ཉེ་བའི་ལོ་འགའི་སྔོན་ནས་བཟུང་རྒྱ་གཞུང་གིས་རྫ་སེར་ཤུལ་དགོན་པར་དམ་དྲག་དང་གྲྭ་བའི་གྲངས་འབོར་ཚོད་འཛིན་བྱས་ཏེ། བོད་རང་སྐྱོང་ལྗོངས་དང་ཨ་མདོའི་ཕྱོགས་ཀྱི་གྲྭ་བ་གཅིག་ཀྱང་འཛུལ་ཞུགས་དང་སྡོད་མི་ཆོག་པར་བཟོས་ཡོད་འདུག
ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་ཡོད་པའི། ཁམས་ནག་ཤོད་ས་ཆའི་གྲྭ་བསོད་ནམས་དཔའ་འབྱོར་ལགས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་བྱུང་རྗེས། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་ཁམས་ཀྱི་ས་མཚམས་སུ་ཡོད་པའི་ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་དང་འབྲི་རུ། སོག་རྫོང་བཅས་རྫོང་ཁག་གསུམ་དུ་དམིགས་བསལ་ལས་དོན་རུ་ཁག་མངགས་གཏོང་གིས་དམ་དྲག་བྱེད་མགོ་ཚུགས་ཡོད་པ་མ་ཟད། དགོན་པ་དང་མི་མང་ནང་ཆབ་སྲིད་སློབ་གསོ་ཞེས་པའི་ཚོགས་འདུའི་འོག ༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་དང་བོད་གཞུང་ལ་དགག་པ་རྒྱག་བཅུག་ཏེ། ༸གོང་ས་མཆོག་དང་བོད་གཞུང་ལ་ལྷག་བསམ་རྣམ་དག་ཡིན་པའི་མི་ག་ཚོད་ཡོད་མེད་སོགས་ཞིབ་འཇུག་བྱས་ཡོད་འདུག་ལ། ས་གནས་ཀྱི་དགོན་པའི་ནང་གྲྭ་བ་ ༡༣༠ མ་གཏོགས་སྡོད་མ་བཅུག་སྟབས། རང་ལོ་ ༡༨ མན་གྱི་གྲྭ་བ་ ༡༠༠ ལྷག་སྐབས་དེ་ནས་སོ་སོའི་རང་ཁྱིམ་དུ་ལོག་ཏེ་སྡོད་དགོས་བྱུང་ཡོད་འདུག
གྲྭ་བ་བསོད་ནམས་ལགས་ནི་སྐབས་དེར་རྒྱ་གཞུང་གིས་ཕྱིར་ཕུད་བཏང་བའི་ཁྲོད་ཀྱི་གཅིག་ཡིན་འདུག་ལ། ཁོང་དགོན་པ་ནས་ཕྱིར་ཕུད་བཏང་རྗེས། རྫ་སེར་ཤུལ་དགོན་དུ་འགྲོ་དགོས་བྱུང་ཡོད་པ་དང་། རྫ་སེར་ཤུལ་དགོན་དུ་འཛུལ་བའི་ལོ་ ༥ ལྷག་རིང་ཉེན་རྟོག་པས་ནམ་རྒྱུན་གྲྭ་བ་ཚོ་འགྲོ་འོང་ལ་ལྟ་རྟོག་དང་སྟངས་འཛིན་དམ་དྲག་བྱས་པ་མ་ཟད། སྐབས་དེར་དགོན་པའི་གྲྭ་བ་ཚོའི་རང་ངོས་ནས་སྐད་ཡིག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་གསར་འཛུགས་ཀྱིས། དགོན་པའི་ཕྱོགས་ཡོངས་སུ་སྒམ་ཆུང་རེ་བཞག་ཏེ་བོད་སྐད་བསྲེད་ལྷད་རྒྱག་མཁན་ཚོས་དང་བླངས་ཐོག་ཆད་པ་སྤྲོད་རྒྱུའི་ལམ་སྲོལ་ཞིག་བཏོད་ཡོད་ཀྱང་། ཕྱིས་སུ་གཞུང་ངོས་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་ཡོད་ཚུལ་བཤད་དེ་སྒམ་ཆུང་ཚང་མ་གཞུང་བཞེས་བཏང་བ་སོགས་དགོན་པའི་བྱེད་སྒོ་ཁག་ལ་དམ་དྲག་རིམ་པ་བྱས་མཐར། གྲྭ་བ་ཚོས་༸པཎ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་སྐད་ཡིག་སྲུང་སྐྱོབ་ཐོག་གནང་བའི་བཀའ་སློབ་དང་། རྒྱ་ནག་གི་སྲིད་འཛིན་མའོ་ཀྲུའུ་ཞིས་སྐད་ཡིག་ཐོག་གནང་བའི་གཏམ་བཤད་ཁག་ལུང་འདྲེན་གྱིས་རྒྱུ་མཚན་བཤད་པ་དང་། རྫོང་སྲིད་གཞུང་མདུན་དུ་ཟས་བཅད་ངོ་རྒོལ་བྱས་པར། གཞུང་ངོས་ནས་གལ་སྲིད་གྲྭ་བ་ཚོ་ཕྱིར་དགོན་པར་མ་ལོག་པ་ཡིན་ན། འཛིན་བཟུང་གཅར་རྡུང་བྱེད་ཀྱི་ཡིན་པའི་འཇིགས་སྐུལ་རིམ་པ་བྱས་མཐར་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་དགོས་བྱུང་ཡོད་འདུག་ལ། དུས་དེ་ནས་དགོན་པའི་ནང་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་རིགས་ཀྱང་མཚམས་འཇོག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་འདུག
དེ་བཞིན། ནམ་རྒྱུན་ཉེན་རྟོག་པ་དགོན་པར་ཡོང་སྟེ་གྲྭ་བ་ཚོར་ཆོས་དད་རང་མོས་ཟེར་བ་དེ་དགོན་པ་དང་རང་ཤག་ཏུ་སློབ་གཉེར་བྱེད་བཞིན་འདུག་དགོས་པ་ཞིག་ལས། ཕྱིར་འཁྱམས་ཏེ་གཞན་ལ་ཆོས་བཤད་པ་དང་། མི་མང་ལ་འདི་དང་གན་ཞེས་གནས་ཚུལ་འདྲ་མིན་ཁྱབ་བསྒྲགས་བྱ་རྒྱུ་ཞིག་མིན་པ་དང་། གལ་སྲིད། དེ་ལས་བརྒལ་བ་ཡིན་ན་ཁྲིམས་ཆད་ནན་མོ་གཅོད་རྒྱུའི་འཇིག་སྐུལ་དང་བཀའ་རྒྱ་རབ་དང་རིམ་པ་བཏང་ཡོད་པ་མ་ཟད། དགོན་གྲོང་གཉིས་སུ་རྒྱལ་གཅེས་སློབ་གསོ་ཟེར་བ་སྤེལ་ཏེ། གྲྭ་བ་དང་མི་མང་ནང་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་རིགས་ཡོད་ཚེ། བརྙན་འཕྲིན་དང་པར་སོགས་བརྒྱབ་ཏེ་ཁྱབ་བསྒྲགས་བྱས་པ་དང་། གོང་རིམ་གྱི་བཀའ་དང་ལེན་མི་བྱེད་པའི་རིགས་ཡོད་ཚེ་གཞུང་གིས་སྤྲོད་ཀྱིན་པའི་རོགས་དངུལ་རིགས་ཚང་མ་མེད་པར་བཟོས་པ་སོགས་སུན་གཙེར་རབ་དང་རིམ་པ་བཟོས་ཡོད་པ་དང་། ཉེ་བའི་ལོ་གཅིག་ལྷག་གི་ཡར་སྔོན་ནས་བཟུང་རྒྱ་གཞུང་གིས་ས་གནས་གཞན་ནས་ཡོང་བའི་གྲྭ་བ་རྫ་སེར་ཤུལ་དགོན་པའི་ནང་འཛུལ་མི་ཆོག་པར་བཟོས་ཡོད་ལ། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་དང་ཨ་མདོའི་ཕྱོགས་ཀྱི་གྲྭ་བ་གཅིག་ཀྱང་འཛུལ་མི་ཆོག་པར་བཟོས་པ་དང་། ས་གནས་དེ་དག་ནས་ཡོང་བའི་གྲྭ་བ་ཚང་མ་ཕྱིར་ཕུད་བཏང་ཡོད་འདུག
