རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས། ཁོང་སྐུ་མ་གྲོངས་བར་ཞལ་ནས་ “ ངའི་དམིགས་ཡུལ་མ་འགྲུབ་ཐལ ”ཞེས་ཡང་ཡང་གསུང་གི་འདུག་ཅེས་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་ཁོང་དང་དགེ་རྒན་གཅིག་པ་ཞིག་གིས་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༠།༣༠ སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་རང་ལོ་ ༣༤ ཡིན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས། རོང་བོ་དགོན་པའི་མདུན་ཐང་སྒྲོལ་མ་ཐང་ཆེན་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐབས་དེར་སྐུ་མ་གྲོངས་བར་ཟླ་བ་ ༦ དང་ཉིན་གྲངས་ ༡༥ རིང་དགོན་གྲོང་གཉིས་ཀྱི་རོགས་རམ་འོག་སྨན་བཅོས་གཉོར་སྐྱོང་གནང་ཡོད་ཀྱང་། རང་ལུས་མེར་བསྲེཊ་སྐབས་སྐུ་ལུས་མེར་འཚིགས་པའི་གནས་སྟངས་ཧ་ཅང་ཚབས་ཆེན་ཡིན་སྟབས་དྲག་སྐྱེད་མ་བྱུང་བར་ཟླ་ ༩ བའི་ཚེས་ ༢༩ ཉིན་གྱི་དགོང་མོ་རང་ཤག་ནས་སྐུ་གྲོངས་བའི་གནས་ཚུལ་ཐོན་ཡོད་པ་ལྟར། ཉེ་ཆར་རྒྱལ་གཅེས་པ་ཁོང་དང་དགེ་རྒན་གཅིག་པའི་དགེ་ཕྲུག་ཡིན་པའི་གྲྭ་བློ་བཟང་(མིང་ཚབ)ལགས་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་སྟབས། གསར་འགོད་པས་ཁོང་དང་མཉམ་དུ་སྐབས་དེའི་གནས་སྟངས་ཁག་གི་ཐད་བཅར་འདྲི་བྱས་པ་ཡིན།
གྲྭ་བློ་བཟང་ལགས་ནི། མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་ནས་ཡིན་པ་དང་། ༢༠༠༧ ལོར་རོང་བོ་དགོན་ཆེན་དུ་ཞུགས་རྗེས་རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལཊ་དང་དགེ་རྒན་གཅིག་གི་དགེ་ཕྲུག་བྱས་ཏེ་བསྡད་ཡོད་པ་མ་ཟད། གྲྭ་འཇམ་དབྱས་དཔལ་ལྡན་ལགས་ནི་ཁོང་ལ་ཆོས་ཕྱོགས་ཀྱི་སློབ་སྦྱོང་ཐོག་མཛུབ་སྟོན་གནང་མཁན་དང་དོགས་འདྲི་བྱ་ཡུལ་གྱི་མི་སྣ་གཙོ་བོ་དེ་ཡིན་འདུག གྲྭ་འཇམ་དབྱངས་དཔལ་ལྡན་ལཊ་མེར་བསྲེཊ་བཏང་བའི་ཉིན་དེར་ཁོང་ཆོས་རྭར་ཕྱིན་ཡོད་པ་དང་། ཆོས་རྭའི་ནང་གྲྭ་བ་ཚོས་ཉིན་དེར་སྒྲོལ་མ་ཐང་ཆེན་དུ་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ་གནང་ཡོད་པའི་སྐོར་གླེང་བ་ལས་མི་སུ་ཡིན་གསལ་བོ་ཤེས་མེད་ཀྱང་། ཕྱིས་སུ་ཆོས་རྭའི་ནང་གྲྭ་འཇམ་དབྱངས་དཔལ་ལྡན་ཡིན་པའི་སྐད་ཆ་གོ་སྟབས། ཚོགས་གྲོལ་མ་ཐག་མགྱོགས་མྱུར་གྲྭ་ཤག་ཏུ་ཕྱིན་པ་དང་། ཕྱིར་སྒྲོལ་མའི་ཐང་ཆེན་དུ་ཡོང་སྐབས་སྐྱ་སེར་གཉིས་ཀྱིས་ཁོང་དགོན་པའི་ཕྱོགས་སུ་འཁྱེར་ཡོང་གི་ཡོད་པ་མཐོང་འདུག་ལ། དུས་དེ་ནས་ཁོང་གི་གམ་དུ་བསྡད་དེ་རོགས་རམ་དང་ལྟ་སྐྱོང་བྱས་ཡོད་འདུག
