ཉེ་ཆར་བོད་ཕྱི་ནང་གཉིས་ཀྱི་ཟམ་པར་འབོད་པའི་སུ་ཇཱ་སློབ་གྲྭར་བསྐྱོད་དེ། རྒྱུས་ལོན་བྱུང་བ་ལྟར་ན་སྔར་ལས་ཡར་རྒྱས་ཆེན་པོ་བྱུང་ཡོད་ཀྱང་། ད་དུང་ཡར་རྒྱས་གཏོང་དགོས་པའི་ཆ་མང་པོ་ཞིག་འདུག
སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནི་བོད་ཕྱི་ནང་གཉིས་ཀྱི་སློབ་ཕྲུག་རྣམས་མཉམ་དུ་འཛོམས་སའི་ཁོར་ཡུག་དམིགས་བསལ་བ་ཞིག་ཆགས་ཡོད་སྟབས། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་འདི་གའི་གསར་འགོད་པ་ཆེད་དུ་སུ་ཇཱ་སློབ་གྲྭར་བསྐྱོད་དེ། བོད་ཕྱི་ནང་གཉིས་ཀྱི་ཟམ་པར་འབོད་པའི་སློབ་གྲྭ་འདིའི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས་ཡོད། བགྲང་བྱ་ ༢༦ ལ་སོན་པའི་སློབ་གྲྭ་འདི་ ༡༩༩༠ ལོར་བོད་ཁྱིམ་ཁྱབ་ཁོངས་སུ་བླངས་ཡོད་ཅིང་། ད་ལྟའི་ཆར་དགེ་སློབ་ ༡༧༣༣ ཡོད་པའི་ཁྲོད་བོད་ནས་སླེབ་མཁན་དང་རྒྱ་གར་ནང་སྐྱེས་པ། ཧི་མ་ལ་ཡའི་རི་བརྒྱུད་བཅས་འདུས་ཡོད་པ་རེད། བོད་ཁྱིམ་སློབ་གྲྭ་འདིར་ལོ་ ༡༤ ནས་ ༡༧ བར་གྱི་སློབ་ཕྲུག་རྒན་པ་དང་། ལོ་ ༡༤ མན་གྱི་སློབ་ཕྲུག་ཆུང་བ་བཅས་ཁག་གཉིས་སུ་བགར་འདུག་ལ། སློབ་ཕྲུག་ཆུང་བར་ཁྱིམ་ཚང་ ༡༨ ཙམ་འདུག
དབུ་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས། “ང་ཚོ་སུ་ཇཱ་སློབ་གྲྭའི་སློབ་མ་ཚོ་སློབ་གྲྭ་གཞན་དང་བསྡུར་ན་སློབ་སྦྱོང་ལ་ཧུར་བརྩོན་ཆེ་ཞིང་། གཤིས་ཀ་དང་ཀུན་སྤྱོད་གང་ཅིའི་ཐད་ལྷད་མེད་པ་ཞིག་ཡོད ” ཅེས་བརྗོད་དེ། ཁོང་ཉིད་དེ་སྔོན་སྦེལ་ཀོབ་སོགས་སློབ་གྲྭ་ཁག་གསུམ་ནང་དབུ་འཛིན་རིམ་པར་བྱས་པའི་ཉམས་མྱོང་ལས། སུ་ཇཱ་སློབ་གྲྭའི་སློབ་ཕྲུག་རྣམས་ནི་སློབ་སྦྱོང་དང་ལས་ཀ་གང་ཅིའི་ཐད་སྤོབས་པ་བྱེད་ཆོག་པ་ཞིག་ཡོད་པ་མ་ཟད། ནམ་རྒྱུན་རིག་གཞུང་འཁྲབ་སྟོན་སོགས་ཀྱི་ཐད་ནས་ཀྱང་། ཆུ་སྣ་གར་འཁྲིད་ལྟར་རྒྱ་གར་དང་ཕྱི་རྒྱལ་གྱི་འཁྲབ་སྟོན་རིགས་ལད་ཟློས་མི་བྱེད་པར། སོ་སོའི་ཐུན་མོང་མ་ཡིན་པའི་བོད་པའི་རིག་གཞུང་འཁྲབ་སྟོན་ལ་དགའ་ཞེན་ཡོད་སྐོར་བརྗོད་སོང་།
