དེ་སྔོན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཨ་འདུས་སྡེ་བ་ཁག་གི་མི་མང་ཆེ་བ་ད་ཆར་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱལ་སྡེ་སྡེ་བའི་ཕུལ་བསྟན་རང་ལོ་ ༤༠ ཡིན་པ་ཁོང་ལ་ཟླ་བ་འདིའི་ཚེས་ ༢ ཉིན་རྔ་པ་རྫོང་མི་མང་ཁྲིམས་ཁང་གིས་ལོ་ ༣ གྱི་ཁྲིམས་ཐག་བཅད་ཡོད་ཀྱང་། དུས་ཚོད་ངེས་ཅན་ནང་བསྐྱར་དུ་ཁྲིམས་བཤེར་ཞུ་གཏུག་གི་ལམ་ཁ་ཙམ་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག་ལ། དེང་སྐབས་ཁོང་རྔ་པར་བཙོན་འཇུག་བྱས་ཡོད་ཅིང་མི་འགྱང་བར་ས་གནས་གཞན་དུ་བསྐྱལ་འཆར་ཡོད་འདུག ཁོང་ལ་ཁྱིམ་དུ་བཟའ་ཟླ་དང་བུ་ཕྲུག་ ༤ ཡོད་འདུག
དེ་བཞིན་གོང་ཚེས་ཉིན་ཨ་འདུས་རྒྱལ་སྡེ་སྡེ་བའི་རང་ལོ་ ༣༧ ཡིན་པའི་འགྱུར་ཁོ་ལགས་སུ་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་གཉིས་ཀར་རྒྱལ་ཁབ་ཀྱིས་རོགས་རམ་བྱས་པའི་ཁང་པ་མི་དགོས་ཚུལ་བཤད་ཅིང་། ལྡེ་མིག་སྤྲོད་སྐབས་མ་བླངས་པའི་ཉེས་འཛུགས་བྱས་ཏེ་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག གཞན། ཨ་འདུས་འཕེ་ཁེའི་སེང་གེ་ཚང་གི་པདྨ་ལ་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག
དེ་མིན། རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༩ ཡིན་པའི་གྲྭ་བློ་བཟང་ཕུན་ཚོགས་ལགས་སུ་ཉེ་སྔོན་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་ ༨ ཀྱི་ཁྲིམས་ཐག་དང་ལོ་བཞིའི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་འདུག་ལ། མི་འགྱང་བར་ས་གནས་གཞན་གྱི་བཙོན་ཁང་ཞིག་ཏུ་བསྐྱལ་རྒྱུ་ཡིན་འདུག ཁོང་ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་འཛིན་བཟུང་བྱས་པ་ནས་ད་བར་གནས་སྟངས་ཤེས་རྟོགས་ཐུབ་མེད།
དེ་སྔོན་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ལྷ་ས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྔ་པའི་དར་རྒྱས་ཀྱི་ཕ་ལོ་དེ་ཉེ་སྔོན་བུ་དར་རྒྱས་ལ་ཐུག་འཕྲད་ཆེད་ལྷ་སར་ཕྱིན་ཡོད་ཀྱང་དར་རྒྱས་ཀྱི་ད་ལྟའི་ཤི་གསོན་གྱི་གནས་སྟངས་ཕར་ཞོགས། དེང་སྐབས་དར་རྒྱས་ལྷ་ས་ན་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ཕྱིར་སླེབས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།