གྲྭ་འཇམ་དབྱངས་དཔལ་ལྡན་ལགས་རོང་བོ་དགོན་པའི་དབུ་མ་འཛིན་གྲྭ་མཐར་ཕྱིན་རྗེས་དགོན་པའི་ལས་བགོས་ལྟར་འཇམ་པའི་དབྱངས་ལྷ་ཁང་གི་གོ་གཉེར་དུ་བསྐོ་བཞག་གནང་ཡོད་འདུག་ལ། ཁོང་ནམ་རྒྱུན་བོད་ཀྱི་ཆོས་དང་རིག་གཞུང་ལ་འབད་བརྩོན་གནང་མཁན་ཞིག་དང་། བོད་དོན་གྱི་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་མཁན་ཞིག་ཡིན་འདུག རང་ལུས་མེར་བསྲེཊ་གནང་བའི་ཞོགས་པར་ཁོང་གིས་དགེ་རྒན་ལ་དེ་རིང་ཁོང་གིས་བོད་ཆོལ་ཁ་གསུམ་ལ་སྨོན་ལམ་རྒྱག་གི་ཡིན་ཞེས་བཤད་པ་དང་། འཇམ་པའི་དབྱངས་ལྷ་ཁང་དུ་མཆོད་འབུལ་གནང་གྲུབ་རྗེས། སྐད་ཤུགས་ཆེན་པོས་རྒྱལ་བའི་ཞལ་བརྟན་གསོལ་འདེབས་དབྱངས་ལ་གྱེར་ཡོད་པ་དང་། དེའི་རྗེས་ཁོང་སྒྲོལ་མའི་ཐང་ཆེན་དུ་རང་ལུས་མེར་བསྲེཊ་གནང་སྐབས། ས་དཀྱིལ་སྡེ་བའི་རྒན་པོ་ཞིག་གཙོས་བསྐོར་བར་འགྲོ་མཁན་ཚོས་གོན་པ་དང་ཕྱག་གདན་སོགས་ཀྱིས་བརྒྱབ་ཏེ་མེ་གསོད་ཐབས་བྱས་སྟབས། དེ་མ་ཐག་སྐུ་མ་གྲོངས་པར་དུས་ཡུན་གང་འཚམ་རིང་སྨན་བཅོས་བྱ་དགོས་བྱུང་བ་ཞིག་ཡིན་འདུག
ཕྱིས་སུ་གྲྭ་ཤག་ཏུ་སྨནབཅོས་བྱེད་སྐབས། རྒྱ་གཞུང་གིས་རྩིས་སྤྲོད་བྱ་དགོས་པའི་བརྡ་ལན་ཐེངས་མང་འབྱོར་བ་དང་། ཉིན་ཞིག་ས་གནས་ཀྱི་མགོ་ཁྲིད་ཅིག་གིས་སྨན་པའི་གོན་པ་སྤྲས་ཏེ་ཁོང་གི་ཤག་ཏུ་བསླེབས་ཡོད་ཀྱང་། སྐབས་དེར་ས་གནས་ཀྱི་སེར་སྐྱ་གཉིས་ཀྱིས་རྒྱབ་སྐྱོར་དང་། དགོན་པའི་བསྡུས་ཆེན་དང་རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད་བཅས་འཛིན་གྲྭ་ཁག་དང་རྒྱལ་བོ་ལྡོང་ངེའི་སྡེ་མི་བཅས་ཀྱིས་ཉིན་མཚན་དབྱེར་མེད་དུ་དགོན་པའི་མཐའ་སྐོར་དེ་སྲུང་པ་སོགས་ཀྱིས་ཁོང་རྒྱ་ལག་ཏུ་ཤོར་བཅུག་མེད་པའི་སྐོར་སོགས་བརྗོད་དེ། སྨན་བཅོས་སྐབས་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་ནམ་རྒྱུན་ཀྱི་སྐད་ཆ་དང་ནང་མིའི་སེམས་གསོའི་ཐད་ནས་ཁོང་གིས། “ སྐབས་དེ་ཁོང་གི་ནང་མི་ཚོས་ལྟ་རྟོག་བྱེད་ཞོར་ཁོང་ལ་༸རྒྱལ་བ་རིན་པོ་ཆེར་སྨོན་ལམ་རྒྱག་དགོས་ཞེས་བཤད་སྐབས། ཁོང་གིས་མགོ་སྒུར་སྒུར་གྱི་རྣམ་འགྱུར་སྟོན་གྱི་འདུག་ལ། སྨན་བཅོས་སྐབས་ནམ་རྒྱུན། “ ངའི་དམིགས་ཡུལ་མ་འགྲུབ་ཐལ ” ཞེས་བཤད་ཀྱི་འདུག དེ་ནི་ཁོང་གིས་རང་ལུས་མེར་བསྲེཊ་བཏང་རྗེས་དེ་མ་ཐག་གྲོངས་ན་བསམ་ཡོད་ཀྱང་། སྐབས་དེར་གྲོངས་མ་ཐུབ་སྟབས་ནམ་རྒྱུན་ཚིག་དེ་ཡང་དང་བསྐྱར་དུ་གླེང་གི་འདུག ” ཅེས་བརྗོད་བྱུང་།
