མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་བོད་སྐད་འཚོལ་མཁན་གྱི་བོད་ཕྲུག་སྐོར་ཞིག

བོད་ཀྱི་དུས་བབ།
༢༠༡༢/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སྟེང་བོད་ཁྱིམ་སློབ་གྲྭར་ཕྱི་རྒྱལ་ཁག་ ༦ ནས་རང་ལོ་ ༨ ནས་༡༩ བར་གྱི་བོད་ཕྲུག་ ༦༦ ཙམ་ལ། བོད་ཡིག་བོད་སྐད་གཙོས་པའི་བོད་ཀྱི་ལོ་རྒྱུས་དང་རང་བྱུང་ཁོར་ཡུག་ངོ་སྤྲོད། རིག་གཞུང་མྱོང་གོམས་སོགས་ཀྱི་དབྱར་ནང་གི་ལས་རིམ་ཞིག་འགྲོ་བཞིན་ཡོད།

ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་གོ་སྒྲིག་འོག ད་ལོའི་ཕྱི་ཟླ་ ༧ ཚེས་ ༣ ནས་ཕྱི་ཟླ་ ༨ ཚེས་ ༨ བར་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་། ཕྱི་རྒྱལ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་བྱིས་པ་ཚོར་བོད་ཡིག་བོད་སྐད་དང་། བོད་པའི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་ཀྱི་དབྱར་ནང་གི་ལས་རིམ་ཞིག་འཚོགས་བཞིན་ཡོད་ཅིང་། ལས་རིམ་སྐབས་བོད་ཡིག་དང་ལོ་རྒྱུས། བོད་ཀྱི་སྣོད་བཅུད་ཆགས་ཚུལ། ནང་ཆོས་ངོ་སྤྲོད། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་ལོ་རྒྱུས་ངོ་སྤྲོད། བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་། བོད་ཀྱི་དུས་ཆེན་ཁག དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ངོ་སྤྲོད། ཆེད་མཁས་མི་སྣའི་གསུང་བཤད་དང་། ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ། རིག་གཞུང་ལྟེ་གནས་ཁག་ཅིག་ལ་གཟིགས་སྐོར། ༧གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་སོགས་ཀྱི་ལས་རིམ་ཡོད་འདུག 

འདི་ལོའི་དབྱར་ནང་གི་ལས་རིམ་ནང་ཨ་རི་ནས་བོད་ཕྲུག་ ༤༠ དང་། སི་སུད་ནས་ ༡༥ ། ཁཱེ་ན་ཌ་ནས་ ༦ ། ནེ་ཐཱར་ལན་ཌི་ནས་ ༣ ། ཧྥ་རན་སི་ནས་ ༡ ། ཨོ་སི་ཊི་ལི་ཡ་ནས་ ༡ བཅས་རྒྱལ་ཁབ་ ༦ ནས་རང་ལོ་ ༨ ནས་ ༡༩ བར་གྱི་བོད་ཕྲུག་གྲངས་ ༦༦ ཙམ་འཛུལ་ཞུགས་བྱས་ཡོད་པ་དང་། སློབ་ཕྲུག་དེ་དག་གིས་སོ་སོའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་སྐུ་ཚབ་དོན་གཅོད་སོགས་བརྒྱུད་ཐོ་འགོད་བྱས་ཡོད་འདུག ལས་རིམ་འདིའི་ནང་འཛུལ་ཞུགས་བྱ་རྒྱུར་ཆ་རྐྱེན་གསུམ་ཚང་དགོས་པ་ནི། གཅིག བོད་རིགས་ཡིན་པའི་དཔང་རྟགས་སུ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཡོད་པ། གཉིས། ལོ་ ༡༠ ནས་ ༡༨ བར་ཡིན་པ་(ཐེངས་འདིར་ལ་ ༨ ནས་ ༡༩ བར་ཡང་འདུག )། གསུམ། སློབ་མ་རེར་འགྲོ་གྲོན་ཆེད་གོ་སྒྲིག་ཚོགས་ཆུང་ལ་ཨ་སྒོར་ ༣༥༠ འབུལ་དགོས་པ་བཅས་ཡིན་འདུག

དབྱར་ནང་གི་ལས་རིམ་འདི་ཐོག་མར་ ༢༠༠༠ ལོ་ཙམ་ནས་ཕྱི་རྒྱལ་ཁག་གི་བོད་ཕྲུག་གཅིག་གཉིས་རེ་བོད་ཁྱིམ་དུ་གོང་སེང་ལ་བླངས་ཏེ་བོད་ཡིག་བསླབ་པ་སོགས་བྱས་ཞིང་། ༢༠༠༥ ལོ་ཙམ་ནས་སློབ་ཕྲག་མང་དུ་ཕྱིན་རྗེས་ ༢༠༠༨ ལོ་ནས་དངོས་སུ་ད་ལྟའི་ལས་རིམ་འདི་མགོ་འཛུགས་བྱས་པ་ཞིག་དང་། ལོ་དེར་ཨ་རི་དང་སུད་སི། འཇར་མན་གསུམ་ནས་བོད་རིགས་སློབ་ཕྲུག་ ༢༩ ཡོང་པ་ནས་བཟུང་། ད་ལོའི་བར་རྒྱལ་ཁབ་ ༡༢ ནས་བོད་ཕྲུག་ ༢༩༠ ཙམ་འཛུལ་ཞུགས་བྱས་འདུག

