“ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་”_ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།
ཚེ་རིང་ཤཱཀྱ་དང་ཆུང་ཚེ་རིང་གིས་བྲིས།
༅༅། །བོད་ཀྱི་ལོ་རྒྱུས་ལ་ཞིབ་བལྟ་བྱས་ན། རང་ལུས་མེར་སྲེག་གིས་དབང་འཛིན་པར་ངོ་རྒོལ་བྱེད་པ་དང་། རང་ལུས་མེར་སྲེག་གིས་མཆོད་པ་འབུལ་བ་གཉིས་ཀ་འདས་པའི་ལོ་བརྒྱ་ཕྲག་མང་པོའི་གོང་དངོས་སུ་བྱུང་མྱོང་བ་ཞིག་ལས་གསར་པ་གང་ཡང་མིན།
ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་སྔ་ཤོས་ཀྱི་རང་ལུས་མེར་སྲེག་ནི་དུས་རབས་བརྒྱད་པའི་ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་ཡོད་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུའང་གནས་ཚུལ་རྒྱས་བསྡུས་ལ་མ་ལྟོས་པ་ཞིག་གསལ་ཡང་། དེ་ཚོའི་ཁུངས་གཙོ་བོ་སྦ་བཞེད་ཡིན་ཞིང་། སྦ་བཞེད་ལ་ཚིག་འགྲོས་མི་མཐུན་པའི་དཔེ་སྣ་ཚོགས་ཤིག་མཆིས་ཀྱང་། རང་ལུས་མེར་སྲེག་གནས་ཚུལ་དེ་ངེད་གཉིས་ཀྱིས་མཐོང་བའི་དཔེ་ཚང་མའི་ནང་ལ་གསལ་ཡོད། འདིར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྦ་བཞེད་སྤར་མ་ལས་ལུང་དྲངས་ན།
“དེའི་ཚེ་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་གཅིག་བྲག་དམར་དུ་མཆིས་པ་ལ། དེས་ལུས་ངག་གི་ཆོས་བྱ་མི་དགོས། ལུས་ངག་གི་དགེ་བས་སངས་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་སངས་རྒྱ་ཟེར་ནས་སྒོམ་བསླབས་པས། བོད་ཀྱི་བཎྡྷེ་རིལ་པོ་ཕལ་གྱིས་ཁོའི་ཆོས་ལ་བསླབས་ཏེ། བསམ་ཡས་ལ་མཆོད་པ་འཕྲོ་བཅད། སློབ་གཉེར་དང་ལུས་ངག་གི་དགེ་སྦྱོར་འཕྲོ་བཅད། སྦ་རཏྞ་[ཡེ་ཤེས་དབང་པོ་]དང་། བཱཻ་རོ་ཙ་ན་དང་། དཔལ་དབྱངས་ལ་སོགས་པ་ཉུང་ཤས་གཅིག་བོ་དྷི་སཏྭའི་ཆོས་སློབ། དེར་ལྟ་བ་མ་མཐུན་ནས་རྩོད་དེ་འཁྲུགས་པ་ལ། བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མནམ་བ་མིན་ནམ་བྱས་པས་སྟོན་མིན་པ་བྱ་བར་གྲགས། གཅིག་ཤོས་ན་རེ། དྲང་སྲོང་བཟོད་པར་སྨྲ་བས་ལུས་ལ་མེ་བཏང་ནས་ཀྱང་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་བསམ་པས་ཚོགས་གསོག་པ་གལ་ཆེ་ཟེར་བས། རྒྱལ་པོ་ན་རེ། ལུས་ལ་མེ་གཏོང་པའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས། སྤྱིར་ལྟ་བ་དང་སྤྱོད་པ་འཛོམས་པའི་ཆོས་ཞིག་ཡིན་པར་བརྩེ་མིན་པའི་ལྟར་ཡིན་གསུངས་པས། སྟོན་མིན་པ་ཡི་ཆད་པ་ལྟར་བྱས་ནས། མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་གཏུབས། སྙ་བྱེ་མ་ལ་དང་། རྔོག་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་སྟེ་འདས་ཏེ་གཞན་མ་རྣམས་ཀྱང་ཆུ་གྲི་རེ་རེ་སྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ། ངེད་ཀྱང་རིལ་ཕྲུ་མའི་ངོས་༌༌ལ་མཆིའོ། །” ༡ ༽ ཞེས་སྨྲས་ཤིང་། རྙོག་གྲ་ཆེན་པོ་ཆགས་སྟབས། རྒྱལ་པོས་རྒྱ་གར་ནས་སློབ་དཔོན་ཀཱ་མ་ལ་ཤི་ལ་གདན་དྲངས་ཏེ། ཧྭ་ཤང་དང་རྩོད་པ་བྱས་མཐར། ཧྭ་ཤང་ཕམ་པར་ཁས་བླངས་པ་སོགས་བྱུང་རབས་ཡོངས་གྲགས་རྣམས་ཡིག་ཚོགས་ལ་འཇིགས་ཏེ་འདིར་གླེང་མེད།
