མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་སྦེལ་གཟེངས་རྟགས་མའོ་ཡཱན་ལ་སྤྲད་པ་ནི་དགོད་བྲོ་བ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་རྩོམ་པ་པོ་མའོ་ཡཱན་ལ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པ་བསྒྲགས་རྗེས། རྒྱའི་སྒེར་གཅོད་སྲིད་དབང་འོག་མནར་གཅོད་ཕོག་མྱོང་མཁན་རྒྱ་རིགས་རྩོམ་པ་པོ་མང་པོར་བློ་ཕམ་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན། སི་ཝེ་ཌེན་(Sweden) རྩོམ་རིག་གླིང་གི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དཔྱད་འདེམས་ལྷན་ཚོགས་ཀྱིས། རྒྱ་ནག་གི་རྩོམ་པ་པོ་མའོ་ཡཱན་ལ་ ༢༠༡༢ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་བསྒྲགས་རྗེས། འདས་པའི་ལོ་གཉིས་ཀྱི་སྔོན་ལ་རྒྱ་རིགས་རྩོམ་པ་པོ་ལིག་ཞའོ་པའོ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་སྐབས་དང་མ་འདྲ་བར། རྒྱ་གཞུང་གསར་ལམ་ཁག་གིས་རྒྱ་ནག་སྤྱི་ཚོགས་ནང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་འདུག་ལ། ལོ་སྔོན་མར་ཨ་རིར་བྲོས་བྱོལ་དུ་འབྱོར་བའི་རྒྱ་རིགས་རྩོམ་པ་པོ་ཡུས་ཅའེ་ལགས་ཀྱིས། སྒེར་གཅོད་པར་བསྟོད་བསྔགས་བྱེད་མཁན་ཞིག་ལ་གཟེངས་རྟགས་སྤྲད་པ་དེ་ནི། ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་ཆེས་ཞབས་འདྲེན་གྱི་གནས་ཚུལ་དེ་ཆགས་ཡོད་པའི་སྐྱོན་བརྗོད་བྱས་འདུག

རྒྱ་རིགས་རྩོམ་པ་པོ་མའོ་ཡཱན་ལ་འདི་ལོའི་ནོ་སྦེལ་རྩོམ་རིགས་གཟེངས་རྟགས་ཐོབ་པའི་རྗེས། རྒྱ་གཞུང་གིས་དེ་སྔོན་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་པའི་ནོ་སྦེལ་གཟེངས་རྟགས་ཀྱི་དྲ་རྒྱ་བསྐྱར་དུ་སྒོ་འབྱེད་ཡོད་པ་རེད། ཡིན་ནའང་། ༡༩༨༩ ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་དང་། ༢༠༡༠ ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་རྩོམ་པ་པོ་ལིག་ཞོ་པའོ། ༢༠༠༠ ལོར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ཀའོ་ཞན་ཅེན་གསུམ་གྱི་གནས་ཚུལ་སྔར་བཞིན་བཀག་སྡོམ་བྱས་ཡོད་འདུག