ཡང་གྲྭ་བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལྟའི་བོད་ནང་གྲྭ་བ་ཚོའི་དཀའ་ངལ་གཙོ་བོ་ནི། རྒྱ་གཞུང་གིས་གྲྭ་བ་ཚོར་འགྲོ་འདུག་རང་དབང་དང་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་མེད་པ་དེ་ཡིན་འདུག་ལ། ཉེ་བའི་ལོ་འགའི་རིང་བོད་མི་ཚོའི་འགྲོ་འོང་ལ་བཀག་སྡོམ་བྱས་པ་མ་ཟད། ལྷག་པར་དུ་བོད་ཀྱི་དགོན་སྡེ་ཆེ་ཁག་ཏུ་བསླབ་པ་སློབ་གཉེར་དང་གཞུང་ལུགས་སློབ་སྦྱོང་ཆེད་འགྲོ་བཞིན་པའི་གྲྭ་བ་ཚོར་སློབ་སྦྱོང་གི་གོ་སྐབས་ཡོངས་སུ་བཀག་ཏེ། གྲྭ་བ་མང་པོ་ཞིག་རང་ཁྱིམ་དུ་རང་དགར་འདུག་དགོས་བྱུང་བ་དང་། ཁག་ཅིག་དཀའ་སྡུག་གི་ལམ་འཕྲང་མང་པོ་བརྒྱུད་དེ་རྒྱ་གར་དུ་ཡོང་བ་དེ་ཡང་གཙོ་བོ། ༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་། དེ་ནས་གྲྭ་ས་ཁག་ཏུ་ཕྱིན་སྟེ་བསླབ་པ་སློབ་གཉེར་གྱི་གོ་སྐབས་ལེན་རྒྱུ་དེ་ཡིན་པ་དང་། མང་པོ་ཞིག་གིས་དཀའ་ངལ་རིམ་བརྒྱུད་ཀྱིས་འདིར་ཡོང་དོན་ཡང་། རྒྱ་གཞུང་གིས་ཁམས་དང་ཨ་མདོའི་ཕྱོགས་ཀྱི་གྲྭ་བ་ཚོ་སེ་འབྲས་དགེ་གསུམ་གཙོས་པའི་གྲྭ་ས་ཁག་ཏུ་སློབ་གཉེར་གྱི་ལམ་ཁ་བཀག་འགོག་བྱས་པ་དང་། ཁམས་ཕྱོགས་ཀྱི་དགོན་སྡེ་ཆེ་ཁག་ཏུའང་གཅིག་མཚུངས་ཀྱི་སྒྲིག་གཞི་འདི་ལག་བསྟར་བྱས་སྟབས། གྲྭ་བ་ཚོ་དགོན་པར་ཞུགས་མ་བཅུག་པ་དང་། སྤྱི་ཚོགས་ནང་འགྲོ་ས་སྡོད་ས་མེད་པ། སློབ་སྦྱོང་གི་གོ་སྐབས་མ་རག་པའི་དཀའ་ངལ་གང་མང་ཞིག་འཕྲད་ཀྱིན་ཡོད་སྐོར་བརྗོད་བྱུང་།
ཁོང་ལ་ད་ལྟའི་ཆར་ནག་ཆུ་ས་ཁུལ་གྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་མི་རིགས་རང་གི་རིག་གཞུང་ཐོག་དོ་སྣང་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐད་ནས་སྔོན་དང་བསྡུར་ན་ཉམ་ཆག་ཏུ་འགྲོ་བཞིན་འདུག ཡིན་ནའང་། གྲྭ་པ་དང་སློབ་མ། མི་མང་སུ་ཡིན་ཡང་རང་གི་སྐད་ཡིག་ལ་དོ་སྣང་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་ལྟར་ཡོང་དོན་གཙོ་བོ། རྒྱ་གཞུང་གིས་ད་ལྟའི་བར་བོད་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་དང་བཅས་པར་གཏོར་བཅོམ་ཚབས་ཆེན་བཏང་བ་དང་། ལྷག་པར་དུ་ ༢༠༠༨ ལོ་ནས་ད་ལྟའི་བར་བོད་ཆོལ་ཁ་གསུམ་དུ་བོད་མི་མང་པོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་རིམ་པ་བྱུང་བ་དང་། ༢༠༠༩ ལོ་ནས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རིམ་པ་བྱུང་སྟབས། བོད་མི་ཚོ་རྟོགས་སད་ལྟ་བུ་བྱུང་སྟེ། མི་རིགས་ལ་རྒྱ་དང་དུང་ཞེན་ཆེ་རུ་ཕྱིན་པ་དང་། མི་རིགས་རང་གི་འཐབ་རྩོད་ལ་མེད་དུ་མི་རུང་བ་སྐད་ཡིག་ཆགས་ཡོད་པའི་ངེས་ཤེས་རྙེད་དེ་ཤེས་ཡོན་པ་ཙམ་མིན་པར། མི་དམངས་དཀྱུས་མའི་ཁྲོད་དུའང་བོད་སྐད་གཙང་མ་བཤད་ཐབས་དང་བོད་ཡིག་ལ་དོ་སྣང་ཤུགས་ཆེར་བྱེད་ཀྱི་འདུག་ལ། ས་གནས་འདྲ་མིན་དུ་སྐད་ཡིག་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཚོགས་པ་འདྲ་མིན་བཙུགས་ཏེ་རང་ནུས་གང་ཡོད་ཀྱི་འབད་པ་བྱེད་ཀྱི་འདུག ” ཅེས་བརྗོད་བྱུང་།
མཇུག་ཏུ་ཁོང་ལ་ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ཀྱི་ས་ཁུལ་གང་སར་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བ་དེ་ས་གནས་ཁག་ནང་ཤེས་ཐུབ་ཀྱི་ཡོད་མེད་དང་། རང་ལུས་མེར་བསྲེཊ་ཀྱི་ལས་འགུལ་ལ་ལྟ་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ བོད་ནང་ད་ལྟའི་བར་བོད་མི་ ༥༠ ལྷག་གི་རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་། ང་ཚོའི་ཕྱོགས་ནས་རང་ཉིད་ཀྱི་ས་གནས་སུ་བྱུང་རིགས་ལས་ས་གནས་གཞན་གྱི་གནས་ཚུལ་ཟླ་ཤས་རྗེས་སུ་མ་གཏོགས་གོ་ཐུབ་ཀྱི་མི་འདུག ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་དེའི་རིགས་དེ་གོ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཆགས་འདུག འདི་ལོ་འདམ་གཞུང་དུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་སྐབས་ང་ས་གནས་དེར་ཡོད། གནས་ཚུལ་དེ་བྱུང་མ་ཐག་རྒྱ་ནག་གིས་ལམ་སེང་དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ལམ་ཆ་ཚང་གྲགས་རྒྱུ་མེད་པར་བཟོས་སོང་། གནས་ཚུལ་དེ་དག་གི་དབང་གིས་གནས་ཚུལ་དེའི་རིགས་ཤེས་རྒྱུ་ཧ་ཅང་ཁག་པོ་རེད། ང་རང་ཉིད་ཀྱི་ངོས་ནས་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རིམ་པ་བྱུང་བཞིན་པ་དེ་བོད་མི་ཚོ་ཐབས་ཟད་འུ་ཐུག་གི་ལམ་ནས་རང་ལུས་མེར་བསྲེཊ་བཏང་བ་རེད། ང་རང་ཉིད་ལ་མཚོན་ནའང་འདིའི་ཐད་བསམ་བློ་མང་པོ་འཁོར་མྱོང་ཡོད། ཁོང་ཚོས་བློས་གཏོང་འདི་ནི་དངོས་ནས་ཧ་ལས་པའི་བློས་གཏོང་ཞིག་རེད། འདིའི་རིགས་འདི་བོད་ནང་དམ་དྲག་ལྟ་རྟོག་འོག་སྡོད་མཁན་གྱི་བོད་མི་ལས་གཞན་སུ་གང་གིས་ཀྱང་གནས་སྟངས་འདི་འདྲ་ཞིག་ཆགས་པའི་བསམ་བློ་འཁོར་ཐུབ་ཀྱི་མ་རེད་བསམ་གྱི་འདུག