དཔལ་མོ། ལོ་ ༡༦། འཛིན་རིམ་ ༡༢། ཨ་རི།

 དཔལ་མོ་ནི་བོད་རིགས་བུད་མེད་ཡེ་ཤེས་ཆོས་སྒྲོན་དང་ཨ་རི་བ་ཌོན་ཧྥར་བྷར་(Donfarber) གཉིས་གཉེན་སྒྲིག་བྱས་རྗེས་ཨ་རིར་སྐྱེས་ཡོད་ཅིང་། ཁོང་མོས་བོད་སྐད་སྒྲ་གདངས་དེ་ཙམ་དག་པོ་མེད་ཀྱང་གོ་བརྡ་སྤྲོད་ཐུབ་པ་ཞིག་བཤད་ཐུབ་ཀྱི་འདུག ཁོང་གིས་ “ང་རང་གིས་ཕ་མ་གཉིས་ལ་ད་ལོའི་དབྱར་ནང་གི་ལས་རིམ་ནང་བོད་སྐད་བོད་ཡིག་སྦྱོང་རྒྱུར་འགྲོ་འདོད་ཡོད་ཅེས་བཤད་པར་ཕ་མ་གཉིས་ཀྱིས་མོས་མཐུན་བྱས་སོང་། ང་རང་འགྲོ་སའི་སློབ་གྲྭ་དེར་སློབ་ཕྲུག་ ༤༠༠༠ ཙམ་ཡོད་པའི་ནང་ཕལ་ཆེར་ང་རང་གཅིག་པུ་ལས་བོད་རིགས་བྱིས་པ་མི་འདུག ང་ཚོའི་ནང་དུ་ཡང་བོད་སྐད་ཤོད་ཀྱི་མེད་དུས། ངས་བོད་སྐད་བོད་ཡིག་ཡག་པོ་ཤེས་ཀྱི་མེད་ཀྱང་སྦྱང་འདོད་ཆེན་པོ་ཡོད” ཅེས་བརྗོད་བྱུང་།

རིན་ཆེན་སྒྲོལ་མ། ལོ་ ༡༥། འཛིན་རིམ་ ༡༡། ཨ་རི།

རིན་ཆེན་སྒྲོལ་མ་ཨ་རིར་སྐྱེས་ཡོད་ཅིང་། ཁོང་གི་ཕ་མ་གཉིས་བོད་རིགས་ཡིན་པ་དང་། ཨ་ཕའི་མིང་ལ་ཨོ་རྒྱན་ཉི་མ་དང་། ཨ་མའི་མིང་ལ་བདེ་སྐྱིད་མཚོ་མོ་ཡིན་འདུག རིན་ཆེན་སྒྲོལ་མ་ཁོང་ཨ་རིར་ཡོད་པའི་གཟའ་ཉི་མའི་བོད་ཡིག་འཛིན་གྲྭར་སློབ་ཞུགས་བྱས་མྱོང་ཡོད་པ་མ་ཟད། ཐེངས་འདིར་ཡང་མོ་རང་ཉིད་ཀྱི་ཐག་གཅོད་ལྟར་ལས་རིམ་འདིའི་ནང་འཛུལ་ཞུགས་བྱས་ཤིང་། དམིགས་ཡུལ་ཕྱི་ལུགས་སྨན་པ་བྱ་རྒྱུ་དེ་ཡིན་ཟེར། ཁོང་གིས་ “དུས་རྒྱུན་ཕ་མ་གཉིས་ཀྱིས། ང་རང་གང་དུ་སྐྱེས་ཡོད་ཀྱང་རང་ཉིད་བོད་པ་ཞིག་ཡིན་སྟབས། བོད་སྐད་བོད་ཡིག་ཤེས་དགོས་པ་དང་། མི་གཞན་གྱིས་རང་ཉིད་ལ་བོད་པའི་སྐོར་སྐད་ཆ་འདྲི་སྐབས་འགྲེལ་བཤད་ཏག་ཏག་རྒྱག་ཐུབ་པ་ཞིག་དགོས་པ་རེད་ཟེར་ནས་བསླབ་བྱ་རྒྱག་གི་རེད་”ཟེར།