ཁོང་ལ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ལ་སྨན་བཅོས་བྱས་པའི་སྔ་རྗེས་སུ་ཁོང་གི་དགེ་རྒན་དང་གྲྭ་ཤག་གཅིག་པ་། ནང་མི། དགོན་པ་བཅས་ལ་རྒྱ་གཞུང་གིས་དྲག་གནོན་གྱི་གནས་ཚུལ་བྱུང་ཡོད་མེད་དང་། ཉེ་བའི་ལོ་འགའི་རིང་གི་དགོན་གྲོང་གཉིས་ཀྱི་འགྱུར་བའི་སྐོར་དྲིས་པར་ཁོང་གིས། “ཁོང་གིས་རང་ལུས་མེར་བསྲེཊ་གནང་རྗེས་དགེ་རྒན་ཉེན་རྟོག་ཁང་དུ་འཁྲིད་དེ་འདྲི་གཅོད་བྱས་སོང་། དེ་མིན་གྲྭ་ཤག་གཅིག་པ་དང་དགོན་པའི་དྲ་བ་ཚོར་དམིགས་བསལ་འདྲི་གཅོད་བྱས་མ་སོང་། ཡིན་ནའང་། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་མགོ་གཙོ་ཆང་ཝེ་དང་པད་མ་བཅས་དཔོན་རིགས་ཁག་ཅིག་ཡོང་སྟེ། རེབ་གོང་གི་བླ་མ་ཤར་སྐལ་ལྡན་རྒྱ་མཚོར་མཇལ་ཏེ་མ་འོངས་པར་གནས་ཚུལ་འདིའི་རིགས་བྱུང་ཚེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་སྟབས། རེབ་གོང་སྐྱབས་མགོན་མཆོག་གིས་གྲྭ་མང་ལ་དེའི་སྐོར་གྱི་བཀའ་སློབ་གནང་སྟེ་དགོན་པའི་ནང་རྒྱུན་ལྡན་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་འགྲོ་བཞིན་པ་རེད། ཡིན་ནའང་། ས་གནས་ཀྱི་འགྱུར་བའི་ཐད་ནས་ང་རང་ཐོག་མར་འགྲོ་དུས་དགོན་པར་དམ་དྲག་ཆེན་པོ་མི་འདུག ༢༠༠༨ ལོ་ནས་བཟུང་དམ་དྲག་ཤུགས་ཆེར་ཕྱིན་སྟེ། དགོན་པའི་མཐའ་ཡོངས་སུ་དམག་མིའི་སོ་ལྟ་ཁང་སོགས་གསར་རྒྱག་གིས། དགོན་པའི་ནང་རྒྱལ་གཅེས་སློབ་གསོ་དང་དགོན་པའི་སློབ་གཉེར་ལ་སྟངས་འཛིན་སོགས་དམ་དྲག་བྱས་པ་མ་ཟད། མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དགོན་གྲོང་གཉིས་ལ་དམ་དྲག་བྱེད་ཀྱི་འདུག ”ཅེས་བརྗོད་བྱུང་།
མཇུག་ཏུ་ཁོང་ལ་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་ལ་ལྟ་སྟངས་གང་འདྲ་ཡོད་མེད་དང་། བོད་ནང་བོད་མི་ ༡༠༠ ཡིས་རང་ལུས་མེར་བསྲེཊ་གནང་ཚེ་བོད་དོན་བདེན་མཐའ་སེལ་ཐུབ་པའི་སྐད་ཆ་འགྲོ་བཞིན་པ་དངོས་ཡོད་ཡིན་མིན་སོགས་ཀྱི་ཐད་སྐད་ཆ་དྲིས་པར་ཁོང་གིས། “ང་རང་ཉིད་ལ་མཚོན་ན་མེ་སྟག་ལུས་སྟེང་དུ་འཐོར་བར་བཟོད་ཐུབ་ཀྱི་མེད་པའི་མི་ཞིག་ཡིན་སྟབས། རང་སྲོག་བློས་གཏོང་གིས་རང་ལུས་མེར་བསྲེཊ་གནང་བ་དེ་ནི་བློ་ཡུལ་དུ་ཤོངས་དཀའ་བ་ཞིག་རེད། བོད་ནང་རང་ལུས་མེར་བསྲེཊ་གནང་དོན་གཙོ་བོ། བོད་ནང་རྒྱ་གཞུང་གིས་དྲག་གནོན་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། གང་བྱུང་དམར་གསོད་དང་འཛིན་བཟུང་བཙོན་འཇུག