བོད་ཡིག་སློབ་དེབ་ཀྱི་ནང་དོན་མཁྲེགས་པོ་འདུག
སུ་ཇཱ་སློབ་གྲྭའི་ནང་སྔོན་འགྲོ་དང་གོ་སྐབས་འཛིན་གྲྭ་བཅས་བསྡོམས་ན་འཛིན་རིམ་ ༡༡ ཡོད་པ་དང་། བོད་ཁྱིམ་སྤྱི་མཚུངས་ལྟར་བསླབ་གཞི་གཙོ་བོར་བོད་ཡིག་དང་དབྱིན་ཡིག ཧིན་རྡུ། ཨང་རྩིས། ཚན་རིག སྤྱི་ཚོགས་ཚན་རིག་བཅས་སློབ་ཚན་ ༦ དང་། ཟུར་སྦྱོང་རིག་གནས་ལ་ནང་ཆོས་དང་ལུས་རྩེད། རོལ་ཆ། འཁྲབ་གཞས། རི་མོ་སོགས་འཁྲིད་ཀྱི་ཡོད་པ་དང་། ཉིན་གཅིག་ལ་འཛིན་གྲྭ་རེར་དངོས་གཞིའི་སློབ་ཐུན་ ༦ ཡོད་འདུག
འཛིན་རིམ་བཅུ་བའི་སློབ་ཕྲུག་མཚམས་ཆུང་ལ་མཚོན་ན། དངོས་གཞིའི་སློབ་ཚན་ ༦ ཁྲོད་ནས་ཁག་ཤོས་དེ་བོད་ཡིག་ཆགས་འདུག ཁོ་མོས་བརྗོད་ན་བོད་ཡིག་སློབ་དེབ་ཁག་ལས་ཀྱང་ནང་ཆོས་སློབ་ཚན་དེ་སློབ་མའི་ན་ཚོད་དང་བསམ་བློའི་ཆུ་ཚད་ལས་བརྒལ་ཡོད་སྟབས། ནང་དོན་གོ་བ་ལེན་ཁག་པ་དང་ཐ་སྙད་བློ་ལ་འཇུག་བདེ་བོ་མི་འདུག་ཟེར། དེ་བཞིན། སློབ་ཕྲུག་བསོད་ནམས་རྡོ་རྗེ་ཡིས་ཀྱང་བོད་ཡིག་སློབ་དེབ་ནང་རྩོམ་འབྲིའི་ཤེས་བྱ་དང་སློབ་མའི་ཁོར་ཡུག་ལ་ཉེ་བའི་རྩོམ་ཡིག་དང་སྒྲུང་མེད་སྟབས། སློབ་ཕྲུག་མང་པོ་ཞིག་བོད་ཡིག་སློབ་ཚན་ལ་ཉོབ་སྣང་ཡོང་གི་ཡོད་སྐོར་བརྗོད་སོང་།
བསྟན་འཛིན་དར་རྒྱས་ལགས་ཀྱིས་འདས་པའི་ལོ་ ༡༨ རིང་སློབ་གྲྭ་འདིར་དགེ་རྒན་གྱི་ཕྱག་ལས་གནང་ཡོད་འདུག་ཅིང་། དེ་སྔོན་ཁོང་གིས་འཛིན་རིམ་བརྒྱད་པ་དང་དགུ་བ། བཅུ་བ་གསུམ་གྱི་དབྱིན་ཡིག་དགེ་རྒན་གནང་སྟེ། བདུན་ཕྲག་རེའི་ནང་སློབ་ཐུན་ ༣༡ ཁྲིད་དགོས་ཀྱི་ཡོད་འདུག