སྐལ་བཟང་ཕུན་ཚོགས། ལོ་ ༡༧། འཛིན་རིམ་ ༡༢།  ཁེ་ན་ཌ།

སྐལ་བཟང་ཕུན་ཚོགས་ནི་ཕ་རྡོ་རྗེ་དང་མ་བསྟན་འཛིན་ལྷ་སྐྱིད་གཉིས་སུ་ངྷ་སར་སྐྱེས་ཤིང་། ༢༠༠༣ ལོར་ཨ་རིར་ཕྱིན་ཡོད་པ་དང་། ༢༠༠༦ ལོར་ཕྱིར་ངྷ་སར་ཡོང་སྟེ་ཟླ་གཉིས་ཙམ་རིང་ཉི་མ་སློབ་གྲྭ་ནས་བོད་ཡིག་སྦྱངས་ཡོད་ཅིང་། ༢༠༠༩ ལོར་ཕ་མའི་འགྲོ་གྲོན་བཏང་སྟེ་ལས་རིམ་འདིའི་ནང་འཛུལ་ཞུགས་བྱས་འདུག ཐེངས་འདིའི་འགྲོ་གྲོན་སོ་སོས་སློབ་ཞོར་ལས་ཀ་བྱས་ཏེ་དངུལ་ཕྲན་བུ་གསོགས་ཡོད་པ་དེ་བཏང་ནས་ཡོང་བ་ཡིན་ཟེར། ཁོང་གིས་ “ངས་ཕ་མ་གཉིས་ལ་ནང་ནས་བོད་སྐད་བཤད་རོགས་ལབ་ཀྱི་ཡོད། འདིར་ཡོང་སྐབས་ལས་རིམ་ནང་འཛུལ་ཞུགས་བྱེད་མཁན་ཕལ་ཆེ་བས་བོད་སྐད་བཤད་ཤེས་ཀྱི་མེད་པ་མཐོང་སྐབས། ཕར་ཕྱོགས་ནས་རྒྱ་ནག་གིས་རྩ་མེད་བཟོས། ཚུར་ཕྱོགས་ནས་བོད་ཕྲུག་ཚོས་རང་སྐད་མ་ཤེས་པ་འདིས་བོད་ཀྱི་སྐད་ཡིག་ཁྱབ་ཚད་ཆུང་དུ་འགྲོ་ཡི་ཡོད་པའི་ཚོར་སྣང་དང་སེམས་འཚབ་བྱུང་”ཞེས་བརྗོད་བྱུང་།

བསྟན་འཛིན་དབང་ཕྱུག ལོ་ ༡༣། འཛིན་རིམ་ ༨། ཨོ་སི་ཊི་ལི་ཡ།

བསྟན་འཛིན་དབང་ཕྱུག་ཉི་ཧོང་ནས་སྐྱེས་ཤིང་། རྗེས་སུ་ཨ་མ་ཚེ་རིང་སྐྱིད་དང་ལྷན་དུ་ཨོ་སི་ཊི་ལི་ཡར་གནས་སྤོར་བྱས་འདུག ཁོང་གི་ཕ་ཉི་ཧོང་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཡིན་པ་དང་། ཁོས་བོད་སྐད་ཕྲན་བུ་ཞིག་ལས་བཤད་ཐུབ་ཀྱི་མེད་སྟབས་དབྱིན་སྐད་ནང་འདྲི་བ་དྲིས་ལན་བྱས་པ་ཡིན། ཁོང་གིས་ “ང་འདིར་བསླེབས་རྗེས་རང་ཉིད་སོ་སོའི་རིགས་ཀྱི་མི་དག་དང་འཕྲད་པའི་ཚོར་སྣང་བྱུང་། ནང་དུ་ཕ་མས་དབྱིན་སྐད་རྒྱག་གི་ཡོད་པས་ངས་བོད་སྐད་ཡག་པོ་ཤེས་ཀྱི་མེད། འོན་ཀྱང་། སྤུན་མཆེད་ཅིག་གིས་ཡོད་ཡིག་ཤེས་ཀྱི་ཡོད་པ་དེས་ང་ལ་བོད་ཡིག་སྦྱང་འདོད་ཀྱི་ཤུགས་རྐྱེན་བསླེབས་པ་རེད་”ཟེར།

བསྟན་འཛིན་ཚེ་རིང་། ལོ་ ༡༤། འཛིན་རིམ་ ༩། ནེ་ཐར་ལན་ཌི།

བསྟན་འཛིན་ཚེ་རིང་ནི་ནེ་ཐར་ལན་ཌིར་ཕ་ཚུལ་ཁྲིམས་རིན་ཆེན་རྡོ་རྗེ་དང་མ་ནེལ་རྗཱེ་(Neeltje Weinan) གཉིས་ཀྱི་བུར་སྐྱེས་ཤིང་། ལོ་སྔོན་མར་ཁོང་ལས་རིམ་འདིར་ཞུགས་ཡོད་པ་མ་ཟད། ཐེངས་འདིར་ཁོང་གིས་ནུ་མོ་ཆུང་ཆུང་གཉིས་ཁྲིད་དེ་ཡོང་འདུག ཁོང་ལ་མི་གཞན་ཞིག་གིས་ཁྱེད་ལ་བོད་པའི་སྐོར་སྐད་ཆ་དྲིས་ཚེ་ལན་གང་འདྲ་རྒྱག་ངེས་ཞེས་དྲིས་པར་ཁོང་གིས། “ངས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་རེད། ༡༩༥༩ ལོར་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས། བོད་པ་མང་པོ་ཕྱི་རྒྱལ་ཁག་ནང་བྲོས་བྱོལ་དུ་ཡོང་ཡོད་ཀྱང་། ད་དུང་བོད་པ་མང་པོ་བོད་ནང་དུ་ཡོད་པ་རེད། དེང་སྐབས་བོད་པ་མང་པོས་རང་ལུས་མེ་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་རེད་ཅེས་བཤད་ངེས་ཡིན་”ཟེར།