༢༠༠༩ ལོར་འཇར་མན་གྱི་ཧྥ་རན་ཁི་ཧྥའོ་ཋི་ (Frankfurt Book Fair) དཔེ་དེབ་འགྲེམས་སྟོན་སྐབས། མའོ་ཡཱན་རྒྱ་ནག་གཞུང་འབྲེལ་རྩོམ་པ་པོའི་མིང་ཐོག་ནས་མཉམ་ཞུགས་ཆེད་བསླེབས་ཡོད་ཀྱང་། རྒྱ་གཞུང་དང་ལྟ་བ་མི་མཐུན་པའི་རྩོམ་པ་པོ་པའེ་ལིན་དང་ཏའེ་ཆིན་གཉིས་ཚོགས་འདུར་མགྲོན་འབོད་བྱས་པར་ངོ་རྒོལ་གྱིས་འགྲེམས་སྟོན་དེར་མཉམ་ཞུགས་བྱས་མེད་པ་རེད། དེ་བཞིན། ༢༠༠༩ ལོར་ལིག་ཞོ་པའོ་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། པེ་ཅིན་གློག་བརྙན་གཙུག་ལག་སློབ་ཆེན་ཀྱི་དགེ་རྒན་ཆེན་མོ་ཚའེ་ཝེ་ཕིན་གྱིས། ཁ་པར་བརྒྱུད་བཅར་འདྲི་བྱས་ཏེ་རྒྱ་གཞུང་གིས་ལིག་ཞོ་པའོ་བཙོན་འཇུག་བྱས་པའི་གནས་སྟངས་ཐད་ཤེས་ལྡན་པ་དག་ལ་དཔྱད་བརྗོད་བསྡུ་ལེན་བྱས་སྐབས། མའོ་ཡུས་ཀྱིས་ཁོའི་ཁྱིམ་དུ་མགྲོན་པོ་ཡོད་པར་ཁ་གཡར་ཏེ་དང་ལེན་བྱས་མེད་པ་རེད། ༢༠༡༢ ཕྱི་ཟླ་ ༥ ནང་རྒྱ་གཞུང་རྩོམ་པ་པོའི་མཐུན་ཚོགས་ཀྱི་པར་སྐྲུན་ཁང་གིས། མའོ་ཙེ་ཏུང་གི་ཡཱན་ཨན་རིག་གནས་སྒྱུ་རྩལ་གཏམ་གླེང་ཚོགས་འདུའི་ཐོག་བཤད་པའི་སྐད་ཆ་དག་རྩོམ་པ་པོ་ ༡༠༠ ཡིས་བཤུ་འབྲི་བྱས་པ་ཕྱོགས་སྒྲིག་གི་དེབ་ཅིག་བཏོན་ཡོད་པའི་ནང་མའོ་ཡཱན་ཀྱང་གཙོ་གྲས་སུ་ཚུད་ཡོད་པ་རེད།

འདི་ལོ་ཨ་རིར་བྲོས་བྱོལ་དུ་བསླེབས་པའི་རྒྱ་རིགས་རྩོམ་པ་པོ་ཡུས་ཅའེ་ཡིས། “ གལ་སྲིད། ནུབ་ཕྱོགས་སྤྱི་ཚོགས་ནང་རྩོམ་པ་པོ་གང་རུང་ཞིག་གིས་ཞི་ཐི་ལི་ལ་བསྟོད་བསྔགས་བྱས་ཚེ། ཁོ་ལ་གཟེངས་རྟགས་དེ་ཐོབ་མི་སྲིད་པ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་གཞི་རྩའི་རྒྱུན་ཤེས་ཤིག་ཆགས་ཡོད་པ་རེད། ཡིན་ནའང་། མའོ་ཙེ་ཏུང་ལ་བསྟོད་བསྔགས་བྱེད་མཁན་རྒྱ་རིགས་རྩོམ་པ་པོ་ཞིག་ལ་གཟེངས་རྟགས་དེ་སྤྲད་ཡོད་པ་རེད། མའོ་ཡིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཕྲོག་པའི་གྲངས་འབོར་ནི་སི་ཏ་ལེན་དང་ཞི་ཐི་ལི་གཉིས་ལ་ཆེས་ཆེར་བརྒལ་ཡོད་པ་རེད། དེ་གཉིས་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་བལྟས་ཚེ་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྣང་མེད་གཏོང་བཞིན་པ་མཐོང་ཐུབ། འདི་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་པུའི་ངོས་ཐད་ཙམ་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་བཅས་འཛམ་གླིང་གི་ཡོངས་ཁྱབ་རིན་ཐང་གི་ངོས་ནས་ཀྱང་རྒྱབ་འགལ་དུ་གྱུར་ཡོད།  ནོ་སྦེལ་རྩོམ་རིག་གཟེངས་རྟགས་མའོ་ཡཱན་ལ་སྤྲད་པ་དེ་ནི་ཧ་ཅང་དགོད་བྲོ་བའི་མཇུག་འབྲས་ཤིག་རེད།” ཅེས་བརྗོད་དེ། རྩོམ་རིག་རྐྱང་པའི་ངོས་ཐད་ནས་མའོ་ཡཱན་གྱི་བརྩམས་ཆོས་དག་ནི། དེང་སྐབས་རྒྱ་ནག་ནང་ཡོད་པའི་རྩོམ་པ་པོ་གང་མང་ཞིག་དང་བསྡུར་ཐབས་མེད་པ་མ་ཟད།  རྒྱའི་སྐད་ཡིག་གི་གསར་གཏོད་རྣམ་པའི་གྲུབ་འབྲས་ཀྱི་ཆ་ནས་བལྟས་པ་ཡིན་ནའང་། མའོ་ཡཱན་གྱི་བརྩམས་ཆོས་ཁྲོད་དྲག་སྤྱོད་དང་འདོད་སྲེད་ཀྱི་རྙོག་མ་འདྲེས་ཏེ་སྐད་ཡིག་གི་མཛེས་ཚོར་གྱི་རྣམ་པ་བོར་ཡོད་པ་ཐེར་འདོན་བྱས་ཡོད་འདུག 