གོང་དུ་དྲངས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ལྟར་ན། སྐབས་འདིའི་རང་ལུས་མེར་སྲེག་བྱེད་ས་ནི་བོད་དབུས་གཙང་གི་བསམ་ཡས་ཕྱོགས་དང་། རང་ལུས་མེར་སྲེག་བྱེད་དོན་ནི། སྐབས་དེར་བོད་དུ་དར་ཆེ་བའི་རྒྱའི་ཧྭ་ཤང་གི་རིང་ལུགས་ཉམས་ལེན་དང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞིང་། དེང་སང་གི་བཤད་སྟངས་ལྟར་ན། ཆོས་དད་རང་མོས་ཀྱི་ཆེད་དུ་རེད། དེ་བས་ཀྱང་ཧང་སང་དགོས་པ་ཞིག་ནི་མེར་སྲེག་མཁན་བོད་མི་མ་ཡིན་པར་རྒྱ་མི་ཞིག་ཡིན་པ་དང་། རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད། སྦ་བཞེད་ཀྱི་མཇུག་དེར་བཞེད་པ་གཞན་དག་ཅིག་བཀོད་པའི་ནང་། རྒྱ་རིགས་ཆོས་པ་དེས་མགོ་ལ་མེ་སྤར་ཏེ་ནུབ་ཕྱོགས་བདེ་བ་ཅན་ལ་ཁ་བསྟན་ཏེ་འདས་ཞེས་གསལ་ཡོད་ཅིང་། ཡིག་ཆ་ཁ་ཤས་ཀྱི་ནང་རྒྱའི་སྟོན་པ་དེའི་མིང་ལ་“མེ་མགོ་”ཟེར་ཚུལ་འཁོད་ཀྱང་། དེ་ཁོང་གི་མིང་ངོ་མ་ཡིན་དང་། ཡང་ན་མགོ་ལ་མེ་སྤར་ནས་འདས་པའི་ཆ་ནས་ཕྱིས་སུ་བཏགས་པའི་མིང་ཡིན་མིན་ད་ལྟ་ཁ་ཚོན་གཅོད་ཐུབ་ཀྱི་མེད།
བོད་ཀྱི་ལོ་རྒྱུས་ཡིག་ལམ་དུ། རང་ལུས་མེར་སྲེག་གི་གནས་ཚུལ་གཞན་ཞིག་འཁོད་པ་དེ་ནི་བོད་སིལ་བུར་འཐོར་རྗེས་དུས་རབས་བཅུ་གཅིག་པའི་གཡས་གཡོན་དུ་བྱུང་འདུག་ཅིང་། རང་སྲེག་བྱེད་མཁན་བོད་མི་ཡིན་པ་དང་མིང་ལ་མདོལ་ཆུང་བསྐོར་དཔོན་ཟེར། ཁོང་གི་མིང་རང་ནས་རོབ་ཙམ་ཤེས་ནུས་པ་ལྟར། ཁོང་ནི་སྤྱི་ཚོགས་ནང་གནས་བབས་ངེས་ཅན་ཡོད་པ་ཞིག་ཡིན།
དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གསལ་བ་ལྟར་ན། འབངས་གྱེན་ལོག་བྱུང་རྗེས། ལྷ་སའི་ཇོ་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གཉིས་ལ་ཞབས་ཏོག་མེད་པར་སྤྲང་པོས་ཡུན་རིང་བཟུང་སྟེ། ལྷ་ཁང་ཐམས་ཅད་ལ་ཐབ་བཙུགས་ནས་དུ་བས་མོག་པོར་བྱས་སྟབས། མདོལ་ཆུང་བསྐོར་དཔོན་དང་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་གཉིས་ཀྱིས། ཐབས་ཤེས་དུ་མས་སྤྲང་པོ་རྣམས་གཙུག་ལག་ཁང་གཉིས་ནས་ཕྱིར་འཕུད་ཐབས་བྱས་ཀྱང་ལམ་ལྷོངས་མ་བྱུང་། མཐའ་མ་ཁོང་གཉིས་ཀྱིས་སྤྲང་པོ་སྡོད་ཡུལ་སྤྲང་ཁང་ཟུར་དུ་བརྩིགས་ཐོག །དམག་མི་སྦས་ཏེ་བཞག །གཙུག་ལག་ཁང་གཉིས་ལས་ཅུང་ཟད་རིང་བའི་སར་སྟོན་མོ་བཤམས་པས། སྤྲང་པོ་རྣམས་ཟས་ལ་བརྔམས་ཏེ་སྟོན་མོར་འདུས་པའི་སྐབས་དང་བསྟུན་ཏེ། གཙུག་ལག་ཁང་གཉིས་དམག་གིས་བཟུང་སྟེ་སྤྲང་ཚང་ཡོངས་སུ་བཏོན་པར་མ་ཟད། གཙུག་ལག་ཁང་གཉིས་ནང་ལྷ་སྐུ་གསར་བཞེངས་དང་ཉམས་གསོ་ཞབས་ཏོག་ཕུལ་དུ་བྱུང་བ་མཛད་ཡོད། དེ་འདྲའི་གལ་ཆེའི་མཛད་རྗེས་ཡོད་པའི་མདོལ་ཆུང་བསྐོར་དཔོན་གྱིས་ཕྱིས་སུ་རང་ལུས་མེ་མཆོད་དུ་ཕུལ་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་བ་འདིར་དྲངས་ན།