སྐལ་བཟང་བདེ་སྐྱིད། ལོ་ ༡༨། འཛིན་རིམ་ ༡༢། ཨ་རི།

སྐལ་བཟང་བདེ་སྐྱིད་ཀྱི་ཕ་མ་གཉིས་བོད་རིགས་ཡིན་པ་དང་། ཁོང་མོ་ཨ་རིར་སྐྱེས་པ་ཞིག་ཡིན་འདུག ཁོང་གིས་ “ང་ཕ་མ་གཉིས་ཀྱིས་ཨུ་ཚུགས་བརྒྱབ་སྟེ་ལས་རིམ་འདིར་བཏང་བྱུང་། འོན་ཀྱང་། འདིར་བསླེབས་རྗེས་ཕ་མས་བཏང་པ་དེ་འགྲིག་འདུག་བསམ་བྱུང་”ཟེར། ཁོང་ལ་རྗེས་ཕྱོགས་བོད་པའི་བུ་ཞིག་དང་མཉམ་དུ་མི་ཚེ་བསྐྱལ་འདོད་ཡོད་དམ་ཕྱི་རྒྱལ་བ་ཞིག་དང་ལྷན་དུ་བསྐྱལ་རྩིས་ཡོད་ཅེས་དྲིས་པར། བོད་པའི་བུ་ཡག་པོ་ཞིག་དང་འཕྲད་ན་བསམ་གྱི་འདུག དེ་མ་བྱུང་ན་ཕྱི་རྒྱལ་བ་ཡིན་ཡང་སོ་སོའི་སྣང་བ་མཐུན་ས་ཞིག་དང་མི་ཚེ་བསྐྱལ་རྒྱུ་དེ་རེད་ཅེས་ལན་འདེབས་བྱས་བྱུང་།

མཛེས་གསལ་རྒྱལ་མཚན། ལོ་ ༩། འཛིན་རིམ་ ༤། ཁེ་ན་ཌ།

བུ་མོ་ཆུང་ཆུང་མཛེས་གསལ་ནི་ཨ་མ་ཀུན་བདེ་གླེང་ཚེ་རིང་དབྱིངས་ཅན་དང་ཕ་འཇིགས་མེད་རྒྱལ་མཚན་གཉིས་ཀྱི་བུ་མོ་ཡིན་པ་དང་། ཁོང་མོ་སྐྱེས་ས་ཁེ་ན་ཌ་ཡིན་འདུག ཐེངས་འདིར་ཕ་མ་གཉིས་ཀྱིས་མོ་རང་དང་གཅེན་པོ། ཨ་ཞང་གི་བུ་མོ་བཅས་ལྷན་དུ་ཁྲིད་ཡོང་འདུག བུ་མོ་ཆུང་ཆུང་འདིས་དབྱིན་སྐད་རྐྱང་བཤད་ཀྱི་འདུག ཁོང་གིས་ “དང་པོ་ང་འདིར་འབྱོར་སྐབས་ཚང་མས་བོད་སྐད་བཤད་ཀྱི་ཡོད་སྟབས་ང་རང་ཁེར་རྐྱང་ཡིན་པ་ལྟ་བུ་ཞིག་ཚོར་སོང་། ད་ཆར་གོམས་འགྲོ་བཞིན་འདུག་ལ་སྐྱིད་པོ་ཡང་འདུག རྗེས་ཕྱོགས་ཡང་བསྐྱར་གོ་སྐབས་རག་ན་ང་ཡོང་འདོད་ཡོད། ངའི་བོད་སྐད་ཀྱང་ཡག་ཏུ་འགྲོ་ས་རེད་”ཟེར།