ཁོང་གིས་རང་ཉིད་ཀྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད་ཀྱི་དཀའ་ཁག་ཆེ་ཤོས་ནི། ཉིན་ལྟར་འཛིན་གྲྭ་ཁ་ཤས་ནང་ཕྱིན་ཏེ་སློབ་ཐུན་ལྔ་དྲུག་རེ་ཁྲིད་དགོས་པ་མ་ཟད། སློབ་ཕྲུག་མང་པོ་ཡོད་སྟབས་སློབ་མའི་སྦྱང་ཚན་ལ་ཞི་དག་ནན་མོ་གཏོང་བའི་དུས་ཚོད་ཀྱིས་མི་འདང་བ་དེ་ཡིན་པར་བརྗོད།
སློབ་གྲྭ་འདིར་དགེ་རྒན་ ༡༧༠ ཡོད་པའི་ནང་རྒྱ་གར་དགེ་རྒན་ ༡ འདུག སུ་ཇཱ་སློབ་གྲྭའི་སློབ་གསོའི་ལས་དོན་ཐད་འཕྲད་ཀྱིན་པའི་དཀའ་ངལ་ཆེ་ཤོས་ཤིག་ནི། དགེ་རྒན་རྣམས་རྒྱུན་རིང་ཕྱག་ལས་གནང་སྟེ་མི་བཞུགས་པར་ཐོན་འགྲོ་བ་དང་། ལྷག་པར་དུ་ཚན་རིག་དགེ་རྒན་འདང་ངེས་མེད་པ་དེ་ཡིན་འདུག དགེ་རྒན་བསྟན་འཛིན་དར་རྒྱས་ལགས་ཀྱིས་དཀའ་ངལ་དེའི་འབྱུང་རྐྱེན་གཙོ་བོ་དག་ནི། གཅིག དགེ་རྒན་གྱི་གསོལ་ཕོགས་ཡག་པོ་མེད་པ་དང་། གཉིས། དགེ་རྒན་ལ་ཕྱག་ལས་མང་པོ་ཡོད་པའི་རྐྱེན་གྱིས་རེད་ཟེར།
རྒན་ངག་དབང་ཚེ་བརྟན་ལགས་ཀྱིས་འདས་པའི་ལོ་ ༡༣ རིང་སློབ་གྲྭ་འདིར་སྤྱི་ཚོགས་རིག་གནས་དགེ་རྒན་གྱི་ཕྱག་ལས་གནང་ཡོད་འདུག ཁོང་གིས་ “མ་གཞི་སྤྱི་ཚོགས་ནང་སློབ་སྦྱོང་དང་སེམས་ཤུགས་ཡག་པོ་ཡོད་མཁན་རྣམས་དགེ་རྒན་བྱེད་དུ་ཡོང་དགོས་པ་རེད། མ་འོངས་པར་རྒྱལ་ཁབ་ཡག་པོ་ཞིག་འཛུགས་ཐུབ་མིན་དེ་སློབ་ཕྲུག་ཚོར་རག་ལས་ཡོད་ལ། སློབ་ཕྲུག་ཚོར་ཉི་མ་རེར་ཤེས་ཡོན་སྤྲོད་མཁན་དགེ་རྒན་ཆགས་ཡོད། དགེ་རྒན་གྱིས་མི་བཟོ་སྐྲུན་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་ནང་དགེ་རྒན་ཚོས་ཀྱང་ཐོག་མར་ལས་རིགས་གཞན་ལ་ཐབས་ཤེས་བྱས་ཏེ་མ་རག་ཚེ་གཞི་ནས་དགེ་རྒན་བྱེད་དུ་ཡོང་གི་ཡོད། དེ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། ” ཅེས་བརྗོད་དེ། བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་དགེ་རྒན་གྱི་ཕྱག་ལས་ལ་བརྩི་མཐོང་སྤྲོད་དགོས་བའི་རེ་བ་གཏོན་སོང་།
