དེ་རིང་གཟའ་ཕུར་བའི་ཉིན་བཞུགས་སྒར་བོད་ཀྱི་བདེ་རྩ་ཚོགས་པས་ཁྲག་སྦྱིན་རུ་ཁག་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཏེ། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་ཁྲག་གི་དཀའ་ངལ་འཕྲད་པའི་ནད་པ་རྣམས་ལ་ཁྲག་སྦྱིན་གཏོང་རྒྱུའི་ལས་གཞི་གསར་བ་ཞིག་མགོ་འཛུགས་གནང་སོང་།
དེ་རིང་ཕྱི་ཚེས་ ༡༤ ཉིན་སྟེ། འཛམ་གླིང་ཁྲག་སྦྱིན་ཉིན་མོ་དང་སྟབས་བསྟུན་ཏེ། བོད་ཀྱི་བདེ་རྩ་ཚོགས་པས་ཁྲག་སྦྱིན་རུ་ཁག་དབུ་འབྱེད་ཀྱི་མཛད་སྒོ་ཞིག་བཞུགས་སྒར་བོད་ཀྱི་བདེ་རྩའི་ལས་ཁུང་དུ་གོ་སྒྲིག་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་རྡོ་རྗེ་དང་། བོད་ཀྱི་བདེ་རྩ་ཚོགས་པའི་ཚོགས་གཙོ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས། དེ་བཞིན། ཕྱི་རྒྱལ་གྱི་སྐུ་མགྲོན་དང་བཞུགས་སྒར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཁྲག་སྦྱིན་རུ་ཁག་གི་དང་བླངས་ཁྲག་སྦྱིན་པ་བཅས་མི་གྲངས་ ༢༠༠ མ་ཟིན་ཙམ་འདུ་འཛོམས་བྱུང་འདུག་ལ། སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་རུ་ཁག་གི་ཁྲག་སྦྱིན་པ་ཐོག་མ་རྣམས་ལ་ངོ་སྤྲོད་ཕྱག་འཁྱེར་ཕུལ་སོང་།
དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་བདེ་རྩ་ཚོགས་པའི་ཚོགས་གཙོ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། བོད་ཀྱི་བདེ་རྩ་ཚོགས་པས་ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་ཁ་ཚ་དགོས་གཏུགས་དང་། ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྣ་མང་ཞིག་མགོ་འཛུགས་མཇུག་སྐྱོང་གནང་ཡོད་པ་དང་། ཐེངས་འདིར་ཁྲག་སྦྱིན་རུ་ཁག་གསར་འཛུགས་ཀྱིས་མི་མང་ཉམ་ཐག་སྐྱོ་བོ་དང་ནད་གཅོང་དཀའ་ངལ་ཅན་གྱི་རིགས་ལ་ཁྲག་སྦྱིན་གཏོང་བའི་ལས་དོན་བཅས་ལ་བསྔགས་བརྗོད་དང་། བོད་ཀྱི་བདེ་རྩ་ཚོགས་པའི་ངེས་སྟོན་པ་ཚེ་རིང་དོན་འགྲུབ་ལགས་ཀྱིས། བོད་ཀྱི་བདེ་རྩ་ཚོགས་པའི་ད་ལྟའི་བར་གྱི་ལས་གཞི་ངོ་སྤྲོད་དང་འབྲེལ་ཏེ། བོད་ཀྱི་བདེ་རྩ་ཚོགས་པའི་ཁྲག་སྦྱིན་རུ་ཁག་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ། སྤྱི་ཚོགས་ནང་ཉེན་ཚབས་ཅན་གྱི་ནད་པ་མང་པོ་ཞིག་ལ་ཁྲག་མ་རག་པའི་དཀའ་ངལ་བྱུང་སྟེ་རྐྱེན་ལམ་དུ་འགྲོ་བཞིན་པ་དང་། དཀའ་ངལ་མང་པོ་འཕྲད་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་ཁྲག་སྦྱིན་རུ་ཁག་གསར་འཛུགས་དང་། ད་ལྟའི་ཁྲག་སྦྱིན་རུ་ཁག་ནང་ཁྲག་སྦྱིན་གཏོང་མཁན་མི་ཁྱོན་བསྡོམས་ ༡༦༡ ཡོད་པའི་ཁོངས་ནས། ཉེ་ཆར་མི་གཉིས་ཀྱིས་ཀཱང་རཱ་རྫོང་གི་ཊེན་ཊ་སྨན་ཁང་དུ་ནད་པར་ཁྲག་སྦྱིན་དང་། མི་ ༨ གྱིས་བདེ་ལེགས་སྨན་ཁང་དུ་ནད་པར་ཁྲག་སྦྱིན་བཏང་སྟེ། ཁྲག་གི་དཀའ་ངལ་འཕྲད་བཞིན་པའི་མི་མང་པོ་ཞིག་ལ་དུས་ཐོག་ཁྲག་རག་སྟེ་དཀའ་ངལ་སེལ་ཡོད་སྟབས། མ་འོངས་པར་བདེ་ལེགས་སྨན་ཁང་གིས་ཁྲག་སྦྱིན་པ་རྣམས་ཀྱིས། གང་མགྱོགས་ཁྲག་གི་སེལ་བའི་ཐད་གྲུབ་འབྲས་འཐོན་རྒྱུར་འཕྱར་གྲུ་མཉམ་འདེགས་བྱ་དགོས་པའི་འབོད་སྐུལ་གནང་སོང་།
དེ་བཞིན། དམིགས་བསལ་སྐུ་མགྲོན་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་ནད་པ་ཚོར་དཀའ་ངལ་ཆེ་ཤོས་ཁྲག་མ་རག་པའི་དཀའ་ངལ་ཆགས་ཡོད་པ་དང་། སྔོན་མ་ཁྲག་སྦྱིན་ཐད་རེ་བ་རྒྱག་ས་དང་ཁྲག་སྤྲོད་མཁན་ཕྱི་རྒྱལ་བ་རྣམས་ཆགས་ཡོད་པ་ལས། བོད་མི་ཚོ་ཁྲག་སྤྲོད་རྒྱུར་ཞེ་སྣང་སྐྱེས་ཀྱི་ཡོད་ལ། ལྷག་པར་བོད་ནས་ཡོང་བའི་བོད་མི་ཁག་ཅིག་ལ་རྒྱའི་བཙོན་ཁང་ནང་བཙན་གྱིས་ཁྲག་བླངས་ཏེ་ཞེ་སྣང་སྐུལ་ཡོད་ཀྱང་། ད་རེབ་གཞོན་སྐྱེས་མང་པོ་ཞིག་གིས་དང་བླངས་ཐོག་ཁྲག་སྦྱིན་བཏང་སྟེ་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་བཞིན་པ་དེ་ནི། སོ་སོ་རང་ངོས་ནས་དང་དུ་བླངས་པ་དང་གཞན་ལ་ཕན་སེམས་སྐྱེད་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་སྟབས། མ་འོངས་པར་ཁྲག་སྦྱིན་ཡུལ་གྱི་ངོས་ནས་བཀའ་དྲིན་ཆེན་པོ་ཡིན་པ་བསམ་ཤེས་ཐུབ་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། མ་འོངས་པར་བདེ་ལེགས་སྨན་ཁང་གི་ངོས་ནས་ཁྲག་སྦྱིན་གཏོང་མཁན་ཚོར་ཁྲག་སྦྱིན་གཏོང་སྐབས་དམིགས་བསལ་གྱིས་རོགས་ཕན་གང་ཡོང་ཅི་ཡོང་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་སོང་།