མའོ་ཡཱན་ནི་ ༡༩༥༥ ལོར་རྒྱ་ནག་ཧྲན་ཏུང་ཀོ་མིས་གྲོང་ཁྱེར་ཏཱ་ལེན་ཞང་དུ་སྐྱེས་པ་དང་། ༡༩༧༦ ལོར་རྒྱ་ནག་བཅིངས་གྲོལ་དམག་ནང་ཞུགས་ཏེ། རུ་དཔོན་དང་གསང་གཉེར་བ། གཙོ་འགན་པ་བཅས་བྱས་ཡོད་པ་དང་། ༡༩༨༦ ལོར་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་རྩོམ་རིག་སྡེ་ཚན་ནས་སློབ་མཐར་ཕྱིན་ཡོད་ལ། ད་ལྟ་རྒྱ་ནག་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཡིན་འདུག ༢༠༡༡ ལོར་ཁོ་རང་གི་སྒྲུང་རིང་༼སྦལ་བ༽ལ་སྐབས་བརྒྱད་པའི་མའོ་ཏོན་རྩོམ་རིག་བྱ་དགའ་སྤྲད་ཡོད་པ་རེད། མའོ་ཡཱན་གྱིས་ཁོ་རང་ལ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་རྗེས་རྒྱ་གཞུང་ཤིན་ཧྭ་གསར་ཁང་གི་བཅར་འདྲི་དང་ལེན་བྱས་ཐོག མུ་མཐུད་དུ་གསར་རྩོམ་གྱི་ཕྱོགས་ལ་འབད་པ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག ཡིན་ནའང་། འཇར་མན་རླུང་འཕྲིན་གིས་ཁོ་ལ་ཐད་ཀར་བཅར་འདྲི་བྱེད་ཐུབ་མེད་པ་རེད།    