སློབ་མར་དཔེ་ཀློག་གོམས་གཤིས་འཇགས་དགོས།
སུ་ཇཱ་སློབ་གྲྭར་དཔེ་མཛོད་ཁང་ཆེ་ཆུང་གཉིས་འདུག དཔེ་མཛོད་ཁང་ཆེ་བའི་ནང་དུས་དེབ་དང་ཚགས་པར་ཕུད་པའི་དཔེ་དེབ་རྐྱང་བ་གྲངས་ ༢༧༠༠༠ ལྷག་ཡོད་པ་དང་། དེའི་ཁྲོད་བོད་ཡིག་གི་དཔེ་དེབ་ཁྲི་ ༡ ཙམ་འདུག འཛིན་གྲྭ་རེར་བདུན་ཕྲག་རེའི་ནང་དཔེ་མཛོད་སློབ་ཐུན་གཅིག་རེ་དང་། སློབ་ཐུན་བར་གསེང་སྐབས་སློབ་ཕྲུག་རྣམས་རང་འདོད་ལྟར་དཔེ་མཛོད་ནང་ཡོང་སྟེ་དཔེ་ཀློག་བྱེད་ཆོག་ལ། བདུན་ཕྲག་རེའི་ནང་འཛིན་གྲྭ་རྒན་པའི་སློབ་ཕྲུག་རེས་དཔེ་དེབ་ ༢ དང་། འཛིན་གྲྭ་ཆུང་བའི་སློབ་ཕྲུག་རེས་དཔེ་དེབ་ ༡ རེ། དུས་དེབ་དང་ཚགས་པར་ཟུར་དུ་གཡར་ཆོག་གི་ཡོད་འདུག སློབ་སྤྱི་བསོད་ནམས་སྲིད་ཆོས་ལགས་ཀྱིས་བརྗོད་ན་སློབ་མར་དཔེ་ཀློག་གོམས་གཤིས་འཇགས་ཆེད། སློབ་ཕྲུག་ཆུང་བའི་ཁྱིམ་ཚང་དང་སློབ་ཕྲུག་རྒན་པའི་ཉལ་ཁང་ནང་དུའང་དཔེ་སྒྲོམ་བཞག་སྟེ་ཀློག་དེབ་སྒྲིག་འཇོག་བྱ་འཆར་ཡོད་ཟེར།
བསྟན་འཛིན་པདྨ་འཛོམས་ལགས་ནི་དཔེ་མཛོད་དོ་དམ་ཐོག་སློབ་སྦྱོང་ཐོན་མཁན་ཡིན་པ་མ་ཟད། སློབ་གྲྭའི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་སྟེ་ལོ་ ༡༤ ཕྱིན་འདུག ཁོ་མོས་ངོ་སྤྲོད་གནང་བ་ལྟར་ན། གཞུང་གིས་ཉོས་པ་དང་སློབ་ཕྲུག་ཚོས་ཞལ་འདེབས་ཕུལ་བ་བཅས་ལོ་རེར་དཔེ་དེབ་ ༥༠༠ ཙམ་རེ་ཁ་སྣོན་རྒྱག་གི་ཡོད་འདུག དེ་བཞིན། སུ་ཇཱ་སློབ་གྲྭའི་ནང་གཞུང་འབྲེལ་ཐོག་འགྲེམས་སྤེལ་བྱེད་བཞིན་པའི་དུས་དེབ་དང་ཚགས་པར་ ༧ དང་། སློབ་ཕྲུག་ཚོའི་ངོས་ནས་འགྲེམས་སྤེལ་བྱེད་བཞིན་པའི་དུས་དེབ་དང་ཚགས་པར་ ༤ ཡོད་པ་མ་ཟད། སློབ་ཕྲུག་སྒེར་བ་སོ་སོས་བརྩམས་པའི་དེབ་ ༣ ཙམ་འདུག
