ཉེ་སྔོན་ཨོ་རི་ས་བོད་མིའི་གཞིས་ཆགས་ནང་བྱུང་བའི་ས་ཞིང་གི་དཀའ་རྙོག་དེའི་འབྱུང་རྩ་ནི། ཐོག་མར་རྒྱ་གར་གཞུང་གིས་ས་ཆ་བོགས་གཏོང་གནང་བའི་ཁྲིམས་མཐུན་ཡིག་ཆ་བོར་བརླག་ཕྱིན་པའི་རྐྱེན་གྱིས་ཡིན་པ་དང་། ད་ལྟའི་ཆར་ད་དུང་ཁྲིམས་མཐུན་ཐོག་དཀའ་རྙོག་གཙང་སེལ་མ་ཐུབ་པར་ལྷག་ཡོད་འདུག
ཉེ་སྔོན་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནང་། བོད་མིའི་ས་ཞིང་བདག་དབང་ཐད་ས་གནས་རྒྱ་གར་ཡུལ་མིས་རྙོག་ཟིང་བཟོས་ཏེ། ཞིང་ཁའི་ནང་གླང་དོར་ ༡༠༠ དེད་ཡོང་བ་དང་། ཡུལ་མི་བརྒྱ་གྲངས་འགའ་ཤས་མཉམ་འཛོམ་གྱིས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ། བོད་མི་ཚོས་རྒྱ་གར་གྱི་ས་ཆ་ཧམ་བཟུང་བྱས་ཡོད་སྐོར་དང་། ས་ཆའི་ཡིག་ཆ་གསལ་བོ་མ་ཆགས་བར་ཞིང་ཁ་འདེབས་མི་ཆོག་པ་སོགས་བརྗོད་པར་བརྟེན། འདི་ལོར་ཨོ་རུ་ས་ཕུན་ཚོགས་གླིང་གི་གཞིས་གྲོང་ཁག་ ༥ ཡིས་སོ་ནམ་འདེབས་ལས་མ་ཐུབ་པར་འཇོག་དགོས་བྱུང་ཡོད་པ་མ་ཟད། ས་ཐོ་ལག་འཛིན་གྱི་དཀའ་རྙོག་དེ་ད་དུང་གཙང་སེལ་ཐག་གཅོད་མ་བྱུང་པར་ལྷག་ཡོད་འདུག
ཨོ་རུ་ས་གཞིས་ཆགས་ཀྱི་དཀའ་རྙོག་དེའི་ད་ལྟའི་གནས་སྟངས་སྐོར་ལ། ས་གནས་གཞིས་མགོ་མགོན་པོ་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་ “ གནས་ཚུལ་འདི་ཐེངས་དང་པོ་མ་རེད། སྔོན་ཆད་ཐེངས་གཉིས་ལ་རྙོག་དྲ་བྱུང་ཚར་འདུག ང་རང་གཞིས་མགོའི་སྐབས་བྱུང་བའི་གནས་ཚུལ་འདི་ཐེངས་གསུམ་པ་ཆགས་འདུག ”ཅེས་བརྗོད་དེ། ཉེ་སྔོན་རྒྱ་གར་ས་གནས་ཡུལ་མི་ཨ་དེ་ཝ་སའེ་ཡིས་ཡིག་ཆ་གསལ་བོ་མ་ཆགས་བར་དུ། བོད་མི་ཚོས་ཞིང་ཁ་འདེབས་མི་ཆོག་པའི་དཀའ་རྙོག་བཟོས་པ་ལྟར། གནས་ཚུལ་དེ་འབྲེལ་ཡོད་རྒྱ་གར་གཞུང་ལ་ཞུས་མཐར། ཕྱི་ཟླ་ ༦ ཟླ་འཇུག་ཙམ་ལ་ས་གནས་རྫོང་དཔོན་གྱིས་བོད་མིས་ཞིང་ཁ་འདེབས་ཆོག་པའི་ཡིག་ཐོག་གསལ་བཤད་ཅིག་སྤྲད་ཡོད་ཀྱང་། ཞིང་ཁ་འདེབས་ལས་ཀྱི་དུས་ཚིགས་ཡོལ་བར་བརྟེན་རྗེས་མ་སྟོན་ཐོག་བསྡུ་རྒྱུ་མེད་པའི་གནས་ཚུལ་འབྱུང་སྲིད་སྟབས། བོད་མིའི་གཞིས་གྲོང་ཁག་ ༥ ནས་ཞིང་ཁ་འདེབས་རྒྱུ་མིན་པའི་ཞུ་སྙན་ཕུལ་ཏེ། འདི་ལོ་ཨོ་རི་ས་བོད་མིའི་གཞིས་གྲོང་ཁག་ལྔའི་ཞིང་ཁ་ཡོངས་རྫོགས་སྟོང་བར་སྐྱུར་དགོས་བྱུང་ཡོད་པ་དང་། ས་གནས་བོད་མི་ཚོས་འབྲེལ་ཡོད་སྡེ་ཁག་གིས་གུན་གསབ་རེ་གནང་སྐྱོང་ཡོང་བའི་རེ་འདུན་འདོན་བཞིན་ཡོད་འདུག
ཕྱི་ལོ་ ༢༠༠༣ ལོར་བཀའ་ཤག་སྐབས་བཅུ་གཉིས་པས་ས་ཆའི་ཡིག་ཆ་ཡོད་པ་རྣམས་ཁྲིམས་སྒྲིག་ཐོག་བཟོ་དགོས་པ་དང་། སྔར་མེད་པ་རྣམས་བསྐྱར་ཞུ་གནང་དགོས་པ། དུས་ཚོད་རྫོགས་ཟིན་པ་ཁག་འཕར་འགྱངས་བྱ་དགོས་པ་བཅས་ཀྱི་ལམ་སྟོན་ཕེབས་པ་བཞིན་ཨོ་རུ་ས་གཞིས་ཆགས་ཀྱིས་ཀྱང་རྒྱ་གར་གཞུང་ལ་འཕར་འགྱངས་ཞུས་ཏེ་ ༢༠༠༨ ལོར་ལོ་ ༡༠ འཕར་འགྱངས་སྤྲད་ཡོད་པ་དང་། མི་ཚང་རེ་རེ་ནས་ས་ཐོ་ལག་འཛིན་གྱི་འགེངས་ཤོག་བསྐོངས་ཏེ་ཚར་ལ་ཉེ་སྐབས། ས་གནས་ཆབ་སྲིད་ཚོགས་པ་རེ་འགས་བོད་པས་རྒྱ་གར་ས་ཆ་ཧམ་བཟུང་བྱས་ཡོད་སྐོར་བརྗོད་དེ། ཉམ་ཐག་ཡུལ་མི་ཚོར་ཉིན་རེར་ཧིན་སྒོར་ ༡༥༠ རེ་སྤྲད་ནས་ངོ་རྒོལ་བྱེད་དགོས་པའི་བརྒྱུད་སྐུལ་བྱས་པར་བརྟེན། ཉེ་སྔོན་གྱི་རྙོག་ཟིང་དེ་བྱུང་ཡོད་འདུག
བོད་མིས་ས་ཆ་ཧམ་བཟུང་བྱས་ཡོད་མེད་སྐོར་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ “བཀའ་ཤག་སྐབས་བཅུ་གཉིས་པས་རྒྱ་གར་གཞུང་ལ་ས་ཆའི་དུས་ཚོད་འཕར་འགྱངས་ཡོང་རེ་ཞུས་སྐབས། ང་ཚོའི་ལག་ཏུ་ས་ཆའི་ཡིག་ཆ་མེད་པ་ནང་བཞིན། ས་གནས་རྫོང་གི་བོད་པའི་ས་ཞིབ་སྡེ་ཚན་ནས་ཀྱང་ཡིག་ཆ་སྟོན་རྒྱུ་མེད་པ་ཆགས་སྟབས། ཞིབ་འཇུག་གཞི་རྟེན་གང་ཡང་མ་རྙེད་པར་ས་ཞིབ་ལས་ཁུངས་ནས་བསྐྱར་དུ་ས་ཞིབ་བྱ་དགོས་བྱུང་པ་དང་། ས་ཞིབ་སྐབས་བོད་མིར་བདག་པའི་ས་ཆ་ཨེ་ཀཱར་ ༢༡༤༠ ནང་ཁང་ས་དང་ཞིང་ས། སྤྱི་ས་བཅས་བཏོན་པའི་ལྷག་ཤུལ་དུ། བོད་མིས་རྒྱ་གར་ས་ཆ་ཨེ་ཀཱར་ ༡༠༠ ཙམ་ཧམ་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་ས་ཞིབ་སྙན་ཐོའི་ནང་ཐོན་འདུག