རྐྱང་རྐྱང་སྙན་སེང་ཞུ་རྒྱུ་ལས་དགོན་པའི་སྐྱོན་ཆ་དང་འཇིགས་ཉེན་སྐོར་ཞུ་མྱོང་མེད། དེ་ནི་ཁོ་ཚོ་༧ཁོང་གི་མདུན་དུ་འོད་ལམ་ལམ་དུ་སྡོད་དགོས་པས་རེད།
གདན་ས་ཁག་སློབ་གཉེར་གནང་སའི་བསྟི་གནས་གཙོ་བོ་ཞིག་རེད། ཅི་ཞིག་སློབ་ཞིང་གཉེར་བ་རེད་ན་སྡེ་སྣོན་གསུམ་ལ་སློབ་ཞིང་དེའི་བརྗོད་བྱའི་གཙོ་བོ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་དོན་དུ་གཉེར་དགོས་པ་རེད། དེ་གཉིས་ལ་ཁ་ཞེ་གཉིས་མེད་དང་དོན་དམ་པའི་སློབ་གཉེར་ཞིག་རྒྱུན་ཆགས་སུ་གནང་གི་ཡོད་ན་གདན་སའི་སློབ་གཉེར་ཉམས་མུས་སུ་འགྲོ་ཀི་འདུག་ཞེས་ངུ་འབོད་བྱེད་ཅི་དགོས། སྡེ་སྣོན་གསུམ་གྱི་ཚིག་སྐམ་པོ་ཙམ་ཞིག་དང་དེ་ཡང་རང་ཉིད་གྱི་ཡིག་ཆ་ལ་ཞེན་ཁོག་རི་འདྲ་ཞིག་བཟུང་ནས་ཉིན་མཚན་གཏོང་བཞིན་པ་ལས་དོན་དམ་པར་རང་རྒྱུན་དག་འཇམ་དང་ལེགས་བཅོས་གྱི་སློབ་གཉེར་ཞིག་གནང་གི་མེད་པ་ཁ་གཅིག་གྲགས་རེད།
དེར་བརྟེན་༧གོང་ས་མཆོག་གི་བཀའ་ནན་མོ་འཕེབ་དོན་ཡང་སློབ་གཉེར་ཅི་ཙམ་རྒྱབ་པ་དེའི་ཚོད་ཀྱིས་རྒྱུད་ཇེ་གྱོང་དང་སེམས་ཇེ་ངན་དུ་འགྲོ་བཞིན་པ་གཟིགས་རྟོགས་ཀྱིས་གནང་བ་ཞིག་རེད།
མདོར་དེད་ན་གདན་ས་ཁག་གི་ལུང་རྟོགས་གཉིས་ཀའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཉག་ཕྲ་བ་གྱུར་འདུག དེ་ལས་ཀྱང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཤུན་ཏུ་ནས་དཀོན་པོ་རེད། ལུང་གི་བསྟན་པ་ཡང་ལྟ་བུ་མཚོན་ན་ཡང་སྔར་ལས་ཇེ་ཉམས་སུ་སོང་ཡོད་པ་རེད།་སྔོན་མ་རྗེ་བླ་མ་ཙོང་ཁ་བའི་གསུང་རབ་གང་འཁྲིད་དགོས་ན་ལག་ཐོག་མི་དགོས་པ་ཡོད་བ་རེད། དེང་སྐབས་གདན་ས་ནང་དུ་དེ་དག་སྤུས་ལེགས་ཁྲིད་ཐུབ་མཁན་ཉུང་ཉུང་རེད། རྗེ་བླ་མའི་དབུ་མའི་སྐོར་གྱི་བསྟན་བཅོས་དེ་དག་ཆ་ཚང་བ་སྤུས་ལེགས་དང་འཐུས་ཚང་ཞིག་ཁྲིད་ཐུབ་མཁན་ཕལ་ཆེར་དཀོན་པོ་རེད། གལ་སྲིད་དེ་འདྲ་ཞིག་ཡོད་ན་འོད་སྡེར་ལས་མཐོང་རྒྱུ་ཡོད་བ་ལས་གང་ཡང་ཡོད་བ་མ་རེད། སྔོན་མ་གདན་ས་ནང་དུ་གོང་གཞུང་དེ་དག་སྤུས་ལེགས་ཁྲིད་མཁན་གང་མང་མང་རེད། སློབ་གཉེར་གནང་མཁན་གནང་གྱི་གྲྭ་བའི་ཁ་གྲངས་མང་བས་སློབ་གཉེར་ཉམས་མུས་སུ་འགྲོ་བཞིན་མེད་པ་སུས་ཀྱང་བཤད་མི་ཕོད། སྔོན་མ་སློབ་གཉེར་བྱེད་མཁན་ཁ་གྲངས་མང་པོ་མེད་ན་ཡང་ཡོད་བ་དེ་དག་སྤུས་དག་པོ་རྐྱང་རྐྱང་རེད།
སློབ་གཉེར་ཉམས་མུས་འགྲོ་བའི་རྟགས་མཚན་གཙོ་བོ་ལྔ
༡ སློབ་གཉེར་བ་རྣམས་གྱི་སློབ་གཉེར་གྱི་འདུན་པ་ཇེ་ཞེན་དང་སློབ་གཉེར་ལ་འབད་བརྩོན་ཇེ་ཆུང་ནས་ཇེ་ཆུང་།
༢ སློབ་གཉེར་བ་རྣམས་ཀྱི་རྩོད་ཤུགས་ཇེ་ཆུང་ནས་ཇེ་ཆུང་དང་བརྒལ་བརྟགས་ཇེ་ཉུང་ནས་ཉུང་།
༣ སློབ་གཉེར་བ་རྣམས་ཀྱི་དཔེ་གློག་གི་འཁོར་རྒྱུགས་ཇེ་ཞེན་དང་དཔེ་གློག་གི་དུས་ཡུན་ཇེ་ཐུང་ནས་ཇེ་ཐུང་།
༤ སློབ་གཉེར་བ་རྣམས་ཀྱིས་གཞུང་དོན་གྱི་གོ་བ་ཇེ་ཆུང་ནས་ཇེ་ཆུང་དང་སློབ་གཉེར་གྱི་དམིགས་བརྟན་ཇེ་དོག་ནས་ཇེ་དོག
༥ སློབ་གཉེར་བ་རྣམས་གྱི་གཞུང་དོན་གྱི་ངེས་ཆ་ཇེ་སྡུག་ནས་ཇེ་སྡུག་དང་གཞུང་དོན་གྱི་དཀའ་གནད་གྲོལ་བའི་བསམ་བློའི་རྣོ་ངར་ཇེ་ཞེན་ནས་ཇེ་ཞེན
ད་དུང་མང་པོ་ཡོད་བ་རེད་རེ་ཞིག་དེ་ཙམ་ཡིན།
བདག་གིས་མཐོང་ཕྱོགས་སུ་དུས་རབས་དང་འཛམ་གླིང་གི་འགྱུར་བ་བཞིན་གདན་ས་ཁག་ལ་ཡང་འགྱུར་བ་ཞིག་ཐེབས་བཞིན་ཡོད་པ་མཐོང་། དཔལ་འབྱོར་ཇི་ཙམ་བཟང་ན་སློབ་གཉེར་ལ་བར་ཆད་དེ་ཙམ་ཡོང་བཞིན་ཡོད་པ་དེ་སྤྱི་ཚོགས་གང་སར་རང་བཞིན་ཞིག་ཡིན་པ་བཞིན། དེང་སང་གདན་ས་ཁག་འགའ་ཤས་ལ་དངུལ་ཕྲན