འཛིན་རིམ་བརྒྱད་པའི་སློབ་ཕྲུག་རིན་ཆེན་རྡོ་རྗེ་ནི་ཉིིན་ལྟར་ཆད་མེད་དུ་དཔེ་མཛོད་ནང་དཔེ་ཀློག་ཏུ་འགྲོ་མཁན་ཞིག་ཡིན་ཞིང་། ཁོ་རང་དཔེ་མཛོད་དུ་སླེབས་ཐེངས་རེར་ཆ་སྙོམས་དཔེ་མཛོད་ནང་དཔེ་ཀློག་བྱེད་མཁན་སློབ་ཕྲུག་ ༦༠ ཙམ་རྒྱུན་དུ་ཡོད་པར་བཤད། ཁོས་བརྗོད་རྒྱུར། “ང་ལ་མཚོན་ན་གོ་སྐབས་ལོ་རིམ་གཉིས་ཀྱི་སྐབས་གཙོ་ཆེ་ཤོས་བོད་ཡིག་གི་དེབ་བཀླགས་པ་དང་། འཛིན་རིམ་དྲུག་པར་སླེབས་རྗེས་སློབ་ཚན་མང་པོ་ཞིག་དབྱིན་ཡིག་ཐོག་ཡོད་སྟབས། དབྱིན་ཡིག་གི་དེབ་མང་ཙམ་ཀློག་གི་ཡོད” ཟེར། དེ་བཞིན། སློབ་ཕྲུག་ཁག་ཅིག་གིས་བོད་ཀྱི་རྩོམ་རིག་དང་གསོ་རིག་སྐོར་ནས་དེབ་མང་དུ་གཏོང་དགོས་པའི་བསམ་ཚུལ་ཡང་བཏོན་སོང་།
དཔེ་མཛོད་རྒན་བསྟན་འཛིན་པདྨ་འཛོམས་ལགས་ཀྱིས། “སྤྱིར་བཏང་ང་ཚོ་བོད་པའི་སློབ་ཕྲུག་རྣམས་དཔེ་མཛོད་ལ་འགྲོ་བའི་གོམས་གཤིས་དེ་ཙམ་མེད། སློབ་ཆེན་དུའང་དཔེ་མཛོད་ནང་རྐང་བཙུགས་ནས་དུས་ཚོད་གོ་སྒྲིག་བཟོས་ཏེ་འགྲོ་མཁན་ཤུགས་ཆེན་པོ་མི་འདུག” ཅེས་བརྗོད་དེ། ནམ་རྒྱུན་སློབ་དེབ་གཅིག་པུ་ཁྲིད་སྤེལ་བྱེད་སྡོད་རྒྱུ་ཙམ་མ་ཡིན་པར། དཔེ་མཛོད་ནང་སློབ་ཚན་དང་འབྲེལ་བའི་དེབ་སྣ་ཚོགས་ལྟ་ཀློག་གི་གོམས་གཤིས་བསྐྱེད་བསྲིང་བྱ་རྒྱུ་གལ་ཆེ་ཚུལ་བརྗོད་བྱུང་།
ཌེ་བྷེ་ན་མཁན་སློབ་ཕྲུག་ ༤ ལས་མི་འདུག
སུ་ཇཱ་སློབ་གྲྭར་ཐོག་བརྩེགས་གསུམ་ཅན་གྱི་སྨན་ཁང་ཞིག་འདུག་ལ། སྨན་ཁང་ནང་ཆེད་ལས་སྨན་པ་ཐོན་མཁན་གཅིག་ཀྱང་མི་འདུག བདུན་ཕྲག་རེའི་ནང་རྒྱ་གར་སྨན་པ་ཞིག་ཐེངས་གཉིས་ལ་གདན་ཞུ་གནང་སྟེ། སླེབས་ཐེངས་རེར་གླ་ཆ་ཧིན་སྒོར་ ༡༥༠༠ སྤྲོད་ཀྱིན་ཡོད་པ་དང་། དེ་མིན་ཟླ་རེར་བོད་ལུགས་སྨན་པ་ཐེངས་གཅིག་རེ་ཕེབས་ཏེ་བོད་སྨན་ཀྱང་གཏོང་གི་ཡོད་འདུག སྨན་ཁང་ནང་དུས་རྒྱུན་ཕྱག་ལས་གནང་མཁན་སྨན་ཞབས་དང་འཕྲོད་ལས་པ་བཅས་ཁྱོན་ལས་བྱེད་ ༨ འདུག སྔོན་ཆད་སུ་ཇཱ་སློབ་གྲྭའི་ནང་ཌེ་བྷེ་ན་མཁན་སློབ་ཕྲུག་ ༤༠ ཙམ་ཡོད་ཀྱང་། ད་ལྟ་ཌེ་བྷེ་ནད་པ་ ༤ ལས་མི་འདུག ཡིན་ནའང་། ཧེ་བྷེ་ཌེ་ཋི་ན་མཁན་སློབ་ཕྲུག་ ༡༠༠ ཙམ་ཡོད་པ་རེད།
སློབ་གྲྭའི་དབུ་འཛིན་ལགས་ཀྱིས་བརྗོད་ན། སློབ་གྲྭའི་ནང་ཆེད་ལས་སྨན་པ་མེད་སྟབས། དེ་སྔོན་བོད་པའི་སྨན་པ་ཞིག་ལ་འབྲེལ་བ་བྱས་ཏེ་ཡོང་རྒྱུ་གཏན་ཁེལ་ཡོད་ཀྱང་རྗེས་སུ་སླེབས་མེད་པ་དང་། ད་ལྟའི་ཆར་བདེ་ལེགས་སྨན་ཁང་དང་འབྲེལ་བ་གནང་སྟེ་ཧེ་བྷེ་ཐེ་ཌི་ན་མཁན་ཚོར་བརྟག་དཔྱད་ཀྱིས་སྨན་བཅོས་གནང་བཞིན་ཡོད་འདུག སྨན་ཞབས་འཛིན་སྐྱོང་བ་ཀརྨ་སྒྲོལ་མ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དུས་རྒྱུན་དགུན་དུས་ནད་པ་ཉུང་ལ་དབྱར་དུས་མང་བ་ཡོད་པ་དང་། ཆར་དུས་སྐབས་ཉིན་རེར་ནད་པ་ ༡༠༠ ལྷག་སླེབ་ཀྱི་ཡོད་ལ། མང་ཆེ་བ་གྲོད་ཁོག་བཤལ་བ་དང་རྐང་ལག་ལ་རྨ་བརྒྱབ་པ། ཆམ་པ་ན་མཁན་བཅས་ཡིན་འདུག ཁོ་མོས་ “ བོད་ནས་སླེབས་མཁན་སློབ་ཕྲུག་མང་པོ་ཞིག་ལ་ཕོ་བའི་ན་ཚ་འདུག ” ཟེར།
རྒྱུན་རིང་ཧེ་བྷེ་ཐེ་ཌི་ན་མཁན་འཛིན་གྲྭ་བརྒྱད་པའི་སློབ་ཕྲུག་བསྟན་འཛིན་བྱམས་པ་ནི་བོད་ནང་འཛིན་རིམ་དགུ་བའི་བར་སློབ་གྲྭར་བསྐྱོད་མྱོང་མཁན་ཞིག་རེད། ཁོང་གིས་འདིར་སླེབས་རྗེས་བོད་ཁྱིམ་སློབ་གྲྭས་ལོ་ལྟར་ཧིན་སྒོར་འབུམ་ལྷག་གི་འགྲོ་སོང་བཏང་སྟེ་སྨན་བཅོས་གནང་བཞིན་པའི་ཐད། སོ་སོར་སེམས་འགུལ་ཆེན་པོ་ཐེབས་པའི་སྐོར་བརྗོད་སོང་། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་སློབ་མ་ཚོའི་དཀའ་ངལ་ནི། ས་ཆ་ཐག་རིང་པོར་སྨན་པར་སྟོན་དུ་འགྲོ་དགོས་པ་དང་སྐད་བརྡ་འཕྲོད་ཀྱི་མེད་པ་དེ་རེད། སློབ་ཕྲུག་ཅིག་གིས་ “ སློབ་གྲྭའི་སྨན་ཞབས་པ་འགའ་རེས་ཕྲུ་གུ་ཚོར་རྣམ་འགྱུར་སྡུག་ཅིག་བསྟན་ཏེ། སློབ་ཕྲུག་མང་པོ་ཞིག་སྨན་ཁང་ལ་འགྲོ་རྒྱུར་སུན་སྣང་སྐྱེ་ཡི་ཡོད་པ་རེད། དེར་བརྟེན། ན་ཚ་གསར་པ་ཡིན་དུས་སྨན་བཅོས་མ་བྱས་པར་འགོར་འགྱང་ཕྱིན་རྗེས། རྒྱ་གར་སྨན་ཁང་དུ་འགྲོ་དགོས་པ་ཡོང་གི་འདུག”ཟེར།