“ཕྱིས་མདོལ་ཆུང་བསྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་པ་ལ་སྤྱི་བོ་ནས་རིམ་པས་མར་མེར་སྤར་ཏེ་ཇོ་བོའི་དྲུང་དུ་ཕུལ་ནས་འགྲེང་བཞིན་དུ་བཟང་སྤྱོད་སྨོན་ལམ་གཉིས་བཏོན་ནས་གསུམ་པའི། མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པའི་སྐབས་སུ་ཉམས་འུར་ནས་བཀྲབས་ཏེ་སྐད་ཅིག་དེ་ལ་སྤྱི་བོ་ནས་ཐོད་པ་གོག་པའི་ཤུལ་ནས་འོད་ཆེན་པོ་ཞིག་ནམ་མཁར་སོང་། དེ་མ་ཐག་ས་གཡོས་མེ་ཏོག་གི་ཆར་ཆེན་པོ་བབ་སྐད།” ༢ ༽ ཅེས་གསལ་འདུག
མདོལ་ཆུང་བསྐོར་དཔོན་གྱིས་རང་ལུས་མེ་མཆོད་དུ་ཕུལ་བ་འདི་ནི་ཕྱོགས་མང་པོ་ནས་གོང་དུ་རྒྱ་རིགས་ཆོས་པས་རང་བསྲེགས་ངོ་རྒོལ་བྱས་པ་དང་རྦད་དེ་ཐ་དད་ཆགས་ཡོད། དེ་ཡང་དེར་གཅིག་ནས་དབང་འཛིན་པའི་གནོན་ཤུགས་མེད་པ་དང་། གཉིས་ནས་གནས་ཚུལ་འདིའི་རྒྱབ་ལྗོངས་སུ་སྤྱི་ཚོགས་ཀྱི་རྙོག་གྲ་གང་ཡང་མེད། གསུམ་ནས་རང་བསྲེགས་བྱེད་མཁན་གྱིས་སྲིད་གཞུང་ངམ་སྤྱི་ཚོགས་ལ་དགོས་འདུན་གང་ཡང་བཏོན་མེད། མདོར་བསྡུས་ནས་བཤད་ན། མདོལ་ཆུང་བསྐོར་དཔོན་གྱི་རང་ལུས་མེ་མཆོད་དུ་ཕུལ་བ་དེ་ནི་ཆོས་ཕྱོགས་རྐྱང་པ་ཡིན་པ་ལས། སྒྲིག་འཛུགས་སམ་མི་སྒེར་སུ་ལའང་ངོ་རྒོལ་གྱི་ཀུན་སློང་དང་དམིགས་ཡུལ་མེད་པ་གསལ་པོ་རེད།
གོང་གསལ་བོད་ཀྱི་ལོ་རྒྱུས་སུ་འཁོད་པའི་རང་སྲེག་གི་གནས་ཚུལ་དེ་གཉིས་ལས། དང་པོ་ནི་པུར་རྒྱལ་བཙན་པོའི་བཀའ་དབང་ལ་ངོ་རྒོལ་དང་རང་གི་རིང་ལུགས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞིང་། ཕྱི་མ་ནི་རང་གི་ལུས་ངག་ཡིད་གསུམ་དཀོན་མཆོག་ལ་འབུལ་བའི་དད་དམ་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་བྱེད་ཅིག་རེད། རང་སྲེག་གི་གནས་ཚུལ་འདི་གཉིས་ཀྱི་དུས་ཚོད་དང་རྒྱབ་ལྗོངས། དམིགས་ཡུལ་སོགས་ལ་ཁྱད་པར་ཇི་ཙམ་ཆེ་ནའང་། དེ་གཉིས་ཀར་ཐུན་མོང་གི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ནི། རང་སྲེག་བྱེད་མཁན་གཉིས་ཀའི་དད་པ་ཧ་ཅང་བརྟན་པོ་ཡིན་པ་དེ་རེད།
ཕྱོགས་གཞན་ནས་བསམས་ན། སྐབས་དེར་རྒྱའི་ཆོས་པས་རང་ལུས་མེར་སྲེག་གི་ངོ་རྒོལ་དང་། ཁོང་གི་ཕྱོགས་གཏོགས་ཀྱིས་གཞན་སྡེ་ཡོངས་རྫོགས་ཀྱང་གསོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱ་ཡུལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཆ་བཞག་ན། ཁོང་གིས་གནད་དོན་དེ་གལ་ཆེན་དུ་བརྩིས་ནས་ལམ་སང་བྱ་ཐབས་སྣ་ཚོགས་སྤྱད་པར་མ་ཟད། རྩོད་པ་ཆོས་ཕྱོགས་སུ་ཞི་ཆེད་དུ། གཙོ་བོ་རྒྱའི་ཧྭ་ཤང་གི་རིང་ལུགས་འཛིན་པ་དང་། རྒྱ་གར་པཎ་གྲུབ་ཀྱི་རིང་ལུགས་འཛིན་པ་གཉིས་ཕན་ཚུན་རིགས་པ་དང་རྒྱུ་མཚན་གྱི་ཐོག་ནས་བགྲོ་གླེང་བྱེད་དུ་བཅུག་སྟེ། དཀྱེལ་ཡངས་བསམ་ཤེས་དང་གྲོས་མོལ་གྱི་ལམ་ནས་རྙོག་གྲ་ཆེན་པོ་དེ་ཡོངས་སུ་ཞི་འཇམ་དུ་བཏང་ཡོད། ཚད་གཞི་དེའི་ཐོག་ནས་བལྟས་ན། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་སྟོབས་ཆེན་དང་ཡར་ཐོན་དུ་རློམ་པའི་རྒྱལ་ཁབ་དང་སྲིད་གཞུང་ལ་ལས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་མཁན་ཚོར་འཛིན་པའི་སྲིད་བྱུས་དེ། ཧ་ཅང་རྗེས་ལུས་དང་ཧ་ཅང་ནུས་མེད་ཡིན་པ་ནི། དུས་རབས་ཉེར་གཅིག་པ་དང་དུས་རབས་བརྒྱད་པའི་བར་ལོ་གྲངས་ག་ཚོད་ཀྱི་ཁྱད་པར་ཡོད་པ་དེས་མཚོན་ནུས་པ་ཞིག་རེད།། །།
༡ ༽ སྦ་བཞེད། སྦ་གསལ་སྣང་གིས་བརྩམས། ༡༩༨༢ ལོའི་པར་མ། མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༦༧ ལ་གསལ།
༢ ༽ ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། ༡༩༨༦ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༤༧ ལ་གསལ།
ཐུགས་རྗེ་ཆེ། ད་ཕན་སུས་ཀྱང་བཤད་མ་ཐུབ་པའི་གནད་འགག་གཉིས་བཤད་ཐུབ་འདུག བློ་སྐྱེད་ཆེན་པོ་བྱུང་། ལོ་རྒྱུས་ཀྱི་དེབ་དེ་གཉིས་ཀ། བཀླགས་མྱོང་ཡང་། གནད་དོན་དེ་ཚོར་དོ་སྣང་བྱུང་མི་འདུག
དཔྱད་ཞིབ་ཀྱི་ཀུན་སློང་ཁྱེར་བ་བཟང་མོད། དོན་གྱི་སྙིང་བོ་ཅི་ཡང་མི་འདུག བླུན་པོའི་འཆུག་ན་མཐོ་གང་། མཁས་པའི་འཆུག་ན་འདོམ་གང་ཟེར་སྲོལ་ལྟར། མ་དཔྱད་བའི་སྔོན་ནས་གང་དེར་དཔྱད་པར་བྱེད་པའི་ཉིང་དགོས་གསལ་བོ་ཞིག་བློ་ལ་བཞག་སྟེ་ཡིད་ལ་བརྣག་རྒྱུ་གལ་ཏུ་ཆེའོ། ཕྲན་གྱིས་ནི་རྣམ་པ་གཉིས་ཀྱི་རྩོམ་ཡིག་དེ་མགོ་ནས་མཇུག་བར་ཐེངས་གཅིག་ཀློག་རྗེས་ཡི་ཐང་ཆད་ཀྱང་། དེང་གི་འུ་ཅག་བོད་པ་ཚང་གི་མཁས་པར་སྒྲོག་པ་རྣམས་ཀྱི་ཕྱི་ཐུམ་ནང་ཐུམ་གྱི་སྒམ་ཚུགས་དེའི་སྦུག་ལ་བཅུག་པའི་སྙིང་བོ་རྡོག་རྡོག་དེ་འདི་ཙམ་ཡིན་ནམ་སྙམ་པའི་ངུ་མ་དགོད་ཀྱི་སྐྱོ་སྣང་ཞིག་འགོག་མེད་དུ་སླེབས་སོང་།
རྩོམ་གྱི་གཞུང་ཁོག་ཧྲིལ་པོར་ཉ་ཉུང་མཉམ་བསྲེ་ཡི་གཏམ་དང་། རྡོ་ཆག་བཙན་སྒྲིག་གི་སྦྱོར་བས་བརྗོད་བྱའི་སྙིང་དོན་ཆ་མ་ཆོ་ཞིག་ཡར་གཅུ་མར་འདྲུད་བྱས་མཐར། ཆོས་ཀྱི་དད་ཞེན་ལ་བརྟེན་ནས་རང་ལུས་མེར་བསྲེགས་ཀྱི་འདུ་ཤེས་སྐྱེད་ཀྱིན་པ་ལྟ་བུ་ཞིག་ཏུ་སྒྲུབ་འདུག སྤྱིར་འདི་ནི་འདས་བྱུང་ལོ་རྒྱུས་ཁྲོད་ཀྱི་མེར་སྲེག་དོན་རྐྱེན་དེ་གཉིས་ཀྱི་འབྱུང་རྐྱེད་ཐད་ཁོང་རྣམ་པ་གཉིས་སྒེར་ངོས་ཀྱི་བསམ་ཚུལ་ཞིག་ཡིན་སྟབས་ཐེར་འདོན་བྱ་དགོས་མ་མཆིས་མོད། ཡིན་ནའང་། རྩོམ་མཇུག་བསྡུ་བའི་གཏམ་དུ། རྒྱ་དམར་སྒེར་གཅོད་དྲག་སྤྱོད་དབང་སྒྱུར་བའི་བོད་མི་རིགས་རྩ་གཏོར་ཤུལ་མེད་བཟོ་བའི་མི་སེར་སྤེལ་བའི་སྲིད་ཇུས་ཐེར་འདོན་བྱ་ཁུལ་གྱིས། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་རྒྱ་དམར་དྲག་སྤྱོད་གཞུང་གཉིས་གཤིབ་སྡུར་གྱི་རྣམ་པས། ཞོར་དང་ཤུགས་ལ་དེང་གི་ཆར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་བཞིན་པ་དེའང་། ཆོས་ཀྱི་དད་ཞེན་ཙམ་གི་ངོ་བོའི་ཕྱོགས་སུ་གསལ་ལ་མི་གསལ་གྱིས་དྲུད་འདུག་པ་དེ་ནི། ཅི་ཡང་མི་ཤེས་པའི་བྱིས་པའི་གཏམ་དུ་འཁུམ་མོ། ཐེར་འདོན་བསམ་ཚུལ་འདི་སྤེལ་དགོས་པའི་རྒྱུ་གཙོ་བོ་ཡང་འདི་ཡིན་ནོ།།
གཤམ་དུ་རྩོམ་ཡིག་འདིའི་ཁྲོད་ཀྱི་ཞར་བྱུང་གནད་དོན་འགའ་གླེང་བར་བྱ་སྟེ། རྩོམ་ཡིག་ནང་རྒྱའི་ཧྭ་ཤང་གི་རང་སྲེག་ནི་ཆོས་དད་རང་མོས་ཀྱི་ཆེད་དུ་ཡིན་ཚུལ་བརྗོད་འདུག