འཇར་མན་སྤྱི་ཚོགས་རིག་གནས་ཀྱི་ཆེས་མཐོའི་གཟེངས་རྟགས་ཐོབ་མཁན་ལེའོ་ཡུས་ཝུ་ཡིས། འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དཔྱད་འདེམས་བྱེད་སྟངས་ནི།  སྲིད་གཞུང་ཕན་ཚུན་བར་སྙོམས་སྒྲིག་བྱེད་ཐབས་ཤིག་ཏུ་གྱུར་ཡོད་ལ།  ལོ་གཉིས་ཀྱི་སྔོན་དུ་ལིག་ཞོ་པའོ་ལ་ཞི་བདེ་གཟེངས་རྟགས་ཕུལ་བའི་གནོན་ཤུགས་དེ། འདི་ལོ་མའོ་ཡཱན་ལ་རྩོམ་རིག་གཟེངས་རྟགས་སྤྲད་ནས་ཞི་འཇགས་བཟོས་པ་ཞིག་ལ་ངོས་འཛིན་བྱས་ཡོད། དེ་བཞིན། ཡུས་ཅའེ་ཡིས་ཀྱང་རྒྱ་གཞུང་གིས་ནོ་སྦེལ་གཟེངས་རྟགས་དཔྱད་འདེམས་ལྷན་ཚོགས་ལ་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་བརྗོད་འདུག པེ་ཅིན་གློག་བརྙན་གཙུག་ལག་སློབ་གླིང་གི་དགེ་རྒན་ཆེན་མོ་ཚའེ་ཝེ་ཕིན་ཀྱིས། “ ངན་རྒྱབ་དཔུང་འདེགས་བྱེད་པའི་འཛམ་གླིང་འདིར། དེ་ནི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་རྩོམ་པ་པོ་རྣམས་དང་། སྔོག་བཤེར་བཀག་སྡོམ་གྱི་གནོན་ཤུགས་འོག་ལྷག་པའི་མི་མང་ལ་གནག་སེམས་ཀྱི་རྒོལ་བ་ཆེན་པོ་ཞིག་ཆགས་ཡོད། ” ཅེས་བརྗོད་འདུག

སི་ཝེ་ཌེན་གྱི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དཔྱད་འདེམས་ལྷན་ཚོགས་ལ་མི་ ༡༨ ཡོད་པའི་ཁྲོད་ནས། རྒྱའི་རིག་གནས་ལ་ཞིབ་འཇུག་དང་རྒྱུས་མངའ་ཡོད་མཁན་ནི། ད་ལྟ་ལོ་ ༧༦ ཡིན་པའི་ཇའོ་རན་མའེ་ལམ་ཁའེ་སི་ཋི་ (Goeran Malmqvist) ཆགས་ཡོད་འདུག ཁོ་ནི་ ༡༩༤༨ ལོར་རྒྱ་ནག་ཟི་ཁྲོན་དུ་རྒྱའི་སྐད་ཡིག་ཉམས་ཞིབ་ཆེད་བསྐྱོད་ཡོད་པ་མ་ཟད། རིག་གསར་སྐབས་རྒྱ་ནག་ནང་ལས་ཀ་བྱས་ཏེ་བསྡད་མྱོང་ཡོད་འདུག ཁོའི་ཆུང་མ་དང་པོ་རྒྱ་མོ་ཁྲིན་ཉཱིན་ཙུའུ་ ༡༩༩༦ ལོར་འདས་རྗེས། ༢༠༠༥ ལོར་རྒྱ་ནག་ཧྲན་ཞི་རུ་ཐེ་ཝན་གྱི་གསར་འགོད་ལས་གཉེར་བ་ཁྲིན་ཝུན་ཧྥུན་དང་བསྐྱར་དུ་གཉེན་སྒྲིག་ཡོད་འདུག 

སི་ཝེ་ཌེན་གྱིས་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༡༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཡོད་པའི་རྒྱལ་ཁབ་དེ་ངོས་ལེན་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༥ ཚེས་ ༩ ཉིན་རྒྱ་གཞུང་དང་འབྲེལ་བ་བཙུགས་ཡོད་ལ། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཐོག་དང་པོར་རྒྱ་ནག་དམར་ཤོག་གཞུང་ལ་རྒྱལ་ཁབ་ཀྱིས་འབྲེལ་བ་འཛུགས་མཁན་དེ་ཆགས་ཡོད། 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. མི་རྒོད། says:
    ལོ་ 14 སྔོན།