དེར་བསྐྱར་ཞིབ་བྱས་སྐབས་བོད་མིས་ས་ཆ་ཧམ་བཟུང་བྱས་པ་མིན་པར། ཐོག་མར་མི་ཚང་རེ་རེར་ཞིང་ཁ་བགོ་འགྲེམས་སྐབས། གཡས་གཡོན་ཉེ་འདབས་སུ་ཆ་བགོས་རྒྱག་མ་བདེ་བའི་ས་ལྷག་ཕྲན་བུ་ཡོད་པ་རྣམས་མཉམ་དུ་བསྡོམས་ཡོང་དུས། གཞིས་གྲོང་ལྔའི་ནང་ཁྱོན་བསྡོམས་ས་ཨེ་ཀཱར་ ༧༠ ལྷག་ཐོན་ཡོང་གི་ཡོད་པ་རེད། གནས་ཚུལ་དེ་ཆབ་སྲིད་ཚོགས་པ་རེ་འགས་ལག་ཆ་བྱས་ཏེ་རྙོག་ཟིང་བཟོས་པ་ཞིག་རེད།” ཅེས་བརྗོད་དེ། དེའི་ཐད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ས་གནས་སུ་ཆེད་སྐྱོད་ཀྱིས། གལ་སྲིད་བོད་མི་ཚོས་རྒྱ་གར་ས་ཆ་ཧམ་བཟུང་བྱས་ཡོད་པ་ཞིག་གསལ་སྟོན་བྱུང་པ་ཡིན་ན། བོད་མིའི་ངོས་ནས་རྙོག་དྲ་གང་ཡང་མེད་པར་ཕྱིར་འབུལ་ཆོག་པའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་གནང་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ཞིང་ཁའི་དཀའ་རྙོག་དེའི་ཐོག་མའི་འབྱུང་རྩ་ནི། ༡༩༦༣ ལོར་བོད་པའི་གཞིས་གྲོང་ཐོག་མར་རྒྱག་སྐབས། རྒྱ་གར་གཞུང་གིས་ས་ཆ་བོགས་མར་གཏོང་པའི་རྩ་འཛིན་ཡིག་ཆ་དེ་བོར་བརླག་ཕྱིན་པའི་རྐྱེན་གྱིས་ཡིན་འདུག དེའི་ཐད་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་ཀྱིས་བརྗོད་པ་ལྟར་ན། ཐོག་མའི་བོགས་གཏོང་ཡིག་ཆ་དེ་རྩ་འཛིན་ནང་ཉར་མ་ཐུབ་པ་དང་། ཡང་ན། གཞིས་ཆགས་གསར་འཛུགས་སྐབས་ཀྱི་རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་གང་དེས། བོད་མིའི་གཞིས་ཆགས་ལས་ཁུངས་ལ་ཚུར་ཡིག་ཆའི་ངོ་བཤུས་མ་སྤྲད་པའི་རྐྱེན་གང་ཡིན་གསལ་ཁ་མེད་ཀྱང་། གང་ལྟར་ ༡༩༦༥ ནས་ ༡༩༧༥ བར་ས་ཆ་བོགས་གཏོང་བྱས་ཡོད་པའི་ཡིག་འབྲེལ་ཙམ་ལས། ཐོག་མའི་བོགས་གཏོང་གན་རྒྱའི་ཡིག་ཆ་ངོ་མ་དེ་བརླགས་ཟིན་པ་དང་། ༡༩༧༥ ལོར་བསྐྱར་དུ་འཕར་འགྱངས་དུས་ཚོད་ལ་སླེབས་སྐབས་ཀྱང་། ལོ་ ༢༠ རིང་བསྐྱར་དུ་བོགས་གཏོང་འཕར་འགྱངས་སྤྲད་པའི་ཡིག་འབྲེལ་ཙམ་ལས། བོར་བརླག་ཕྱིན་པའི་ཡིག་ཆ་བསྐྱར་དུ་རྒྱ་གར་གཞུང་ལ་མ་ཞུས་པ་དང་མ་སྤྲད་པ་གང་ལྟར་སྔར་བཞིན་རག་མི་འདུག ཡིན་ནའང་། སྐབས་དེར་རྒྱ་གར་གཞུང་གིས་བོད་མི་དོ་བདག་སོ་སོའི་ས་ཆ་ཐོབ་ཁོངས་ཀྱི་འགེངས་ཤོག་བསྐངས་ཏེ་ཡར་འབུལ་དགོས་པ་བརྗོད་འདུག་ཀྱང་། བོད་པ་རང་ངོས་ནས་ལྷོད་ཡངས་སུ་བཏང་སྟེ་འགེངས་ཤོག་ཡར་སྤྲད་མེད་པ་མ་ཟད། ༡༩༩༥ ནས་ ༢༠༠༨ ལོའི་བར་ས་ཆ་བོགས་གཏོང་དུས་ཚོད་འཕར་འགྱངས་ཀྱི་ཡིག་འབྲེལ་དེའང་མ་ཞུས་པར་སྣང་མེད་དུ་བཞག་པ་བཅས་ཀྱིས་ཡིན་འདུག
བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ། བོད་མིའི་གཞིས་ཆགས་ཁག་ནང་ས་ཐོ་ལག་འཛིན་སྐོར་ལ་དཀའ་རྙོག་འཕྲད་བཞིན་པའི་ཐད་དགོངས་ཚུལ་དྲིས་པར་ཁོང་གིས། “ སྔོན་ཆད་བོད་པ་སྐྱབས་བཅོལ་དུ་འབྱོར་རྗེས། རྒྱ་གར་གཞུང་གིས་ནང་སྲིད་ལས་ཁུངས་དབུས་བོད་མིའི་ངལ་སེལ་ཚོགས་པའི་མིང་ཐོག་ལ་ས་ཆ་བོགས་མར་བཏང་ཡོད་པ་རྣམས་གཞིས་ཆགས་ཁག་སོ་སོར་བགོ་འགྲེམས་བྱས་ཡོད་པ་རེད། ཡིན་ནའང་བོད་མི་ཚོས་སྣང་མེད་དུ་བཏང་སྟེ། ནམ་རྒྱུན་ཁ་ནས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་དཀའ་ངལ་གང་ཡང་འཕྲད་པ་མ་རེད་ཟེར་ནས། སོ་སོའི་ངོས་ནས་དོ་སྣང་དང་འགན་ཏག་ཏག་མ་བླངས་པའི་དབང་གིས་འདི་ལྟར་འཐུས་ཤོར་དུ་བཏང་བ་རེད” ཅེས་བརྗོད་དེ། ཞིང་ཁ་འདེབས་ལས་བྱེད་མཁན་མི་རབས་རྒན་པ་རྫོགས་རྗེས། གཞོན་སྐྱེས་ཚོས་ཞིང་ཁ་འདེབས་མ་འདོད་པར་རྒྱ་གར་ཡུལ་མིར་ཕར་ཞིང་ཁ་བོགས་མར་བཏང་སྟེ་འདེབས་བཅུག་པ་སོགས་ལ་བརྟེན་ཏེ་དཀའ་ངལ་འདི་རིགས་འཕྲད་ཀྱི་ཡོད་པ་དང་། འབྱུང་འགྱུར་ཞིང་ཁ་འདེབས་མ་ཐུབ་ཀྱང་གཞན་པའི་འཛུགས་སྐྲུན་ལས་གཞི་འདྲ་མིན་སྤེལ་ཏེ་ས་ཆར་བདག་པོ་རྒྱག་གལ་ཆེ་ཚུལ་སོགས་བརྗོད་སོང་།