དེ་ནི་ཆོས་དད་རང་མོས་ཀྱི་གནད་དོན་ཞིག་མ་ཡིན་པར། སྐབས་དེར་རྒྱའི་ཧྭ་ཤང་གིས་བོད་དུ་ལོག་ཆོས་སྤེལ་ཏེ་རྒྱལ་འབངས་བར་གྱི་ཡིད་ཆེས་བློ་འགེལ་གྱི་དམ་ཚིག་ཉམས་དམས་སུ་བཏང་པ་དང་། སྤྱི་ཚོགས་ཟང་ཟིང་དང་རྒྱལ་ཁབ་བདེ་འཇགས་མེད་པ་བཟོས་སྟབས། བཙན་པོ་གང་དེས་ཕྱི་དགྲའི་བསམ་སྦྱོར་ངན་པའི་བྱ་སྤྱོད་ཀྱིས་ནང་བཀྲ་མི་ཤིས་པ་མི་འབྱུང་ཆེད་བཀག་སྡོམ་བྱས་པ་རེད། འདི་ནི་ཆོས་དད་རང་དབང་གི་གནད་དོན་ཞིག་མ་ཡིན་པར་ཆོས་སྤེལ་དབང་སྒྱུར་གྱི་ཕྱི་དགྲ་བཀག་འགོག་ཅིག་ཡིན་ལ། ལྷག་པར་དུ་བཙན་པོ་ཉིད་ཀྱིས་བོད་འབངས་མི་སེར་ཡོངས་རྫོགས་རྟོག་སད་འབྱུང་ཆེད། རྒྱལ་འབངས་ལྷན་དུ་འཛོམས་སར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཕན་ཚུན་རིག་པ་བརྡར་ཞིང་གནས་ལུགས་དྲངས་བའི་སྒོ་ནས། རྒྱའི་ཧྭ་ཤང་གི་ལོག་ཆོས་ཀྱི་རྫུན་ཁུངས་བརྟོལ་ཏེ་མ་ཉེས་ཁག་གཡོག་བྱས་པ་ཞིག་མིན་པ་མིག་ལྡན་རྒྱལ་འབངས་ཡོངས་ལ་གསལ་སྟོན་གནང་ཡོད།
ཡང་རྩོམ་ཡིག་དེའི་ནང་། “ རང་སྲེག་བྱས་ཏེ་ངོ་རྒོལ་བྱ་ཡུལ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཟུང་བའི་རྒྱལ་ཁང་རེད།” ཅེས་བཀོད་འདུག འདིའི་ཚིག་དོན་ལྟར་ན་སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དབང་དུ་མཛད་པའི་མངའ་ཁོངས་ནི་རྒྱལ་ཁང་ཆུང་ཆུང་ཙམ་ཞིག་ཡིན་པ་བརྗོད་འདུག འདི་ལ་རྣམ་པ་གཉིས་ཀྱིས་ཅི་ལྟར་འགྲེལ་བཤད་གནང་རྒྱུ་ཡིན་ནམ།
མདོལ་ཆུང་བསྐོར་དཔོན་གྱིས་སོ་སོའི་མིག་མདུན་ན་གསལ་ལེ་ལྷིང་ངེར་ཡོད་པའི་ཁྱིམ་མེད་ཟས་མེད་དུ་ལྷག་པའི་ཉམ་ཐག་འབངས་མི་སེར་གྱི་བདེ་སྡུག་དཀའ་ངལ་སྟེ། ངེས་པ་དོན་གྱི་དགེ་སྦྱོར་ཚོགས་བསགས་ཀྱི་ཡུལ་ངོ་མ་དེར་དགེ་བའི་སེམས་ཀྱིས་མ་ཚོར་བར། མགོ་གཡོག་བསླུ་བྲིད་ཀྱིས་མི་ཆོས་རྫུན་གྱི་འཁོར་ལོ་སྐོར་ཏེ་ཉམ་ཐག་འབངས་རྣམས་ཕྱི་ལ་ཕུད་པར་མ་ཟད། དམག་ཤུགས་དྲག་སྟོབས་སྤྱད་དེ་འཇིགས་སྐུལ་གྱིས་རྒྱང་དུ་མཐར་སྐྲོད་བཏང་རྗེས། སྲོག་མེད་ཚོར་མེད་ཀྱི་ས་རྡོའི་མི་གཟུགས་བཟོས་ཏེ་གསེར་དངུལ་ཟངས་ལྕགས་ཀྱི་ཐུམ་དང་། མུ་མེན་མུ་ཏིག་གི་ཕྲ་རྒྱན་པའི་བླུན་ཆོས་རྨོངས་སྤྱོད་དེ། བོད་ཀྱི་མི་རབས་ཚ་རྒྱུད་ཀྱིས་ངོ་གནོང་དགོས་པའི་བྱས་པ་དེ་དག་རླབས་ཆེན་དུ་བགྲང་ཁུལ་བྱས་པ་དེ་ནི། དེང་གི་དུས་རབས་ཉེར་གཅིག་པའི་ནང་དུའང་། འུ་ཅག་གི་མཁས་བར་རློམ་པ་རྣམས་ཀྱི་ཀླད་པའི་ནང་བ་ཚྭ་རིམ་པ་དགུ་ཆགས་བསྡད་ཡོད་པ་གསལ་བོར་མངོན་ཡོད། གལ་སྲིད། གནའ་བོའི་བོད་མི་ཚོས་ལོ་ལམ་ཟླ་ལམ་དུ་དད་པའི་བརྐྱངས་ཕྱག་འཚལ་ཞིང་། རེ་བ་དང་སྨོན་པའི་ཐོད་པ་ཁྲི་ཚར་འབུམ་ཚར་གཏུགས་ཀྱང་བརྩེ་གཟིགས་ཙམ་ཡང་སྟོན་མི་ཤེས་པ་དེ། འདི་ཕྱིའི་ལམ་སྟོན་དུ་གསོལ་བ་བཏབས་ཏེ་སྤྱི་བོར་བཀུར་མཁན་གྱི་བོད་མི་ས་ཡ་གཅིག་དམར་པོ་ཁྲག་ལ་བརྫིས་ཀྱང་མིག་ཆུ་བཞུར་མི་ཤེས་པ་དེ། གསལ་བོར་བརྗོད་ན་རྒྱ་མོ་གཡོ་ཅན་ཞིག་གིས་བོད་ལ་དྲུད་ཡོང་བའི་ལྷ་སའི་དབུས་ཀྱི་ལྕགས་ཟངས་ཀྱི་ཇོ་བོ་དེ་མེད་ཚེ། བོད་པའི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་མི་ཚེ་མདུན་མ་ལྷ་སའི་བར་སྐོར་གྱི་རྐང་ལམ་ཆུང་ཆུང་དེ་ནས་རྫོགས་མི་སྲིད་པར། བསམ་ཡས་སྒྲ་བསྒྱུར་གླིང་གི་སློབ་གྲྭ་ལ་བསྐྱོད་དེ་ཤེས་རིག་ལྡན་པའི་ཞིང་འབྲོག་ཞིག་ཆགས་ཡོད་ངེས།