    མའོ་ལ་སྤྲད་པའི་རྔན་པ་དེ་གཟེངས་རྟགས་སེ་ག་ཡང་མ་རེད། འདི་རྔན་པ་ཞིག་རེད། རྒྱ་ཡིས་ཉོས། ནོ་སྦེལ་གྱིས་བཙོང་། འོ་ཡ་ད་ང་ཚོ་རྩམ་གཟན་ཚོ་ཡང་གཟབ་དགོས་པ་ཅི་མི་མཐོང་། མི་རིགས་བཙན་དབང་འོག་མནར་གཅོད་མྱོང་བ་ནི་ཉིན་མ་རེ་རེར་ཡི་དོན་ཡིན་པ་ལས་གཞན་ག་ཡང་མིན་ དེ་བརྟེན་རང་ནུས་ཀྱི་མེ་ཕུང་སྦྱིན་པ་ནི་བདག་ཅག་སྟོད་པས་སྟག་མོར་ལུས་སྦྱིན་དང་ཅི་མི་ཁྱད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཧིཊ་ལར་དང་སི་ཏྰ་ལིན་གཉིས་བསྡོམས་ནས། དེ་ལས་ལྷག་པའི་མི་གསོད་མཁན་རྒྱ་མི་མའོ་ཡིས་མི་གསོད་ཁྲག་སྦྱོར་བྱེད་མཁན་ཡིན་པ་དེ། རྒྱ་རིགས་རང་གི་རྩོམ་པ་པོས་ཁ་ཐོན་པ་འདིས། ད་ལྟའི་རྒྱ་གཞུང་ལ་ཡང་འགྲམ་ལྕག་ཚ་ཐག་གཅོད་ཅིག་ཞུས་པ་གཅིག་པ་མ་རེད་པེ། ཧ་ཧ་ཧ།

    Reply
  3. རྩྭ་ཐང་གི་གླག་རྒོད། says:
    ལོ་ 14 སྔོན།

    འདི་ལོ་ནོ་སྤེལ་རྩོམ་རིག་གཟེངས་རྟགས་དེ་སྒེར་གཅོད་ལམ་ལུག་ལ་བསྔགས་བརྗོད་བྱེད་མཁན་རྩོམ་པ་པོ་མའོ་ཡཱན་ལ་ཐོབ་པ་དེའི་ རྒྱའི་སྒེར་གཅོད་སྲིད་དབང་འོག་མནར་གཅོད་ཕོག་མྱོང་མཁན་རྒྱ་རིགས་རྩོམ་པ་པོ་མང་པོར་བློ་ཕམ་བྱུང་ཡོད་
    ཁོ་བྲོས་བྱོད་དུ་མ་སོང་གོང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་ཅང་འདུག