ད་ལྟའི་ཆར་ཨོ་རི་ས་གཞིས་ཆགས་ཀྱི་ས་ཆའི་དཀའ་རྙོག་ཐག་གཅོད་ག་རེ་བྱུང་ཡོད་མེད་ཐད། གཞིས་མགོ་མགོན་པོ་བཀྲ་ཤིས་ལགས་ཀྱིས་བརྗོད་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ནས་བཟུང་དཀའ་རྙོག་དེའི་སྐོར་ལ་རྒྱ་གར་གཞུང་གིས་ཞིབ་འཇུག་བྱས་ཏེ། ཕྱི་ཟླ་ ༨ ཚེས་ ༣༡ བར་དུ་ཐག་གཅོད་བྱ་རྒྱུ་གཏན་ཁེལ་ཡོད་པ་དང་། མཐའ་མའི་དུས་བཅད་ཉིན་དེར་ཞིང་ཁ་སུ་ལ་དབང་མིན་གསལ་བསྒྲགས་གནང་རྗེས། ཐག་གཅོད་དེའི་ཐད་དོགས་སློང་དང་ཡིག་ཆ་སོགས་སྟོན་རྒྱུ་ཡོད་ཚེ་བསྐྱར་ཞིབ་བྱ་ཆོག་སྐོར་འབྲེལ་ཡོད་རྒྱ་གར་གཞུང་ནས་བརྗོད་ཡོད་འདུག དེ་བཞིན། ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་ཀྱིས། “གཞི་རྩའི་ཁྲིམས་ཐོག་ནས་རྒྱ་གར་གཞུང་གིས་སྔོན་མ་བོགས་མར་གནང་ཡོད་པ་དེའི་ཐད་དཀའ་ངལ་ཞེ་དྲག་ཡོད་པ་མ་རེད། ཡིག་ཆ་བཟོས་ཚར་རྗེས་ལོ་ག་ཚོད་འཕར་འགྱངས་བྱ་དགོས་ཀྱང་། རྒྱ་གར་གཞུང་གི་བཀའ་འཁྲོལ་ཚད་ལྡན་ཆགས་བསྡད་ཡོད་པ་རེད” ཅེས་བརྗོད་སོང་།
༢༠༠༠ ལོའི་ཡར་སྔོན་ལ་རྒྱ་གར་གཞུང་གིས་བོད་མི་དོ་བདག་སོ་སོར་འཛིན་རེ་སྤྲད་དེ་ས་ཞིང་ཨེ་ཀཱར་རེ་ལ་ཧིན་སྒོར་ ༥ ཙམ་གྱི་ཁྲལ་བསྡུ་བཞིན་ཡོད་ཀྱང་། ཉེ་སྔོན་ས་ཐོ་ལག་འཛིན་གསལ་བོ་མ་ཆགས་པའི་དཀའ་རྙོག་ལ་བརྟེན་ནས། བོད་མི་ཚོའི་ལག་ནས་ས་ཁྲལ་བསྡུ་མཚམས་བཞག་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས།༽
བཀུར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་ལགས། ད་ལྟ་ཨུ་རི་ས་བོད་མིའི་གཞིས་ཆགས་ལ་འཕྲད་བཞིན་པའི་གནས་ཚུལ་བཞིན། ད་དུང་བོད་མིའི་གཞིས་ཆགས་ཇི་ཙམ་ལ་ཕྲད་སྲིད་པ་ཡིན་མིན་སྔོན་ཚུད་ནས་ཞིབ་འཇུག་དོ་ནན་དང་། སྲིད་བྱུས་གཏན་འབེབས་སྲ་ཐག་ཐག་གཅིག་མེད་ན། མུ་གེའི་སྒང་ལ་ཟླ་ལྷག་གི་གནས་ཚུལ་མི་ཆགས་པ་ཕལ་ཆེར་མི་འདུག
གནས་ཚུལ་འདི་ཧ་ལས་པའི་ཐབས་སྡུག་པོ་རེད། འདིའི་འགན་གཙོ་བོ་ནི་བཀའ་ཤག ནང་སྲིད་ལྷན་ཁང། སྤྱི་འཐུས་ལྷན་ཁང་དང་ས་གནས་དེའི་གཞིས་འགོ་རིམ་པ་ཚོས་ལེན་དགོས་པ་རེད། ས་གནས་མི་དམངས་པ་འགན་གཡོག་ཐབས་རྩ་བ་ནས་ཡོད་མ་རེད། མི་དམངས་ལ་ལྟ་རྟོགས་བྱེད་མཁན་རྐང་རྟེན་དུ་གཞིས་འགོ་གཏོང་གི་ཡོད་པ་རེད། ཁོང་ཚོར་གླ་ཕོགས་ཡོད་པརེད། ཕྲུ་གུ་གཞུང་གིས་བལྟ་གི་ཡོད་རེད། འོ་ན་ས་གནས་མི་དམངས་ཀྱི་དཀའ་ངལ་ལ་དོ་ཁུར་མ་བྱས་ན་ལས་ཀ་གང་ཡོད་དམ། ད་བར་དུ་ས་གནས་དེར་གཞིས་འགོ་རིམ་པ་ག་ཚོད་བསྐོ་གཏོང་བྱས་ཡོད་པ་ཚང་མར་དྲི་རྩད་ནན་པོ་བྱེད་དགོས། སྤྱི་འཐུས་དང་བཀའ་ཤག་གིས་འགན་འཁུར་དགོས། དེ་མིན་ན་བདེན་པའི་མེ་ལྕེ་འཁྱེར་ནས་སྐོར་བསྐྱོད་ག་ཚོད་བྱས་ཀྱང་གོད་དྲོ་བའི་གནས་སྟངས་རེད།
ད་ལྟོས་དང། བཀའ་བློན། སྤྱི་འཐུས། དྲུང་ཆེ། ས་གནས་འགོ་འཛིན་བཅས་ཀྱིས་སྐད་ཆ་བཤད་སྟངས་ནི་གཡས་ཁ་གཡོན་དཀྲི་ཙམ་ལས་འགན་འཁུར་ཡོད་པས་སྐད་ཆའི་རིགས་བརྗོད་མི་འདུག་ལ། མ་བྱུང་བ་ནི་ས་གནས་མི་མང་དང། དོ་དག་སོ་སོས་མ་འགྲིག་པའི་བསྐོར་བརྗོད་པ་ལས་ས་གནས་ཉམ་ཆུང་མི་མང་དེ་ཚོའི་བདེ་སྡུག་སེལ་རྒྱུའི་ཐབ་ལམ་ཙམ་ཡང་མི་བརྗོད་པ་ཡ་མཚན་རེད། དེ་ལས་ཐབ་སྐྱོ་བ་ཞིག་ནི་མི་མང་གི་བདེ་སྡུག་ཆེད་བཙུགས་པའི་ལས་ཁུངས་ཀྱིས་ལས་འགན་ནི་ཡིག་ཆ་ཉར་རྒྱུ་དེ་ཡང་བོར་བརླག་སོང་བ་དངོས་བདེན་ཡིན་ན། སྲི་ཞུ་བ་དང་། མི་མང་འགོ་འཁྲིད་ཞེས་ཐ་སྙད་འདོགས་རྒྱུ་དང། ཡིན་ཅེས་བརྗོད་རྒྱུར་ངོ་མི་ཚ་བ་ཨོ་རྩི་རེད། ད་དུང་ཡང་གཞི་ཆགས་ནང་རྒན་རྒོན་མ་གཏོགས་གཞོན་ནུ་འདུག་མིན་གྱི་སྐད་ངན་རྒྱབ་བཞིན་པ་ནི་གཞིས་མི་འདུག་རྒྱུའི་ཡིག་ཆ། སྲི་ཞུ་བ་དང་། འགོ་འཁྲིད་པས་བདག་པོ་རྒྱབ་མི་ཐུབ་ན་ཁག་ཅང་ཡོད་དམ།
དེ་ཐམས་ཅད་ས་གནས་འགོ་འཛིན་གྱི་ལས་ཀ་ཡག་པོ་བྱས་པའི་རྟགས་རེད། ཡིག་ཆ་བོར་བ་དེ་ཧ་ཅང་གི་ནོར་འཁྲེལ་ཆེན་པོ་ཞིག་རེད། མི་མང་ལ་ཁ་དཀྲིས་རྒྱུ་མེད། ས་གནས་འགོ་འཛིན་ཟླ་ཕོག་རག་སོང་ན་འགྲིག་སྡད་མཁན་དེ་འདྲ་འདུག་པས། གཞུང་ངོས་ནས་ལྟ་དཔྱད་ཡག་པོ་བྱས་ཏེ་བཀའ་ཚར་བོ་མ་གནང་ན་ས་གནས་གཞན་དུ་ཡང་འགོ་འཛིན་གྱི་རང་མི་མགོ་ལ་ཐོ་བ་དང་གཞན་མི་ཐུག་དུས་ཁ་ཡང་ཡག་པོ་ཞིག་གྲགས་མི་ཐུབ་མཁན་དེ་འདྲ་འདུག་པས།མ་འོངས་པར་དེ་ལས་སྡུག་བ་ཡོང་བའི་སྔ་ལྟས་མང་པོ་ཞིག་འདུག།