ཉེ་བའི་བདུན་ཕྲག་གསུམ་གྱི་སྔོན་ལ་པའོ་ཞིས་ལའེ་སྙིང་ནད་ཀྱི་རྐྱེན་པས། པེ་ཅིན་ ༣༠༡ སྨན་ཁང་དུ་བསྐྱལ་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་མཱེན་ཅིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། པའེ་ཏའེ་ཧི་རུ་བཀག་སྡོམ་འདྲི་གཅོད་འོག་ཡོད་པའི་ཁྲུང་ཆིན་གྲོང་དམར་ཤོག་དྲུང་ཆེ་ཟུར་པ་པའོ་ཞིས་ལའེ་སྙིང་ནད་འཕར་ཏེ། ཉེ་བའི་བདུན་ཕྲག་གསུམ་གྱི་སྔོན་ལ་པེ་ཅིན་གྱི་དམག་མིའི་སྨན་ཁང་ ༣༠༡ ནང་བསྐྱལ་ཡོད་པ་མ་ཟད། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོའི་སྡོད་ཤག་ཏུ་བཞག་སྟེ་སྨན་བཅོས་བྱེད་བཞིན་ཡོད་འདུག
པའོ་ཞིས་ལའེ་ཡི་གོ་གནས་ཕབ་རྗེས་ཐོག་མར་པེ་ཅིན་གྱི་གསང་བའི་ས་གནས་ཤིག་ཏུ་བཀག་ཉར་བྱས་ཤིང་། རྗེས་སུ་པའེ་ཏའེ་ཧི་རུ་གནས་སྤོར་གྱིས་རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གིས་ཞིབ་བཤེར་བྱས་ཡོད་ལ། ཁོ་སྡོད་སའི་ས་གནས་དེར་དམག་མི་ཕྱི་ནང་རིམ་གསུམ་དུ་བགར་ཏེ་བཀག་སྡོམ་ལྟ་སྲུང་ནན་མོ་བྱས་ཡོད་པ་རེད། པའོ་ཡིས་དེ་སྔོན་ཧུའུ་ཅིན་ཐའོ་དང་ཅཱང་ཙེ་མཱེན། ཞི་ཅིན་ཕེན། ཀྲུག་ཡུང་ཁཱང་བཅས་ལ་ཐུག་འཕྲད་ཀྱི་རེ་འདུན་བཏོན་ཡོད་ཀྱང་། འབྲེལ་ཡོད་སྡེ་ཁག་གིས་ཁོའི་རེ་འདུན་དང་ལེན་བྱས་མི་འདུག
གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་གཞུང་གིས་ཝང་ལིས་ཅོན་དང་ཀུའུ་ཁའེ་ལའེ། པའོ་ཞིས་ལའེ་བཅས་ཀྱི་ཉེས་དོན་སོ་སོར་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་གྱི་སྔོན་དུ་ཝང་ལིས་ཅོན་ལ་རྒྱལ་ཁབ་ངོ་ལོག་པའི་ཉེས་མིང་འོག་ཁྲིམས་གཅོད་དང་། ཀུའུ་ཁའེ་ལའེ་དང་ཀྲང་ཞའོ་ཅོན་གཉིས་ལ་མི་གསོད་ཉེས་མིང་འོག་ཁྲིམ་ཐག་གཅོད་རྒྱུ་ཡིན་པ་དང་། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། རྒྱལ་ཡོངས་སྲིད་གྲོས་ཚོགས་འདུ་གཉིས་ཚོགས་གྲུབ་པའི་རྗེས་སུ། ད་གཟོད་པའོ་ཞིས་ལའེ་ཡི་ཉེས་དོན་ཐག་གཅོད་བྱ་རྒྱུ་ཡིན་པའི་ཚོད་བགམ་བྱ་བཞིན་འདུག
ཆབ་སྲིད་དཔྱད་བརྗོད་པ་དག་གིས། དེ་སྔོན་པེ་ཅིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཁྲིན་ཞིས་ཐུང་ལ་ལོ་ ༡༦ བཙོན་ཐག་དང་། ཧྲང་ཧེ་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཁྲིན་ལཱེང་ཡུས་ལ་ལོ་ ༡༨ བཙོན་ཐག་བཅད་ཡོད་ཀྱང་། པའོ་ཞིས་ལའེ་དང་རྒྱ་གཞུང་དབུས་མཐོ་རིམ་དཔོན་རིགས་བར་གྱི་འབྲེལ་བ་ནི་ཧ་ཅང་གཏིང་ཟབ་ལ་རྙོག་འཛིང་ཆེ་སྟབས། པའོ་ལ་ཁྲིམས་ཐག་ག་འདྲ་ཞིག་གཅོད་མིན་གྱི་གནད་དོན་དེ་ནི་ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། མ་འོངས་པའི་སྲིད་འཛིན་ཞིས་ཅིན་ཕེན་གཉིས་སུ་ལ་མཚོན་ནའང་ཉམས་ཚོད་ལེན་བྱེད་ཀྱི་དཀའ་གནད་ཅིག་ཆགས་ཡོད་པར་ངོས་འཛིན་གནང་གི་ཡོད་འདུག