ཆོས་ལུགས་དད་མོས་རང་དབང་དང་སྨྲ་བརྗོད་རང་དབང་། ༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ཕེབས་ཐུབ་ཀྱི་མེད་པའི་གནས་སྟངས་སོགས་དཀའ་ངལ་མང་པོ་དང་། འདུག་ཐབས་མེད་པའི་གནས་སུ་བསྐྱལ་མཐར་རང་ལུས་མེར་བསྲེཊ་ཀྱི་ཐབས་ལམ་འདི་བརྒྱུད་དེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རེད། བོད་མི་ ༡༠༠ ལྷག་གིས་རང་ལུས་མེར་བསྲེཊ་གནང་བ་ཡིན་ན། བོད་དོན་བདེ་མཐའ་མྱུར་ཏུ་སེལ་ཐུབ་པའི་སྐད་ཆ་དེ་བོད་ནང་དུ་ཡོད་དུས་གོ་མ་སོང་། ལྡི་ལི་སྣེ་ལེན་ཁང་དུ་ཡོང་སྐབས་གསར་འགོད་པ་ཞིག་གིས་ང་ལ་སྐད་ཆ་དྲིས་བྱུང་། ང་རང་གི་ངོས་ནས་དེ་དཀྲོགས་གཏམ་ཞིག་རེད་བསམ་གྱི་ཡོད། ” ཅེས་བརྗོད་བྱུང་བ་མ་ཟད། ཁོང་གིས་བོད་ནང་ཕྱི་སྡོད་བོད་མི་རྣམས་ཀྱིས་ཁོང་ཚོའི་ཚབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཚོགས་སྡེ་ཁག་ལ་དཀའ་སྡུག་ཞུ་གཏུག་གི་རེ་བ་བཟུང་ཡོད་སྟབས། འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཚོས་ཚེ་སྲོག་བློས་གཏོང་བྱས་པའི་དཔའ་བོ་རྣམས་ཀྱི་རེ་འདོད་དང་ད་ལྟའི་བོད་ནང་གི་དཀའ་སྡུག་སེམས་ལ་བཟུང་སྟེ། རེ་བ་མི་བརླག་པར་བྱ་རྒྱ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།
གསར་འགོད་པ། དོན་གོ
རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས། ཁོང་སྐུ་མ་གྲོངས་བར་ཞལ་ནས་ “ ངའི་དམིགས་ཡུལ་མ་འགྲུབ་ཐལ ”ཞེས་ཡང་ཡང་གསུང་གི་འདུག
དེ་ནས་ཁོང་གིས།
སྨན་བཅོས་སྐབས་ནམ་རྒྱུན། “ ངའི་དམིགས་ཡུལ་མ་འགྲུབ་ཐལ ” ཞེས་བཤད་ཀྱི་འདུག དེ་ནི་ཁོང་གིས་རང་ལུས་མེར་བསྲེཊ་བཏང་རྗེས་དེ་མ་ཐག་གྲོངས་ན་བསམ་ཡོད་ཀྱང་། སྐབས་དེར་གྲོངས་མ་ཐུབ་སྟབས་ནམ་རྒྱུན་ཚིག་དེ་ཡང་དང་བསྐྱར་དུ་གླེང་གི་འདུག ” ཅེས་བརྗོད་བྱུང་།
རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས། ཁོང་སྐུ་མ་གྲོངས་བར་ཞལ་ནས་ “ ངའི་དམིགས་ཡུལ་མ་འགྲུབ་ཐལ ”ཞེས་ཡང་ཡང་གསུང་གི་འདུག་ཅེས་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་ཁོང་དང་དགེ་རྒན་དང་གྲྭ་ཤག་གཅིག་པ་ཞིག་གིས་བརྗོད་བྱུང་། ཚིག་འདི་ལ་གོ་བ་ཞིག་ལེན་ཐབས་མི་འདུག སྐུ་ཞབས་གསར་འགོད་པ་ལགས། གསལ་བཤད་གནང་རོགས།