མཐར་ནན་གྱིས་བརྗོད་འདོད་པ་ཞིག་ནི། ལོ་རྒྱུས་ལ་ཕྱིར་མིག་འཕེན་པ་ནི་མ་འོངས་པའི་ཁ་ཕྱོགས་འཚོལ་བའི་ཆེད་དུ་ཡིན་པ་ལས། འདས་ཟིན་པའི་ཤུལ་ལམ་སྐྱ་ཐལ་ལེ་བ་དེར་ཕྱིར་ལོག་བྱ་རྒྱུ་དེ་མ་ཡིན་ནོ། གལ་སྲིད། ལོ་རྒྱུས་དཔྱད་ཞིབ་ཀྱི་དགོས་པ་ནི་ལོ་གྲངས་བརྩི་བ་དང་གནའ་གཏམ་ཉན་རྒྱུ་ཙམ་ཡིན་ན་ནི། གསེར་ལས་ལྷག་པའི་མི་ཚེ་ཐུང་ངུ་འདི་ཆུད་ཟོས་ཀྱི་རྒྱུ་ཁོ་ན་ཉིད་དོ། །
དཔྱད་བརྗོད་འདི་ནི་ཡག་པོ་འདུག་ཏེ་ཡིན་ནའི་དཔྱད་ཞིབ་པས་བརྟུན་མཁས་ཀྱི་ཚིག་བརྗོད་བྲིས་དགོས་དོན་ཅང་མི་འདུག་སྙམ།
རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ཡག་དང་ཉེས། འཚེ་དང་ཞི། སྔར་བྱུང་ཡོད་དང་མེད་སོགས་ཅི་བཤད་ཀྱང་དོན་མེད་ཀྱི་ཅ་ཅོ་ཙམ་ཡིན།
འཚེ་དང་ཞི། ཞི་དང་དྲག ཡོད་དང་མེད། ཡག་དང་སྡུག་སོགས་ཅི་ཞིག་ཡིན་མིན་ལ་མི་བསམས་པར་བོད་རིགས་མི་དམངས་ས་ཡ་དྲུག་གི་འཕྲལ་དང་ཕུགས་ལ་ཕན་གནོད་གང་འབྱུང་མིན་ལ་དབྱི་ཞིབ་བྱས་ཏེ་བཙན་སར་བྲོས་དགོས་པ་དང་། ཉེན་ཁར་གཡོལ་ཐུབ་པ། རང་དོན་རང་གཅེས། རང་ཐོབ་རང་སྐལ། རང་སྲིད་རང་གིས་སྐྱོང་ཐུབ་དང་མི་ཐུབ་བཅས་ལ་མདང་ཞིག་རྒྱག་ཐུབ་པ་བྱེད་དགོས།
ཆབ་སྲིད་ཀྱི་ལས་འགུལ་ཅི་ཞིག་ཡིན་ཀྱང་མདོར་བསྡུས་ནས་བཤད་ན་ཞིང་ཁ་བཏབ་པའི་དམིགས་ཡུལ་དང་། ཞིང་ཆུ་གཏོང་བའི་ལས་ཀ་དེ་དག་ཚང་མ་རྩམ་པས་ལྟོ་གྲོད་ཁོག་རྒྱག་ཆེད་དང་། རང་ཉིད་འཚོ་བའི་ཆེད་དུ་རེད།
ད་ལྟ་ང་ཚོས་གླེང་དགོས་ས་དེ། ད་ལྟའི་མེར་སྲེག་དང་ད་ལྟའི་བོད། ད་ལྟའི་མེེར་སྲེག་དང་འབྱུང་འགྱུར་གྱི་ལམ་བུ། ཇི་ལྟར་བྱས་ཏེ་ཁོང་ཅག་གི་ཚེ་སྲོག་དོན་ཡོད་པར་བྱེད་རྒྱུ་དེ་རེད།
མེར་སྲེག་དེ་འཚེ་བ་ཡིན་མིན་སྐོར་ང་ཚོར་གལ་མི་ཆེ།
ཞི་བ་ལྷས།
བདག་ཕྱིར་གཞན་ལ་གནོད་བྱས་ན། །
དམྱལ་ལ་སོགས་པར་གདུངས་བར་འགྱུར། །
གཞན་ཕྱིར་བདག་ལ་གནོད་བྱས་ན། །
ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ། །
རྣམ་པ་གཉིས་ལ་འཚམས་འདྲི་ཞུ་བ་དང་ཆབ་ཅིག་བཀའ་འདྲི་ཞུ་རྒྱུ་ཞིག་ལ། མགོ་ལ་མེ་སྤར་ཏེེ་ངོ་རྒོལ་བྱེད་མཁན་གྱི་ཧ་ཤང་དེ་མ་ཧཱ་ཡ་ན་ཡིན་ནམ། དེ་ཡིན་ན་མེ་བསྲེགས་བཏང་སྟེ་འདས་སོང་བར་གསུངས་འདུག་ན། སློབ་དཔོན་ཀཱ་མ་ལ་ཤི་ལས་ཚར་བཅད་སྟེ་རྒྱ་ནག་ལ་ལོགས་སོང་བའི་ལོ་རྒྱུས་དེ་ཇི་ལྟར་འབྲེལ། དེ་མིན་ན་དེའི་དུས་སུ་རྒྱ་མིའི་ཧ་ཤང་གཞན་པ་ཞིག་ཀྱང་བོད་ལ་ཡོད་པ་ཡིན་ནམ།
སྐུ་ཞབས་བུ་ཆུང་ཚེ་རིང་དང་སྐུ་ཞབས་ཚེ་རིང་ཤཱཀྱ་གཉིས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆེད་རྩོམ་ཞིག་སྤེལ་གནང་འདུག་ལའང་རང་བསྲེག་འཚེ་བར་སྨྲ་བ་རྣམས་ལ་འགྲམ་ཅག་ཚ་ཐག་གཅོད་གཅིག་ཞུ་གནང་འདུག་བཀའ་འདྲིན་ཆེ།
སྦ་བཞེད་དུ་བྱུང་བའི་ཏོན་མིན་དང་ཙེན་མིན་གྱི་ངེས་ཚིག་འདི་བཞིན་གོ་རམས་པས་ཀྱང་རབ་དབྱེའི་འགྲེལ་བར་གསུངས་ཡོད།
འོན་ཀྱང་འདི་ནི་ངས་ནམ་ཡང་རྒྱ་ཡིག་མ་ཤེས་པས་ལན་པ་རེད་བསམ་གྱི་ཡོད།
ཐ་ན་ངས་རྒྱ་སྐད་དངོས་སུ་མ་སྦྱངས་པའི་གོང་ནས་ཀྱང་དེ་ལྟར་བསམ་ཡོད།a
ཐང་ཡིག་སྡེ་ལྔར་ཡང་། ཏོན་མིན་ཅིག་ཆར་བ་དང་། ཙེན་མིན་རིམ་གྱིས་པའི་སྐབས་ཞེས་ས་བཅད་དང་བཅས་ཡོད།