གང་ལྟར། བོད་མི་ ༥༡ གིས་རང་ལུས་མེར་བསྲེགས་བཏང་བ་དེ་རང་དབང་དང་སྡུག་བསྔལ་ཆེན་པོ་ཞིག་གི་འོག་ནས་བཏང་བ་ཞིག་རེད། ང་ཚོའི་ནང་པའི་ཆོས་ཀྱི་ནང་དུ་རྙེད་དཀའ་བའི་དལ་འབྱོར་ཞེས་པ་དང་། ཐོབ་དཀའ་བའི་མི་ལུས་རིན་ཆེན་ཕངས་མེད་དུ་མི་རིགས་ཀྱི་ཆེད་དུ་བཏང་ཡོད་སྟབས། ང་རང་གི་ངོས་ནས་ཁོང་ཚོས་གཏམ་སྙན་གྲགས་ཀྱི་ཆེད་དུ་མིན་པར་བོད་མི་བསྟན་སྲིད་ཀྱི་ཆེད་དུ་བློས་གཏོང་བྱས་པ་དེ་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། བོད་ནང་གི་གནས་སྟངས་ཐད་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས། བོད་ནང་གི་བོད་མི་ཚོས་བཙན་བྱོ་ནང་གི་གནས་སྟངས་ཤེས་ཀྱི་ཡོད་པ་མ་རེད་ལ། རྒྱ་ནག་གཞུང་གིས་ཐབས་ཤེས་འདྲ་མིན་བཏང་སྟེ་ཤེས་རུ་འཇུག་གི་མེད་པ་མ་ཟད། མི་མང་ལ་བཙན་བྱོལ་བོད་གཞུང་རྫུན་མ་རེད། མ་འོངས་བོད་རང་དབང་སླར་གསོ་ཐུབ་ཀྱི་མ་རེད། ༸གོང་ས་མཆོག་མེད་པ་ཡིན་ན་ཚང་མ་ཚར་འགྲོ་གི་རེད། ཕྱི་རྒྱལ་ཁག་ལ་བློ་གཏད་བཅོལ་ས་ཡོད་པ་མ་རེད། དེ་ལས་གུང་ཁྲན་ཏང་ལ་མགོ་སྒུར་བ་ཡིན་ན་ཡག་པོ་ཡོད་པ་རེད་ལ། ཉེས་རྡུང་ཡང་རག་གི་མ་རེད་ཅེས་མི་མང་ལ་ཐབས་ཤེས་འདྲ་མིན་གཏོང་གི་ཡོད་སྟབས། ང་ཚོས་ཐབས་ཤེས་ཤིག་བཙལ་ཏེ་ཚང་མ་རྡོག་རྩ་གཅིག་སྒྲིལ་གཙོ་བོར་བཞག་ཏེ། བོད་ཕྱི་ནང་གཉིས་ཕན་ཚུན་གྱི་གནས་ཚུལ་ཤེས་རྟོགས་ཡོང་བའི་ཐད་ལ་འབད་བརྩོན་གནང་དགོས་ཀྱི་འདུག ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་གཞིགས་ན། མ་འོངས་གཞིས་བྱེས་ལྷན་འཛོམས་ལ་རེ་བ་གང་འདྲ་ཞིག་མཐོང་གི་ཡོད་མེད་དྲིས་པར། ང་རང་གི་ངོས་ནས་རེ་བ་དང་སེམས་ཤུགས་ཆེ་རུ་འགྲོ་གི་འདུག གཙོ་བོ། ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ང་ཚོས་ནུས་པ་མཉམ་སྤུངས་བྱ་ཐུབ་པ་ཡིན་ན་རེ་བ་ཆེན་པོ་ཡོད་ཀྱི་རེད། ” ཞེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
དེང་སྐབས་བོད་ནང་མེར་བསྲེག་དོན་རྐྱེན་བྱུང་འཕྲལ་ལམ་སང་དམག་མི་གང་ས་གང་དུ་ཁེངས་འགྲོ་བཞིན་པས། མང་ཚོགས་ཀྱིས་དམག་མི་བལྟས་ནས་མེར་བསྲེག་བྱུང་ཟིན་པ་ཤེས་ཀྱི་འདུག དེ་མིན་སྐུད་མེད་ཁ་པར་བརྒྱུད་ནས་ཕྱི་ཕྱོགས་ཀྱི་དྲ་རྒྱ་ཀློག་ཐུབ་ཀྱི་ཡོད། དེ་བས། མི་ཕོ་འདི་ཁྲོན་པའི་ནང་གི་སྦལ་བ་ཞིག་རེད་ལ། ཕྱི་ཚུལ་ཙམ་ལས་ཅི་ཡང་ཤེས་མི་འདུག