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    ད་སྐྱོན་བརྗོད་འདྲ་བྱས་ནས་སྡོད་པ་ལས་མདོ་དོན་རྡོག་རྡོག་དེ་ཤེས་རྒྱུ་ཧ་ཅང་གི་གལ་ཆེན་རེད། དེ་ལྟར་བོད་དོན་ལའང་གོ་བ་གསར་བ་ཞིག་ལོན་ཐུབ་པར་སྣང་། རྒྱ་རིགས་རྩོམ་པ་པོ་འདིར་ད་ལོ་ནའོ་པེལ་རྩོམ་རིགས་རྟགས་མ་རེག་གི་རེད་ཅེས་ཟླ་ཁ་ཤས་སྔོན་ནས་གླེང་གི་འདུག ཁོང་གི་བརྩམས་ཆོས་གསུམ་རྒྱ་ཡིག་ལས་ཕར་བསྒྱུར་སྐབས་བསྒྱུར་གླ་འབོར་ཆེན་ཞིག་སྤྲད་ཡོད་པ་དང་རྒྱ་ནག་གཞུང་གིས་རྒྱབ་ལོགས་སུ་ལས་ཀ་ཤུགས་ཆེན་ལས་ཡོད་པ་གསལ་བོ་རེད། ནུབ་ཕྱོགས་པ་ཚོས་ད་ལོ་རྟགས་མ་འདི་ཅིའི་ཕྱིར་དམར་ཤོག་དཔོན་རིགས་རྩོམ་པ་པོ་ཞིག་ལ་སྤྲད་དགོས་པ་རེད་དམ་ཞེ་ན། ད་ལྟའི་རྒྱ་གཞུང་ནི་ནུབ་ཕྱོགས་ཀྱི་ཕྱུག་པོ་དང་དཔོན་རིགས་ཁྱིམ་རྒྱུད་ཀྱིས་དངུལ་དངོས་བཟོ་ས་ཡག་ཤོས་དེ་ཆགས་ཡོད་པས། རྒྱ་ནག་ནང་སྔར་བྱུང་མ་མྱོང་བའི་དབང་ཆ་འཐབ་རྩོད་ད་ལོ་བྱུང་བར་བརྟེན་ནས་གུང་ཁྲན་ཏང་ཉེན་ཁ་དེ་ལས་གཞོལ་ཐབས་ཀྱི་རོགས་འདེགས་རེད། ནུབ་ཕྱོགས་ཀྱི་རྩ་བའི་བྱེད་སྟངས་འདི་རྡ་རམ་ས་ལ། རྒྱ་ནག་མང་གཙོ་དོན་གཉེར་བ། ཤར་ཏིར་ཀི་སི་ཐན་གྲོས་ཚོགས་སོགས་ཀྱི་མགོ་ལའང་མི་མངོན་པའི་ལམ་ནས་བཙན་འགེལ་བྱས་ཡོད་པ་རེད། གལ་སྲིད་ཁ་མ་ཉན་པ་ཡིན་ན། རོགས་དངུལ་སྤྲད་ཀྱི་མ་རེད། མདོར་བསྡུས་བཤད་ན། རྒྱལ་སྤྱིའི་ནོར་ཞེན་ཅན་དང་རྒྱ་ནག་དབང་ཞེན་ཅན་གྱི་མནའ་འབྲེལ་གསར་བ་ཞིག་ཆགས་ཚར་ཡོད་པས། ཕྱི་ཚུལ་དུ་ག་ལེར་མང་གཙོར་བསྐུལ་འདེད་གཏོང་བཞིན་པ་ལྟ་བུར་མངོན་ནའང་། དོན་ལ་རྒྱ་གཞུང་མུ་མཐུད་དུ་གནས་པར་རྒྱབ་བསྐྱོར་རྒྱག་གི་ཡོད་པ་རེད། གནས་སྟངས་འདི་ག་དུས་རྒྱ་ནག་ནང་དངུལ་དངོས་བཟོ་མི་ཐུབ་པའི་དུས་སུ་འགྱུར་བ་ཏན་ཏན་བྱུང་གི་རེད། དེའི་ཡར་སྔོན་འདི་ལྟར་མཁྲེགས་བསྐྱོར་བྱེད་བསམ་གྱི་ཡོད་པ་རེད། ད་མཁྱེན་སོང་ངམ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ མའོ་ཡིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཕྲོག་པའི་གྲངས་འབོར་ནི་སི་ཏ་ལེན་དང་ཞི་ཐི་ལི་གཉིས་ལ་ཆེས་ཆེར་བརྒལ་ཡོད་པ་རེད། དེ་གཉིས་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་བལྟས་ཚེ་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྣང་མེད་གཏོང་བཞིན་པ་མཐོང་ཐུབ། ་་་ཟེར།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ ལོ་སྔོན་མར་ཨ་རིར་བྲོས་བྱོལ་དུ་འབྱོར་བའི་རྒྱ་རིགས་རྩོམ་པ་པོ་ཡུས་ཅའེ་ལགས་ཀྱིས། སྒེར་གཅོད་པར་བསྟོད་བསྔགས་བྱེད་མཁན་ཞིག་ལ་གཟེངས་རྟགས་སྤྲད་པ་དེ་ནི། ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་ཆེས་ཞབས་འདྲེན་གྱི་གནས་ཚུལ་དེ་ཆགས་ཡོད་པའི་སྐྱོན་བརྗོད་བྱས་འདུག ་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese