ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་འཇིགས་མེད་བཅས་དབུས་རྒྱུན་ལས་གསུམ་གྱིས། རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གྲངས་ ༢༠ འགྲོ་སྐབས། རྒྱ་གར་ཉེན་རྟོག་པས་ཟས་བཅད་པ་གསུམ་བཙན་གྱིས་ (RML) སྨན་ཁང་དུ་འཁྲིད་པ་དང་། ཟས་བཅད་པའི་གུར་དང་འཕྲེད་དར་སོགས་གཞུང་བཞེས་བཏང་ཡོད་པ་ལྟར། ཕྱི་ཚེས་ ༢༢ ཉིན་ནས་ཉིན་གསུམ་སྨན་ཁང་དུ་སྨན་བཅོས་བྱས་རྗེས། ཁ་སང་ཕྱི་ཚེས་ ༢༦ ཉིན་ཁོང་གསུམ་སྨན་ཁང་ནས་ཕྱིར་ཐོན་ཏེ་ལྡི་ལིར་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཡོད་འདུག
མཛད་སྒོའི་ཐོག་གཞོན་ནུའི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཟས་བཅད་ལས་འགུལ་བ་གསུམ་གྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ། དེར་ཡོད་མི་མང་ལ་ཐེངས་འདིའི་གཞོན་ནུའི་ཟས་བཅད་ངོ་རྒོལ་ལས་འགུལ་གྱི་བརྒྱུད་རིམ་དང་གྲུབ་འབྲས་ངོ་སྤྲོད་དང་། ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་ཟས་བཅད་ངོ་རྒོལ་བ་གསུམ་གྱི་ཚབ་བྱས་ཏེ་གཏམ་བཤད་བཅས་གནང་རྗེས། དེར་ཡོད་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་གིས་ཟས་བཅད་པ་རྣམས་ལ་མཇལ་དར་སྒྲོན་འབུལ་གནང་སྟེ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱས་ཡོད་འདུག