མཇུག་མཐར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུགས་མཆོག་གིས། “ དེ་རིང་བོད་ཀྱི་བདེ་རྩ་ཚོགས་པས་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོ་སྲུང་གཙི་གནང་བར་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། འདི་ལོའི་རྒྱལ་སྤྱིའི་ཁྲག་སྦྱིན་ཉིན་མོའི་བརྗོད་གཞིར་ཁྲག་སྦྱིན་པ་རྣམས་ལ་ “ དཔའ་བོ་ ” ཞེས་པའི་མཚན་སྙན་ཕུལ་ཡོད་པ་ལྟར། དེ་རིང་འདིར་ཕེབས་པའི་དང་བླངས་ཁྲག་སྦྱིན་པ་རྣམས་ལ་ “ དཔའ་བོ་ ” ཞེས་འབོད་རྒྱུ་ཡིན། དེ་རིང་འདིར་ཕོ་མོ་དང་། གྲྭ་བཙུན། ཕྱི་རྒྱལ་བ་བཅས་མང་པོ་ཞིག་བསླེབས་འདུག་སྟབས། ངས་ཁྱེད་ཅག་གིས་དཀའ་ངལ་འཕྲད་བཞིན་པའི་ནད་པ་རྣམས་ལ་ཁྲག་སྦྱིན་གཏོང་རྒྱུའི་ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། མ་འོངས་པར་ཁྲག་སྦྱིན་པ་མང་དུ་འགྲོ་ཆེད་འཕྲོ་བསྟེན་ལས་ཁུངས་ཀྱི་ངོས་ནས་ཁྲག་སྦྱིན་གྱི་ལས་དོན་ཐོག་མཐུན་འགྱུར་གནང་ཐུབ་པའི་རིགས་ཡོད་པ་ཡིན་ན་གང་ཐུབ་ཅི་ཐུབ་ཀྱིས་གནང་གི་ཡིན། དེ་བཞིན། བོད་ཀྱི་བདེ་རྩ་ཚོགས་པས་ ༢༠༠༥ ལོ་ནས་ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་ཞབས་ཞུ། སེམས་ཅན་ལ་ལྟ་སྐྱོང་བཅས་ཀྱི་ཐོག་ལས་གཞི་སྤེལ་གྱིན་པ་ལྟར། མ་འོངས་པར་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་བདེ་རྩ་། ཀུན་ཕན། བདེ་ལེགས་སྨན་ཁང་། སྨན་རྩིས་ཁང་བཅས་མཉམ་རུབ་ཐོག་འཛམ་གླིང་གི་ས་གནས་མི་འདྲ་བ་ ༦༠ ལྷག་གི་ནང་ཡོད་པའི་བོད་མིའི་འཕྲོད་བསྟེན་ཐད་འཕྱར་གྲུ་མཉམ་འདེགས་ཐོག་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།” ཅེས་བརྗོད་བྱུང་།
བོད་ཀྱི་བདེ་རྩ་ཚོགས་པ་ནི། ཕྱི་ལོ་ ༡༩༩༨ ལོར་ཐོག་མར་ཌན་མེག་རྒྱལ་ཁབ་དུ་གསར་འཛུགས་གནང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ༢༠༠༥ ལོར་ཚོགས་པར་འདི་རྒྱ་གར་ནང་གསར་འཛུགས་བྱས་རྗེས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་ཕྲོད་བསྟེན། སྤྱི་ཚོགས་ཞབས་ཞུ་བཅས་སྡེ་ཚན་ཆེན་པོ་གསུམ་གསར་འཛུགས་ཀྱིས་ད་ལྟའི་བར་མཐོ་སློབ་འགྲིམས་མཁན་གྱི་སློབ་མ་ ༦༥ ལ་སློབ་ཡོན་རོགས་སྐྱོར་དང་སྦྱིན་བདག་འཚོ་རོགས། བཞུགས་སྒར་དུ་ཡོད་པའི་བོད་རིགས་རྒན་གཞོན་དབྱེར་མེད་ལ་དབྱིན་ཡིག་དང་ཧིན་རྡུ། གློག་ཀླད་སློབ་སྦྱོང་གི་གོ་སྐབས་བཅས་བསྐྲུན་བཞིན་པ་མ་ཟད། བཞུགས་སྒར་གཡས་གཡོན་གྱི་བདག་མེད་རྒན་པོ་ ༤༠༠ མ་ཟིན་ཙམ་ལ་ནང་སྲིད་ལས་ཁུངས་བརྒྱུད་དེ་རོགས་རམ་དང་ལས་བྱེད་མངགས་གཏོང་གིས་འཕྲོད་བསྟེན་ལྟ་སྐྱོང་། སེམས་ཅན་གྱི་སྨན་ཁང་གསར་འཛུགས་ཀྱིས་བཞུགས་སྒར་གཡས་གཡོན་དང་གཞིས་ཆགས་ཁག་ཏུ་ཁྱི་སྨྱོན་གྱི་ན་ཚ་སེལ་ཐབས། ལ་དྭགས་སུ་རང་བྱུང་གནོད་ཚེ་བྱུང་སྐབས་ཉི་གློག་དང་སྒོ་ཕྱུགས་སེམས་ཅན་ཉོས་ཏེ་མཁོ་སྤྲོད་དང་། ཧིན་སྒོར་འབུམ་གསུམ་ ༣ ལྷག་གི་ཞལ་འདེབས་རོགས་རམ་བཅས་གནང་སྟེ་སྤྱི་ཚོགས་ལ་ཕན་པའི་ལས་དོན་སྣ་མང་བསྒྲུབས་ཡོད་པ་མ་ཟད། འདི་ལོ་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་ ༡༢ ལྷག་ལ་སློབ་ཡོན་སྤྲོད་རོགས་སྐྱོར་གྱི་ལས་གཞི་སྤེལ་གྱིན་ཡོད་པ་དང་། མ་འོངས་པར་བོད་ཀྱི་བདེ་རྩ་ཚོགས་པའི་ངོས་ནས་བོད་ནས་གསར་དུ་ཕེབས་མཁན་དང་སློབ་སྦྱོང་བྱེད་འདོད་ཡོད་རིགས་ལ་དམིགས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བརྒྱད་པ་དང་གཅིག་མཚུངས་ཀྱི་ལག་འཁྱེར་སྤྲོད་ཐུབ་པ་ཞིག་དང་། ལག་འཁྱེར་དེ་ཡང་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ཚང་མས་ངོས་ལེན་བྱེད་ཐུབ་པའི་ཐད་ལ་འབད་བརྩོན་བྱེད་ཀྱི་ཡོད་འདུག
དེང་སྐབས་གྲྭ་བ་ཚོས་ཡག་པོ་བྱས་པ་རྣམས་སྤྱི་ཚོགས་ནང་ལ་གསལ་བསྒྲགས་བྱེད་མཁན་མེད་ལ། སྤྱོད་པ་ངན་པ་ཅན་གྱི་གྲྭ་བ་རྐང་གཅིག་མཐོང་ཙམ་ནས་གྲྭ་བ་ཚོས་ངན་པ་བྱས་སོང་ཞེས་ཁ་གཏོང་མཁན་སྤྱི་ཚོགས་ཁྲོད་ལ་མང་ཡོད། དེས་ན་གྲྭ་བ་ཚོས་གཟབ་དགོས་ངེས་རེད།
བླ་སྨན་ཁོང་གིས་གསུངས་པ་དེ་ཅི་ཞིག་ཡིན་ནམ། བོད་ཀྱི་བླ་རྒན་ཚོ་བོད་མི་མིན་པ་དང་། ཡང་ན་ཁོ་ཚོའི་ཁྲག་ཁྲག་ཏུ་མི་བརྩི་བ་མིན་ན། དངོས་མཐོང་ལག་ཟིན་ཐོག་བླ་རྒན་ཚོའི་ཁྲག་སྦྱིན་གཏོང་བའི་བསྟར་ཕྲེང་རིང་མོར་སྒྲིག་བཞིན་པ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་ལ། ཁྲག་དགོས་པའི་ནད་པ་ཚོའི་གྲྭ་ཚང་གི་དགེ་བསྐོས་བརྒྱུད་གསལ་བསྒྲགས་སྤེལ་ཐེངས་རེ་རེས་མི་བརྒྱ་ཕྲག་བརྒལ་བ་འཛོམས་ཀྱི་ཡོད།