སློབ་གྲྭ་གཞན་དང་བསྡུར་ན་ཟ་མ་སྐྱོ་བོ་འདུག
སློབ་གྲྭ་འདིར་སློབ་མའི་ཟས་དོད་ཐད་ཟླ་རེར་ཧིན་སྒོར་ ༢༥༠ ཡོད་པ་དང་། སློབ་ཕྲུག་རྒན་པ་ཚོས་སྔོན་དང་བསྡུར་ན་ཟ་མ་ཡར་རྒྱས་ཕྱིན་ཡོད་པར་བརྗོད་ལ། ད་ལྟའི་འགན་འཛིན་གསར་དུ་སླེབས་མ་ཐག་སློབ་མའི་ཟ་མ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། རྗེས་སུ་འགྲོ་སོང་ཐད་རྒྱུན་གྲོན་ལས་བརྒལ་བར་བརྟེན་བསྐྱར་དུ་ཉུང་ཙམ་ཇེ་སྡུག་ལ་གཏོང་དགོས་བྱུང་ཡོད་འདུག ཡིན་ནའང་། སུ་ཇཱ་སློབ་གྲྭ་ནས་འཛིན་རིམ་བཅུ་བ་མཐར་ཕྱིན་ཏེ་ད་ལྟ་དྷ་སྟེང་བོད་ཁྱིམ་དུ་ཡོད་པའི་སློབ་ཕྲུག་ཅིག་གིས་བརྗོད་ན། གྷོལ་པ་པུར་དང་དྷ་སྟེང་བོད་ཁྱིམ་གཉིས་ལ་བསྡུར་ན་སུ་ཇཱ་སློབ་གྲྭའི་ཟ་མ་སྐྱོ་བོ་འདུག་ཟེར།
སུ་ཇཱ་སློབ་གྲྭའི་ནང་ལོ་ ༢༠ རིང་མ་བྱན་གནང་མྱོང་མཁན། གཉེར་བ་བློ་བཟང་ལགས་སུ་སློབ་མའི་ཟ་མའི་གནས་སྟངས་ཐད་བཅར་འདྲི་ཞུས་པར། ཁོང་གིས་ “ སྔོན་མ་དང་མ་འདྲ་བར་དེང་སྐབས་ཡར་རྒྱས་ཞེ་དྲག་ཕྱིན་ཡོད་པ་རེད། སྔོན་མ་ཟ་མ་སྐྱོ་བོ་ཡིན་དུས་སློབ་ཕྲུག་ཚོས་ཟ་མ་འདོད་པར་ནམ་རྒྱུན་ཕྱི་ལོགས་སུ་གཡུག་དགོས་པ་དང་། རྒྱ་གར་ཚོས་སྣོད་ནང་བླུགས་ཏེ་ཁྱེར་འགྲོ་བཞིན་ཡོད། ད་ལྟ་དེ་འདྲ་མཐོང་རྒྱུ་མི་འདུག ” ཅེས་བརྗོད་དེ། ད་ལྟའི་སློབ་གྲྭའི་འགན་འཛིན་ལགས་ཀྱིས་ཐབ་ཚང་ནང་འགྲོ་སོང་མང་ཙམ་བཏང་ན་སྨན་ཡོན་ཐད་འགྲོ་གྲོན་ཉུང་དུ་འགྲོ་ངེས་ཡིན་པའི་ལམ་སྟོན་གནང་སྟེ། ནམ་རྒྱུན་སློབ་མའི་འཚོ་བ་ཡར་རྒྱས་ཐད་དོ་གལ་གནང་བཞིན་ཡོད་སྐོར་བརྗོད།