ཡེ་ཤེས་དཔལ་སྒྲོན། ལོ་ ༡༥། འཛིན་རིམ་ ༡༡། ཨ་རི།

ཡེ་ཤེས་དཔལ་སྒྲོན་ནི་ཕ་ཀླུ་མགོན་རྒྱལ་དང་མ་འཇིགས་མེད་ལྷ་འཛོམས་གཉིས་ཀྱི་བུ་མོ་ཡིན་ཞིང་། རྒྱ་གར་ནང་སྐྱེས་ཏེ་འབྲས་ལྗོངས་རྒྱ་གར་སློབ་གྲྭ་ཞིག་འགྲིམ་མཐར་ནང་མི་ལྷན་དུ་ཨ་རིར་ཕྱིན་ཏེ་སློབ་སྦྱོང་བྱེད་བཞིན་ཡོད་འདུག ཁོ་མོས་བོད་སྐད་དང་དབྱིན་སྐད། བལ་ཡུལ་སྐད་བཅས་ཧ་ཅང་ཡག་པོ་བཤད་ཀྱི་འདུག ཁོང་གིས་ “སྔོན་མ་ང་བལ་ཡུལ་སྐད་བཤད་ས་ནས་འཚར་ལོངས་བྱུང་པ་རེད། ད་ཆར་དབྱིན་སྐད་རྒྱག་སའི་ཁོར་ཡུག་ནང་ཡོད། འོན་ཀྱང་། ངས་སོ་སོའི་ཕ་སྐད་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་ལྷོད་མ་མྱོང”ཞེས་དང་། ཡང་ཁོ་མོས་ “བོད་པ་ཚང་མས་སོ་སོ་ཁོར་ཡུག་གང་འདྲ་ཞིག་ཏུ་གནས་ཀྱང་། བོད་པ་ཞིག་བྱ་རྒྱུ་དང་བོད་པའི་ངོ་བོ་སྟོན་ཐུབ་པ་ཞིག་བྱ་རོགས། དུས་ནམ་ཡང་མི་རིགས་གཞན་ཞིག་ཡིན་མདོག་མ་བྱེད་རོགས་”ཞེས་འབོད་སྐུལ་བྱས་སོང་།

བསྟན་འཛིན་ཀུན་དགའ། ལོ་ ༡༣། འཛིན་རིམ་ ༧། སུད་སི།

བསྟན་འཛིན་ཀུན་དགའི་ཕ་མ་གཉིས་བོད་རིགས་ཡིན་པ་དང་། ཁོ་རང་སུད་སིར་སྐྱེས་འདུག ཁོང་ལོ་སྔོན་མར་ལས་རིམ་འདིར་འཛུལ་ཞུགས་བྱས་ཡོད་ཅིང་། ད་ལོ་སྤུན་ཆུང་བསྟན་འཛིན་ཆོས་འཛིན་ཁྲིད་དེ་ཡོང་འདུག་ལ། ཁོང་གིས་བོད་ཡིག་འབྲི་ཀློག་ཅུང་ཙམ་ཤེས་པ་དེ་ཡར་རྒྱས་གཏོང་ཆེད་དུ་ཡོང་པ་ཡིན་ཟེར། བསྟན་འཛིན་ཀུན་དགའ་ལ་ཁྱེད་རང་བོད་རང་བཙན་ལེན་རྒྱུར་འདོད་པ་ཡོད་མེད་དང་། ཡོད་ན་ཇི་ལྟར་ལེན་དགོས་པ་རེད་དྲན་ཡོད་མེད་དྲིས་པར། “ང་མེ་མདའ་ཁྱེར་ནས་དམག་རྒྱག་འདོད་མེད། མི་མང་པོ་ཤི་གི་རེད་”ཅེས་ལན་བཏབས་བྱུང་།

བསྟན་འཛིན་འཇིགས་བྲལ། ལོ་ ༡༥། འཛིན་རིམ་ ༨། སུད་སི།

བསྟན་འཛིན་འཇིགས་གྲལ་གྱི་ཕ་མ་གཉིས་བོད་རིགས་ཡིན་པ་དང་། བོད་ནས་སྐྱེས་ཏེ་ ༢༠༠༥ ལོར་རྒྱ་གར་དུ་འབྱོར་པའི་ཟླ་འགའི་རྗེས་སུ་ཕ་མ་གཉིས་ཀྱིས་སུད་སིར་འཐེན་ཡོད་འདུག བསྟན་འཛིན་འཇིགས་གྲལ་གྱིས་བརྗོད་པ་ལྟར་ན། ཁོང་ཚོ་ཡོད་ས་དེར་བོད་པ་ཉུང་ཞིང་བོད་ཡིག་སྦྱང་ས་མེད་ཀྱང་། ནང་དུ་ཚང་མས་བོད་སྐད་བཤད་ཀྱི་ཡོད་འདུག ཁོང་གིས་ “ད་ལྟ་ཁང་རྩེག་མཐོན་པོའི་ནང་སྡོད་པ་དང་ཟ་མ་འདྲ་མིན་ཡོད་ཀྱང་། བོད་ནང་གི་ཁང་པ་དེ་ཚོ་སྐྱིད་པ་དང་བོད་ཀྱི་ཟ་མ་ཞིམ་པ་འདུག རྗེས་མ་རྒན་འཁོགས་ཆགས་དུས་ཕྱིར་བོད་ལ་འགྲོ་འདོད་འདུག ”ཟེར། ཁོང་ལ་རང་བཙན་དང་དབུ་མའི་ལམ་གང་ལ་ཡིད་ཆེས་ཡོད་ཅེས་དྲིས་པར། རང་བཙན་དང་དབུ་མའི་ལམ་ཟེར་བ་གོ་མྱོང་བ་ལས་ནང་དོན་གསལ་བོ་མགོ་འཚོས་ཀྱི་མེད། བོད་པ་ཚང་མས་ཕ་ཡུལ་བོད་དུ་ལོག་ཐབས་ཐོག་ཤུགས་རྒྱག་དགོས་པ་རེད་ཟེར།