་བུ་རག་དུས་གུང་གསེང་དང་ཡར་མར་འགྲོ་རྒྱུག་མང་བ་བྱེད་དགོས་ཀྱི་ཡོད། ད་དུང་ཡང་ཁ་པར་དང་ཀློག་ཀླད་སོགས་ལ་རྩེ་མོར་གཡེང་མཁན་ཇེ་མང་ལ་འགྲོ་བཞིན་ཡོད། དེར་བརྟེན་གྲྭ་ཚང་ཁྱོན་ཡོངས་ནས་འཐུས་ཤོར་ལ་འགྲོ་རྐྱེན་ཞིག་མེད་ནའང་སྒེར་སོ་སོ་ནས་འཐུས་ཤོར་ལ་འགྲོ་རྐྱེན་ཇེ་མང་དུ་སྣང་། འོན་ཀྱང་གདན་ས་ཁག་ལ་སློབ་གཉེར་གྱི་ཉམས་ཆག་ཤུགས་ཆེར་འགྲོ་བ་མ་མཐོང་། སྒྲིག་ཁྲིམས་ཡང་སྔར་རྒྱུན་ལས་འཐུས་ཤོར་དུ་སོང་མེད་པ་མ་ཟད་ཇེ་བཟང་དང་འཐུས་སྒོ་ཇེ་ཚང་ལ་འགྲོ་བཞིན་ཡོད་པར་སྣང་། དཀའ་ངལ་ཆེ་ཤོས་ཞིག་ནི་གྲྭ་བརྒྱུན་ཡོང་མཁན་ཇེ་ཉུང་ལ་འགྲོ་བཞིན་པ་དེ་རེད། མུ་མཐུད་དེ་གསར་ཞུགས་མཁན་ཇེ་དཀོན་ལ་སོང་ན། མགོ་དང་པོ་འཛིན་གྲྭ་འོག་མ་རྩ་སྟོང་འགྲོ་སྟེ་དགེ་འདུས་ཀྱི་སྡེ་རིམ་བཞིན་སྟོང་འགྲོ། དེ་ནས་རིམ་བཞིན་འོ་སྐོལ་མི་རིགས་ཀྱི་བླ་སྲོག་ཀ་སོགས་སོ་བཞི་རྟེན་གཞི་བོད་བརྒྱུད་ནང་བསྟན་གུད་ནས་རྒུད་དུ་འགྲོ་སྟེ་དབྱངས་གསལ་སོ་བཞི་བཀོལ་སྤྱོད་མེད་པ་འགྱུར་ཉེན་ཆེའོ།
གདན་སའི་སློབ་གཉེར་ཉམ་བཞིན་ཡོད་པ་དངོས་ཡོད་རེད། འོ་ན་དེ་སུར་ལེན་ཅེས་དྲིེས་ན་སྣ་ཚོགས་ཤིག་ཡོད་པར་སྣང་། བརྡ་འཕྲིན་སོགས་དར་སྟེ་ཡོད་ཚད་དེང་རབས་ཀྱིས་དབང་བསྒྱུར་བཞིན་པའི་སྐབས་འདིར་གཞོན་སྐྱེས་སློབ་གཉེར་བ་མང་པོའི་ཁ་འདིར་ཕྱོགས་ཏེ་དུས་ཚོད་གཏོང་བཞིན་ཡོད་ལ་ཚོགས་དང་ཆོས་ར་སོགས་འགྲིམས་ཀྱང་ཁྲལ་གྱི་ཚུལ་ལས་ཡང་དག་པ་ཞིག་ཡོང་གི་མེད། དེ་བཞིན་མང་པོ་ཞིག་ནི་དགེ་བཤེས་སོགས་ཀྱི་མཚན་བྱང་ཙམ་ལ་བརྔམས་ཏེ་རྒྱུགས་འབྲས་ལ་གཙོ་བོར་དམིགས་པ་ལས་གཞུང་དོན་གོ་རྒྱུ་གཙོ་བོར་འཛིན་བཞིན་མེད་པ་དག་ཀྱང་དེང་རབས་དཔལ་འབྱོར་ལམ་ལུགས་ཀྱི་འོག་ཏུ་ཤོར་བཞིན་ཡོད། དེ་བཞིན་ཆོལ་ཁ་དང་ཆོས་ལུགས་དབུ་མ་དང་རང་བཙན་སོགས་ཁྱིམ་པ་ཕོ་མོ་ལས་ཚོར་བ་རྣོན་པོ་ཡོད་པ་འདིས་ཀྱང་སྲིད་དོན་ཤན་ཆེན་པོ་ཞུགས་བཞིན་ཡོད་པ་གསལ་པོ་རེད། མདོར་བསྡུས་ནས་བཤད་ན་སློབ་གཉེར་བའི་བརྒྱ་ཆ་དགུ་བཅུའི་ཡས་མས་་སྔ་ཕྱི་ཙམ་ལས་མཐར་ཐུག་གི་ཁ་ཕྱོགས་དེ་ནུབ་ཕྱོགས་དང་ཐེ་ཝན། རྒྱ་ནག་དང་སིང་གྷ་པོར་སོགས་གཏོད་བཞིན་པ་འདིས་ཀྱང་སློབ་གཉེར་འདི་འཕྲལ་སེལ་ལམ་མི་ཚེ་འདིའི་ཐོབ་བྱ་གཙོ་བོ་འཛིན་བཞིན་པའི་རྣམ་པའང་ཞ་དང་ཞོར་ནས་ཉིན་རེ་བཞིན་ཇེ་མངོན་རེད། གདན་སར་ཚན་རིག་སྦྱོང་སྐབས་སློབ་དེར་ཟུར་དུ་མེད་ཀྱང་དགེ་རྒན་གྱིས་ཉིན་རེ་བཞིན་སློབ་ཚན་བཀོད་སྒྲིག་བྱེད་པ་ཕལ་ཆེར་ནུབ་ཕྱོགས་པའི་འཛིན་གྲ་འཚོགས་སྟངས་འདི་འདྲ་ཡིན་བཟོ་འདུག ང་ཚོ་འདྲ་བའི་སློབ་དེབ་དང་ཕྱག་དཔེ་སོགས་མང་པོ་མེད་པར་ཉིན་རེ་བཞིན་སློབ་ཕྲུག་གི་རྣམ་དཔྱོད་ལ་གཞིགས་ནས་དགེ་རྒན་གྱིས་བཀོད་བསྒྲིགས་གནང་བཞིན་ཡོད་འདུག གལ་སྲིད་དགོས་ངེས་ཀྱི་སློབ་དེབ་ཡིན་ན་གྲ་ཚང་ཁག་དང་འབྱོར་ལྡན་གྱི་བླ་བྲང་ཁག་གིས་དེ་ཙམ་གྱིས་མཐུན་རྐྱེན་མི་སྦྱོར་བ་ཐབས་སྐྱོ་བོ་རེད། ལོ་རབས་བདུན་བཅུ་དང་བརྒྱད་བཅུ་དེ་གར་ཡིན་ན་ཐུགས་ཁག་མེད་ཀྱང་དེང་སང་གདན་ས་ཁག་དང་བླ་བྲང་མང་པོར་དངུལ་མང་ནས་ཉར་མི་ཐུབ་པའི་དཀའ་ངལ་ལས་དངུལ་མེད་པའི་དཀའ་ངལ་མེད་པས་འདི་ཙམ་གྱིས་མཐུན་རྐྱེན་སྦྱར་མ་ཐུབ་ན་དངུལ་གྱི་ཅི་ཕན། དེ་བཞིན་སློབ་གཉེར་བ་རང་ཉིད་ཀྱང་ཁ་པར་སོགས་དེང་རབས་ཀྱི་འཕྲུལ་ཆས་གོང་ཆེན་རེ་ཉོ་མཚམས་བཞག་སྟེ་མ་དེབ་དེ་དཔར་གློག་འདྲ་བརྒྱབ་ན་མ་འགྲིགས་པ་ཅི་ཡོད། འདི་ཙམ་གྱི་མཐུན་རྐྱེན་མེད་པ་སློབ་གཉེར་བ་རེ་ཟུང་ཙམ་རེད། ངས་ཞུ་འདོད་པ་ནི་དུས་ཚོད་དང་བསྟུན་ནས་སློབ་སྦྱོང་སྤྲོད་དགོས་པ་ལས་ཚོགས་དང་ཆོས་ར་དཔེ་ཁྲིད་སོགས་ཉིན་གང་པོར་ལས་རིམ་བསྒྲིགས་ཀྱང་ལུག་རྫི་རྒས་པོས་ཞོགས་པ་ལུག་རིར་འཚོས་དགོང་དྲོ་ལྷས་ལ་ཕབ་པ་ལྟ་བུའི་སྲོལ་རྒྱུན་གྱི་ལམ་ཁ་གཅིག་པོས་ཡོང་བཞིན་མེད་པ་གསལ་པོ་རེད། ལས་ཀྱི་སྣེ་མོ་ལ་དེང་རབས་དང་སྲོལ་རྒྱུན་གཉིས་ཀར་ཆ་རྒྱུས་ཡོད་པའི་མི་བསྐོ་འཇོག་དགོས་ལ་དཔལ་འབྱོར་ཡང་ཁང་རྩེགས་མཐོན་པོ་རྒྱག་པ་ལྟ་བུ་མ་ཡིན་པར་གོང་གི་དཔེ་མཚོན་ལྟར་དེབ་སོགས་སློབ་གཉེར་བའི་མཐུན་རྐྱེན་གཙོ་བོ་སྦྱར་དགོས། ངས་གོ་ཐོས་ལ་གདན་ས་ཁག་ཏུ་ཕྱག་མཛོད་དམ་ལས་སྣེ་གསར་རྙིང་སྐབས་ལས་རྒྱུན་རིང་དོན་ཕན་ལྡན་པའི་ཕྱག་ལས་གནང་ཡོད་མེད་ལ་མི་ལྟ་བར་ཁེ་བབ་བམ་ལྷག་ཡོད་དངུལ་གྱི་ཁ་གྲངས་ཇི་མང་ལ་སྦིར་བསྒྲགས་བྱེད་བཞིན་ཡོད་འདུག འདི་ནི་སློབ་གསོས་ཕོངས་པའི་རྟགས་མཚན་སྐྱོ་དགོས་པ་ཞིག་རེད། གལ་སྲིད་ངས་གོ་བ་འདི་བདེན་ན་ལྷ་ཆོས་ལྟ་ཞོག་མི་ཆོས་རིག་གནས་ཀྱི་སློབ་གསོའི་གནས་ཚད་ཀྱང་སྐྱོ་བོ་ཡིན་པ་སྟོན་བཞིན་འདུག གང་ལྟར་སློབ་གསོ་ཟེར་བ་འདི་ཧ་ཅང་གི་གལ་ཆེ་བས་སློབ་གསོར་མཁས་པའི་མི་སྣ་གདན་འདྲེན་ཞུས་ཏེ་གནད་དུ་འཁེལ་བའི་སློབ་གསོ་རེ་གཏོང་རྒྱུ་གལ་ཆེ། དཔེ་ཁྲིད་སྐབས་ང་དང་ཁྱོད། ཁ་དང་སྣ། ཀ་བ་དང་བུམ་པ་ཟེར་བ་ཙམ་མ་ཡིན་པར་འཛམ་གླིང་ཐུན་མོང་གི་མི་ཆོས་རིག་གནས་ཀྱི་སློབ་གསོའི་རྨང་གཏིང་ནས་དེ་ནས་ཐེག་པ་རིམ་འཛེགས་གནང་ན་བརྡབ་སྐྱོན་གོད་ཆག་མེད་པར་གང་མཚམས་ཀྱིས་ཁང་ཐོག་ཏུ་བགྲོད་ཐུབ་པའི་རེ་བ་འདུག ད་དུང་བསམ་ཚུལ་མང་ཡང་དུས་ཀྱི་རྐྱེན་པས་འདི་ཙམ་ཡིན། གོང་དུ་བྲིས་པ་ནི་རང་གི་བསམ་ཚུལ་ཙམ་ཡིན་པས་ནོར་འཁྲུལ་བྱུང་ན་དགོངས་དག་ཞུ།