སློབ་གྲྭའི་གཉེར་བ་བློ་བཟང་ལགས་ཀྱིས་སློབ་མའི་ཟ་མ་ཡར་རྒྱས་ཆེད། ཅོན་ཏཱ་ར་དང་སྦི་རི་ཐོག་ཁར་ཟ་མ་བཟོ་སྟངས་ཐད་ལག་ཤེས་ཡོད་པའི་མ་བྱན་འགའ་ཤས་སློབ་གྲྭའི་ཐབ་ཚང་ནང་རེས་མོས་ཀྱི་གདན་འདྲེན་ཞུས་ཏེ། སློབ་གྲྭའི་མ་བྱན་ཚོར་ཟ་མ་བཟོ་སྟངས་ཐད་ཟབ་སྦྱོང་ཐེངས་འགར་སྤྲད་ཡོད་འདུག ཁོང་གིས་ “ བཙན་བྱོལ་སློབ་གྲྭ་ཁག་ནང་མ་བྱན་གནང་མཁན་བོད་པ་མང་པོ་ཡོད་ཀྱང་། ནམ་རྒྱུན་འབྲས་དང་རྡ་ལི། ཀྲེ་མོག་མ་གཏོགས། ཟ་མ་བཟོ་སྟངས་ཐད་ལག་ཤེས་ཡོད་མཁན་དཀོན་པོ་རེད” ཅེས་བརྗོད་དེ། མ་འོངས་པར་གཞུང་གི་ངོས་ནས་ཀྱང་བཙན་བྱོལ་སློབ་གྲྭ་ཁག་གི་མ་བྱན་རྣམས་ལ་ཟ་མ་བཟོ་སྟངས་ཐད་ཟབ་སྦྱོང་སྤྲོད་ཐུབ་ན་ཡག་པོ་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ། ཚེ་རིང་རྒྱལ།
༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས།༽
བཙན་བྱོལ་སྤྱི་ཚོགས་ནང་དུ་དགེ་རྒན་ལ་མཐོང་མེད་པ་མ་ཟད་གླ་ཕོགས་གང་ཅི་ཐད་ནས་ཧ་ཅང་ཞན་པས་ཤེས་རབས་དགའ་ཚལ་སློབ་གླིང་ལ་མཚོན་ན་དགེ་རྒན་ཡག་ཤོས་ཚོ་ཕྱི་ལོག་ལ་ཤོར་སོང་བ་རེད། གཞུང་ཞབས་བ་ལ་ཐོབ་ཐང་མཐོ་བ་དང་དགེ་རྒན་རྣམ་པར་ཐོབ་ཐང་ཆུང་བར་གཞིག་ན། འདས་པའི་ལོ་ཟླའི་རིང་སྐུ་དྲག་ཚོས་ཡོད་ཏན་པར་མཐོང་མ་སྤྲད་མ་ཟད། གོས་ཐོས་སུ་གཉོམ་ཆུང་དང་ནུས་མེད་སྐུ་ངོ་ཚོའི་མ་འགྲིག་པའི་རིགས་ལ་གྱེན་ཟློག་བྱེད་མི་ཕོད་མཁན་སྐུ་ངོ་ཚོས་ག་རེ་བཤད་ན་སྒུར་སྒུར་ལགས་ལོ་ལགས་སོ་ཟེར་མཁན་ཡིན་ན། ཡིག་རྒྱུགས་ཐབས་ཆག་རེ་ལེན་ཁུལ་གྱིས་གཞུབ་ཞབས་ནང་ལའང་ཚུད་པ་དང་། དེ་མིན་སྐུ་དྲག་ཚོ་དང་འབྲེལ་བ་ཡོད་མཁན་དང་དབུས་གཙང་ཕྱོགས་ཡིན་ལས་ཀ་རེག་སླ་བ་ལས། ཁམས་ཨ་མདོའི་ནང་གི་ཤེས་འཇོན་གཉིས་ལྡན་པ་བཤད་ཕོད་མཁནདང་་སྒྲུབ་ཕོད་མཁན་ཚོར་ལས་ཀའི་ས་མིག་བཀག་ཅི་ཐུབ་བྱེད་པར་སྐད། ཡིན་ནའང་ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་མི་རབས་གསར་བའི་ཕྱག་ན་ཡོད་པས། བཀའ་ཁྲི་མཆོག་གིས་ཡར་རྒྱས་ལ་གཏང་བའི་ཡིད་ཆས་ཡོད།