མདོར་ན་ཏོན་མིན་ནི་ཅིག་ཆར་བ་དང་། ཙེན་མིན་ནི་རིམ་གྱིས་པའི་དོན་རེད། དེ་ཡང་『頓』dunནི་ཅིག་ཆར་གྱི་དོན་དང་། 『門』menནི་སྒོའི་དོན་རེད། དེ་བཞིན་ནི་『漸』jianརིམ་གྱིས་པ་དང་། 門menནི་སྒོའི་དོན་རེད། དེང་སང་ཡང་རྒྱ་དག་གིས་གྲུབ་མཐའ་འདི་གཉིས་ལ། 『頓派』dunpaiདང་། 漸派jianpaiཞེས་ཟེར་ཞིང་། 『派』ནི་གྲུབ་མཐའི་དོན་སྟེ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཞེས་པར་རྒྱ་སྐད་དུ་『四大教派』sidajiaopaiཟེར་བ་ལྟ་བུ་རེད། མདོར་ན་ཏོན་མིན་དང་ཙེན་མིན་ནི་རྒྱ་སྐད་ཀྱི་རིམ་ཀྱིས་པའི་སྒོ་ཞེས་པ་དང་ཅིག་ཆར་བའི་སྒོ་ཞེས་པ་གཉིས་ཐད་ཀར་སྒྲ་སོར་བཞག་ཏུ་བྲིས་པ་ཙམ་ལས་གང་ཡང་མིན་ནོ།།
དེ་བཞིན་ཀ་མ་ལ་ཤི་ལ་དང་། བི་མ་ལ་མི་ཏྲ་གཉིས་ཀྱིས་བརྩམས་པའི་རྣམ་པར་མི་རྟོག་པར་འཇུག་པའི་རིམ་པའི་སྒོམ་རིམ་ཚིག་རིས་འདྲ་བ་བསྟན་འགྱུར་དུ་བཞུགས་པར་ཡང་། རིམ་ཀྱིས་པ་དང་གཅིག་ཆར་བ་ཞེས་པའི་ཚུལ་འདི་ཤིན་ཏུ་གསལ།
ལར་སྦ་བཞེད་རྙོག་མ་ཅན་ཡིན་པ་དང་། ཁྱད་པར་སྐབས་འདིའི་སྦ་བཞེད་ལ་ལྷད་ཡོད་ངེས་ལགས་ན་མཁས་པ་དཔུང་སྦྲེལ་གྱིས་ཞིབ་འཇུག་གནང་སྐབས་ཡིད་འཇོག་དགོས་ངེས།འོན་ཀྱང་། མི་ཞིག་མེར་སྲེག་བཏང་མྱོང་བ་ཙམ་ཞིག་ཕལ་ཆེར་མཚོན་ཐུབ། དེ་མིན་ཡིད་གཏོན་དཀའ་འོ། །
འོ་ན། རང་ལུས་མེ་སྲེག་གིས་ལས་འགུལ་འདིས་བོད་མིའི་བདེ་སྡུག་ལ་ཕན་འདོགས་ཡོད་པ་ཞིག་ཡིན་ནམ་ཡང་ན་གནོད་པའི་རང་བཞིན་ཞིག་ཡིན་ནམ།
རྣམ་པ་གཉིས་ཀྱིས་ཞིབ་འཇུག་སྤུས་དག་གནང་འདུག་པར་ཐུགས་རྗེ་ཆེ་ཞུ། གནད་དོན་གང་འདྲ་ཞིག་ཡིན་རུང་དེར་རྒྱབ་ལྗོངས་རེ་ཡོད་ལ་རྒྱབ་ལྗོངས་དེའི་འོག་ནས་ལོ་རྒྱུས་ཀྱི་གསང་བའང་རྟོགས་ཐུབ་ཀྱི་ཡོད། རང་རེའི་སྤྱི་ཚོགས་ནང་རྩོམ་པ་པོ་དང་བསམ་བློ་བར་འཆེས་པ་མང་པོ་ཞིག་ཡོད་ཀྱང་ད་རེས་ཀྱི་རྩོམ་ཡིག་འདི་ལྟ་བུ་གནད་ལ་འཁེལ་བ་འབྲི་མཁན་ཞིག་ངས་ཅང་མཐོང་མ་སོང་། ཐུགས་རྗེ་ཆེ་མུ་མཐུད་རིན་ཐང་ལྡན་པའི་དཔྱད་རྩོམ་དེ་རིགས་སྤེལ་རོགས་གནང་། ཆབ་བྲག་ལྟ་བུས་ཅི་ཙམ་བཤད་ཀྱང་ཁ་སྟོང་ཙམ་ལས་དེ་མིན་ཁོ་པར་བསམ་བློ་གསར་པ་གང་ཡང་མེད་པ་རེད། དེ་ནི་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་གྱོང་གུན་ཞིག་ཀྱང་རེད།
རྣམ་པ་གཉིས་ཀྱིས་ལོ་རྒྱུས་ཀྱི་བྱུང་བ་ཟུར་དུ་བཏོན་ནས་ཆབ་སྲིད་ཀྱི་ར་སྤྲོད་དུ་བགྲང་བ་ལེགས་མོད། འོན་ཀྱང་། ལོ་རྒྱུས་ཉམས་ཞིབ་པ་ཞིག་ལ་མཚོན་ན་བྱེད་སྟངས་འདིའི་རིགས་ལ་དགའ་བ་ཆེར་མི་འདུག ལྷག་པར་དུ། མ་ཧཱ་ཡ་ན་དང་ཀཱ་མ་ལ་ཤི་ལ་གཉིས་ཀྱི་རྩོད་པའི་སྐོར་ལ་ཞིབ་འཇུག་ཟབ་མོ་བྱ་རྒྱུ་ཡོད་ལ། སྦ་བཞེད་ཚད་འཛིན་བྱས་ན་ལོ་རྒྱུས་ལ་ཕྱོགས་ལྷུང་འབྱུང་སྲིད། སྐབས་དེར་ཡེ་ཤེས་དབང་པོ་དང་བཱཻ་རོ་ཙ་ན་གཉིས་རྫོགས་ཆེན་གྱི་ཆོས་སྒོར་ཞུགས་ཡོད་ཀྱང་རྫོགས་ཆེན་གྱི་ལྟ་སྒོམ་མཐུལ་ཕྱིན་པ་ཞིག་ཤེས་རྟོགས་བྱུང་མེད་པ་ནི་གནུབས་ཆེན་གྱི་གསུང་ལས་ཤེས་ཐུབ། དེ་བས། ང་ལ་རེ་སྐུལ་ཞིག་ཡོད་པ་ནི། རྣམ་པ་གཉིས་གཙོ་བྱས་པའི་ལོ་རྒྱུས་དཔྱད་བརྗོད་པ་ཚོས་སྟོན་རྩེན་གཉིས་ཀྱི་སྐོར་ལ་ཞིབ་འཇུག་ཅིག་བྱ་རོགས་ཞུས་པ་ཡིན། དེ་གང་གི་ཕྱིར་དུ་ཞེ་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བསམ་གཏན་མིག་སྒྲོན་ལས་ང་ཚོར་བློ་བསྐྱེད་དང་བསམ་བློ་གསར་བ་ཞིག་གི་སྒོ་འབྱེད་པའི་ཕྱིར་དུའོ།