དབྱར་ནང་གི་ལས་གཞི་གོ་སྒྲིག་པའི་སྐད་ཆ།

བོད་ཁྱིམ་ཤེས་ཡོན་འགན་འཛིན་དང་ད་ལོའི་དབྱར་ནང་གི་ལས་རིམ་ཚོགས་ཆུང་གི་འགན་འཛིན་རྒན་བསོད་ནམས་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། ལས་གཞིའི་དམིགས་ཡུལ་ནི་དེང་སྐབས་བོད་མི་ཚོ་སྐད་ཡིག་རིག་གཞུང་མི་གཅིག་པའི་རྒྱལ་ཁབ་འདྲ་མིན་ནང་ཁ་འཐོར་དུ་གནས་ཡོད་སྟབས། ཁོང་ཚོའི་ཕྲུ་གུ་ཚོར་བོད་ཡིག་དང་བོད་པའི་རིག་གཞུང་ཕར་གཞོག མཐའ་ན་བོད་སྐད་བཤད་མི་ཤེས་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་ཡོད་པས། ཟླ་གཅིག་ཙམ་ལ་དེ་འདྲའི་ཡག་པོ་ཞིག་སྦྱོང་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོ་ཁོ་ཚོའི་གོང་སེང་སྐབས་དང་བསྟུན་ཏེ། འདིར་ཡོང་ནས་བོད་སྐད་བོད་ཡིག་དང་། ནང་ཆོས་ངོ་སྤྲོད། བོད་པ་ཁེ་གཙང་གི་ཁོར་ཡུག་ཅིག་མཐོང་ཐོས་ཡོད་པ། བོད་ཁྱིམ་གྱི་སློབ་ཕྲུག་ཚོ་དང་འགྲོག་འདྲིས་བཅས་བྱེད་དུ་བཅུག་སྟེ། ཁོང་ཚོར་བག་ཆགས་རེ་འཇོག་ཐུབ་རྒྱུ་སོགས་ལ་དམིགས་པ་ཞིག་ཡིན་པར་བརྗོད་བྱུང་།

དགེ་རྒན་གྱི་མྱོང་ཚོར།

དགེ་རྒན་ཚེ་རིང་དབང་འདུས་ལགས་ནི་དབྱར་ནང་གི་ལས་རིམ་ཁྲོད་ཉིན་ལྟར་སློབ་ཕྲུག་ཚོ་དང་མཉམ་འགྲོ་མཉམ་འདུག་གིས། ཁོང་ཚོར་ལྟ་རྟོག་བྱེད་བཞིན་འདུག ཁོང་གིས་བརྗོད་དོན། ལས་རིམ་ནང་ཞུགས་མཁན་ཕལ་ཆེ་བའི་ཕ་མ་གཉིས་ཀ་བོད་རིགས་ཡིན་ཡང་སོ་སོའི་ཕྲུ་གུ་དང་མཉམ་དུ་ཆུ་ཚོད་གཏོང་ཁོམ་མེད་པ་ཡིན་ནམ། ཡང་ན་བུ་ཕྲུག་ཚོ་གཏོང་སའི་སློབ་གྲྭའི་ཁོར་ཡུག་ན་བོད་པ་མེད་པས་ཡིན་གང་ལྟར། ནུབ་ཕྱོགས་ནས་ཡོང་པའི་བོད་ཕྲུག་ཚོར་བོད་པའི་མིང་བཏགས་ཡོད་པ་ཙམ་ལས། ཁོ་ཚོའི་སྟེང་ན་བོད་པའི་ཁྱད་ཆོས་ཁྱོན་ནས་མེད་པ་དེ་སེམས་སྐྱོ་བ་ཞིག་དང་། བསམ་བློ་གཏོང་སྟངས་དང་སྤྱོད་པའི་ཐད་ནས་སོ་སོ་མ་གཏོགས་གཞན་ལ་བསམ་བློ་གཏོང་པའི་ལུགས་སྲོལ་མེད་པ། དགེ་རྒན་དང་མི་རྒན་པར་བརྩི་བཀུར་བྱེད་པའི་གོམས་གཤིས་མེད་པ། ངོ་ཚ་འཚེར་སྣང་བྱེད་སྲོལ་ཞིག་ཁོ་ཚོའི་གཤིས་རྒྱུད་ན་མེད་པར་ར་ལང་ཆ་ལང་ཡིན་ཡང་།  ཁོང་ཚོར་ཆུ་ཚོད་ནམ་ཡོད་ལ་དེབ་ཀློག་པའི་གོམས་གཤིས་ཧ་ཅང་ཡག་པོ་ཞིག་དང་། འདིར་ཡོང་མཁན་ཚོ་ལོ་ ༨ ནས་ ༡༩ བར་རྐྱང་ཡིན་ཡང་སོ་སོ་རྗེས་མ་འདི་འདྲ་ཞིག་བྱེད་རྒྱུ་ཡིན་ཟེར་པའི་ཕུགས་བསམ་གཏན་པོ་ཡོད་པ་མ་ཟད། རང་ཉིད་སློབ་ཚན་ནམ་ལས་རིགས་གང་གི་ཕྱོགས་ལ་ནུས་པ་ཡོད་མེད་ངོ་འཕྲོད་ཐུབ་ཀྱི་ཡོད་པ་བཅས་ནི་འདི་ཕྱོགས་ཀྱི་ཕྲུ་གུ་ཚོ་དང་མ་འདྲ་བ་ཞིག་འདུག་ཟེར།

ཕྲུ་གུའི་ཕ་མའི་སྐད་ཆ།

ཁེ་ན་ཌ་ནས་ཡིན་པ་ཀུན་བདེ་གླིང་ཚེ་རིང་དབྱིངས་ཅན་ལགས་ཀྱིས་ཁོང་གི་ཕྲུ་གུ་གཉིས་དང་ཨ་རིར་ཡོད་པའི་ཁོང་གི་གཅེན་པོའི་བུ་མོ་གཅིག་བཅས་བཟའ་ཟླ་དང་ལྷན་དུ་ཕྲུ་གུ་གསུམ་ཁྲིད་ཡོང་སྟེ། སྒེར་དངོས་ནས་ཁང་པ་གླས་ནས་བསྡད་འདུག ཁོང་གིས་བརྗོད་པ་ལྟར་ན། ཕྲུ་གུ་ཚོས་བོད་སྐད་ཡག་པོ་ཤེས་ཀྱི་མེད་སྟབས་འདིར་ཁྲིད་ཡོང་ནས་བག་ཆགས་ཤིག་འཇོག་ཐུབ་ན་བསམ་འདུག ཁོང་ལ་ནུབ་ཕྱོགས་སུ་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོས་བོད་སྐད་བོད་ཡིག་ཤེས་ཀྱི་མེད་པ་ཙམ་མ་ཟད། བོད་པའི་གཤིས་ཀའང་བརླག་འགྲོ་བཞིན་པའི་ཐད་འབྲེལ་ཡོད་ཕ་མ་ཚོས་དོ་ཁུར་གང་འདྲ་བྱེད་ཀྱི་ཡོད་མེད་དྲིས་པར། ཁོང་གིས་བོད་པ་ཚོ་སྔོན་མ་ཕྱི་རྒྱལ་ཁག་ཏུ་འབྱོར་སྐབས་འཚོ་ཐབས་ཀྱི་དཀའ་ངལ་འོག་བོད་སྐད་བོད་ཡིག་ལ་དེ་ཙམ་དོ་སྣང་སྤྲོད་ཐུབ་མེད་ཀྱང་། འདས་པའི་ལོ་དྲུག་བདུན་ཙམ་ནས་ཕ་མ་ཚོས་སོ་སོའི་ཕྲུ་གུ་ཚོར་སེམས་འཁྲལ་ཆེན་པོས་བོད་སྐད་བོད་ཡིག་སྦྱོང་རྒྱུར་འབད་བརྩོན་བྱེད་ཀྱིན་པའི་རྣམ་པ་ཞིག་མངོན་ཡོང་གི་ཡོད་པ། གཅིག་ནས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་སྐྱེས་འཚར་བྱུང་པའི་བོད་ཕྲུག་ཚོར་མཚོན་ན་བོད་པའི་ངོ་བོ་བརླག་འགྲོ་བའི་ཉེན་ཁ་ཞིག་འཕྲད་བཞིན་ཡོད་ཀྱང་། ད་ཆར་ཆུ་གསར་པ་བརྒྱབ་སྟེ་བསྐྱར་དུ་མེ་ཏོག་གི་ཞལ་ཁ་གསར་པ་ཕྱེ་ཡོང་གི་ཡོད་པའི་དུས་སྐབས་ཤིག་མངོན་འགྱུར་བྱེད་ཀྱི་ཡོད་ཚུལ་བརྗོད་བྱུང་།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས། ༽

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 14 སྔོན།

    སྔོན་ཆད་པཎ་ཆེན་ཐམས་ཅད་མཁྱེན་པ་ཞལ་བཞུགས་པའི་སྐབས་སུ་ཁོང་གིས་དཀའ་བ་བརྒྱ་ཕྲག་མཛད་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག གོམས་གཤིས་སོགས་གང་ཐད་ནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཏང་ནས་གྲུབ་འབྲས་བླ་མེད་ཐོན་ཡང། ཁོང་ཞལ་མ་བཞུགས་པའི་སྐབས་སུ་རྒྱ་དམར་གྱིས་ཐབས་སྣ་ཚོགས་ཀྱིས་གཏོར་བཤིག་བཏང་བ་དང་། བོད་མི་ཚོས་ཀྱང་ལྟོ་གོས་ཁོ་ན་ལ་བསམ་བློ་བཏང་ནས་རང་མི་རིགས་ཀྱི་སྤྱིའི་ཁེ་ཕན་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཉུང་ཞིག་རེད། དེང་སྐབས་བོད་ཕྱི་ནང་གཉིས་ཀ་ནས་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། གོམས་གཤིས་ཧ་ཅང་གི་རྩ་ཆེན་ཡིན་པ་ངོས་ཟིན་པའི་ཐོག་ནས་འདི་ལྟར་རང་སོ་སོའི་ངོས་ནས་དྭངས་བླངས་ཀྱི་དོ་སྣང་བྱས་པ་འདི་ཧ་ཅང་གི་དགའ་སྤྲོ་གནས་དང། ང་ཚོའི་མི་རིགས་འདི་འཛམ་གླིང་ཐོག་མུ་མཐུད་གནས་པར་དུས་ཚོད་རིང་དུ་རིང་དུ་འགྲོ་བ་ནི་ཆོས་ཉིད་དུ་ངེས་པ་ཡིན་ནོ།