བོད་ཀྱི་མཁས་པ་དང་ལོ་རྒྱུས་སྨྲ་བ་ཡིན་ཟེར་མཁན་འདི་ཚོས། རྒྱ་ནག་གི་མིང་ཙམ་ཡང་འདོན་མི་ཐུབ་པ་འདི་དགོད་བྲོ་བ་ཞིག་རེད། རྒྱལ་ཁབ་ལ་ལ་ཟེར་དོན་འདི་རིག་གནས་པ་ཡིན་ཆབ་སྲིད་པ་མིན་པའི་རྣམ་འགྱུར་ཡིན་རྒྱུ་རེད་པཱ། དངོས་གནས་དགོད་ཀྱི་ཡོང་གི
དེང་སང་རང་མི་དང་ཕྱི་མི་ཚང་མས་རང་ལུས་མེར་བསྲེགས་ཀྱི་ལོ་རྒྱུས་རྙིང་པའི་སྐོར་རྩད་གཅོད་དང། མི་རིགས་གཞན་དག་ནང་ལ་ཡང་མེར་བསྲེགས་ཅི་བྱང་དང་འབྱུང་བཞིན་པ་སོགས་མང་པོ་ཞིག་གླེང་གིན་འདུག ལ་ལས་ད་དུང་མེར་བསྲེགས་འདི་དག་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་དང་གསང་བ་གཞན་ཞིག་ཡོད་པ་གླེང་གིན་འདུག
འོན་ཀྱང། ངའི་བསམ་ཚོད་ལ། རྒྱ་དམར་གྱིས་བོད་ལ་ཐོག་མར་ཇི་ལྟར་བཙན་འཛུལ་བྱས་པ་ནས་ད་བར་དུ་ངོ་རྒོལ་དང་ཞི་དྲག་གི་འཐབ་རྩོད་ཅི་རིགས་མཚམས་མ་ཆད་པར་ཡོད་པ་རེད་ལ། ལུས་སྲོག་ལོངས་སྤྱོད་ཡོད་ཚད་བློས་བཏང་བ་ཧ་ཅང་མང་པོ་བྱུང་ཡོད། དེ་རིང་གི་རང་ལུས་མེར་སྲེག་གི་ཞི་རྒོལ་འདི་ཡང་དེའི་ནང་གི་ཆ་ཤས་གཅིག་རེད། འདི་དག་ལས་དེ་སྔོན་གྱི་རྒྱལ་གཅེས་དཔའ་རྒོད་དེ་དག་ལ་རིན་ཐང་མེད་པ་འདྲ་བོ་དང་དེ་དག་ལ་ལྷག་བསམ་སེམས་སྐྱེད་དམན་པ་ལྟ་བུའི་ངོས་འཛིན་གཏན་ནས་གནང་མི་རུང་བ་ཞིག་རེད། ཡུལ་དུས་གནས་སྐབས་སོ་སོར་རང་སྲོག་འབུལ་སྟངས་མི་འདྲ་བ་ཡོང་བ་ལས་གཅིག་ལས་གཅིག་ལྷག་པ་ལྟ་བུ་ཞིག་མ་རེད་འདོད། ཁྱད་པར་ཆེ་ཤོས་དེ་དམིགས་ཡུལ་དང་ཀུན་སློང་ལ་རག་ལས་ཡོད། དེ་རེ་རེ་ཇི་བཞིན་སུས་ཀྱང་རྟོགས་དཀའ་བ་ཞིག་རེད།
མདོར་ན་དེ་རིང་ང་ཚོས་གླེང་དགོས་པ་དེ། དེ་རིང་གི་མེར་བསྲེགས་འདི་ཇི་ལྟར་བྱུང་བའི་རྒྱུད་རིམ་གསལ་རྟོགས་དང་ཅིའི་ཕྱིར་བསྲེགས་པ། བསྲེགས་ནས་ཅི་ཞིག་འཐོབ་རྒྱུ་ཡིན་པ། འདི་མུ་མཐུད་དུ་སྤེལ་དགོས་མིན། ང་ཚོ་གཞུང་སྒེར་སོ་སོའི་ངོས་ནས་ཅི་ཞིག་བྱེད་འོས་མིན། གང་དག་བྱེད་ཐུབ་མིན་བཅས་ཀྱི་ས་མཚམས་ལས་བརྒལ་མི་དགོས་པར་འདོད།
མཁས་དབང་རྣམ་པ་གཉིས་ཀྱིས་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཟུར་བཏོན་བྱས་པ་བཟང་མོད། རྣམ་པ་གཉིས་ཀྱིས་མཁས་པའི་དཔུང་རྡང་ལྷན་སྦྲེལ་གྱིས་འདི་ལྟར་ཞིབ་འཇུག་གཏིང་ཟབ་གནང་བར་དགོས་པ་གང་བྱུང་གསལ་ཆ་མ་བྱུང་མོད། ཕལ་ཆེར།
(ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་སྟོབས་ཆེན་དང་ཡར་ཐོན་དུ་རློམ་པའི་རྒྱལ་ཁབ་དང་སྲིད་གཞུང་ལ་ལས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་མཁན་ཚོར་འཛིན་པའི་སྲིད་བྱུས་དེ། ཧ་ཅང་རྗེས་ལུས་དང་ཧ་ཅང་ནུས་མེད་ཡིན་པ་ནི། དུས་རབས་ཉེར་གཅིག་པ་དང་དུས་རབས་བརྒྱད་པའི་བར་ལོ་གྲངས་ག་ཚོད་ཀྱི་ཁྱད་པར་ཡོད་པ་དེས་མཚོན་ནུས་པ་ཞིག་རེད།། །།) འདི་ཡིན་ཚོད་རེད། གང་ལྟར་རྣམ་པ་གཉིས་ཀྱིས་ཐུགས་གཟབ་གནང་འདུག་་ཧཧཧཧཧཧཧཧ།