    Reply
  2. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ངའི་ཉམས་མྱོང་དང་གོ་ཚོད་ཡིན་ན། སྐད་ཡིག་གཉིས་པ་གལ་ཆེན་པོ་ཡིན་པ་མ་གཏོགས། སྐད་ཡིག་གསུམ་པ་ནི་རང་རང་གི་ཤོམ་འདྲ་བོ་ཡིན་ས་རེེད།

    Reply
  3. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཁོང་ཚོ་ལ་མཚོན་ན་བོད་སྐད་ནི་སྐད་ཡིག་གསུམ་པ་ཡིན་རྒྱུ་རེད། ཨེ་རེད།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཡག་པོ་རེད། ཁ་ཤས་ཀྱིས་བོད་སྐད་ཡིག་ཤེས་མཁན་ལ་རྗེས་ལུས་ཅན་ལྟ་ཚུལ་འཛིན་མཁན་ཡང་འདུག ཕྱི་རྒྱལ་ཁག་གི་སློབ་གྲྭ་ཆེ་མོར་འགྲིམ་བཞིན་པའི་སྐུ་དྲག་བསོད་བདེ་ཅན་གྱི་བུ་ཕྲུག་དེ་ཚོས། བོད་སྐད་དྭངས་མ་བཤད་ན་མཐོང་ཆུང་གནང་གི་འདུག ཀླད་མེད་དེ་དག་དང་སྡུར་ན་ཁྱེད་ཚོ་བརྡ་སར་ཕེབས་ཏེ་སྐད་ཡིག་ལ་དོ་སྣང་ཕྲན་ཙམ་གནང་བ་དེ་ཡག་པོ་རེད། ཡིན་ན་ཁྱོད་ཚོ་བོད་པ་ཚད་ལྡན་ནམ་བོད་པ་ངོ་མ་ཞིག་ཆགས་ཐུབ་ཀྱི་མ་རེད། ཅིའི་ཕྱིར་ན་ཁྱེད་ཚོ་དང་བོད་པ་དྭངས་མའི་དབར་རྒྱང་ཐག་ཧ་ཅང་རིང་པོ་རེད། ད་དུང་ཁོང་ཚོ་ལ་བོད་པ་རྩ་མེད་བཟོ་མཁན་ངོ་མ་དེ་སུ་ཡིན་པ་ཤེས་བཅུག་གལ་ཆེའོ། 

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ངོ་མ་གོང་གི་ཕྲུ་གུ་རེ་རེས་བསམ་ཚུལ་རེ་བཤད་ཡོང་དུས་ ཕྲུ་གུ་དེ་དག་ལ་ཁག་ཅི་ཡོད་ ཕྲུ་གུའི་ཕ་མས་བོད་སྐད་མ་བཤད་མ་རྩབ་ན་ཕྲུ་གུ་དེ་དག་སངས་རྒྱས་མ་རེད་གང་ནས་ཤེས་ཡོང་། ཟླ་ངོ་གཅིག་གམ་གཉིས་ཀྱི་རིང་དུ་ཅི་ཙམ་ཤེས། ཕྲུ་གུ་ད་དག་གི་སྙིང་སྟོབས་ལ་རྗེས་སུ་ཡི་རེངས་བྱེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ནུབ་ཕྱོགས་ནས་སྒོར་མོ་གསོག ཤར་ཕྱོགས་ནས་སློབ་གསོ་སྤེལ། ཤར་དང་ནུབ་མཉམ་འབྲེལ་གྱི། རྟེན་འབྲེལ་འདི་ལེགས་འགྲུབ་སྨོན།

    Reply
  7. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ད་ཆ་གོང་གི་བྱིས་པ་དེ་ཚོར་བལྟ་དུས་བོད་མི་རིགས་ནི་ཆགས་འཇིག་གི་སོ་མཚམས་སུ་ཡོད་པ་ངོ་གདོང་ལས་གསལ་པོར་མངོན་བཞིན་འདུག། ཨ་སྙིང་རྗེ་ཨང་བོད་ནང་ཡོད་པའི་བོད་མི་ཚོའི་ལས་དབང་ནི་དེ་འདྲའི་ཐབ་སྐྱོ་བ་ལ་ཨང། རྒྱ་གོང་ཁྲན་ནི་དེ་འདྲའི་སྡུག་པ་ལ་ཨང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese