གཟའ་སྤེན་པའི་མཚན་མོ་རྒྱ་ནག་ཀོས་ཀྲིག་ཞིང་ཆེན་ཙོན་ཡུས་ནས་ཀོས་ཡཱང་བར་གྱི་མེ་འཁོར་ལྕགས་ལམ་འགས་གཏོར་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡།༣༠ ཙམ་ལ། རྒྱ་ནག་ཀོས་ཀྲིག་ཞིང་ཆེན་ཙོན་ཡུས་གྲོང་ཁྱེར་ནས་ཀོས་ཡཱང་གྲོང་ཁྱེར་བར་གྱི་ལྕགས་ལ་གཏོར་སྐྱོན་བྱུང་སྟེ། དགོང་མོ་དེར་པེ་ཅིན་ནུབ་ཀྱི་མེ་འཁོར་འབབ་ཚུགས་ནས་ཀོས་ཡཱང་དུ་བསྐྱོད་པའི་ K507 རྟགས་ཅན་གྱི་མེ་འཁོར་ཞིག་སྐྱོད་མཚམས་བཞག་སྟེ་ཙོན་ཡུས་གྲོང་ཁྱེར་དུ་གནས་སྐབས་འདུག་སྡོད་བྱ་དགོས་བྱུང་ཡོད་པ་དང་། མེ་འཁོར་དེའི་ནང་འགྲུལ་པ་ ༡༠༠༠ ལྷག་ཡོད་འདུག དེ་བཞིན། ཁྲུང་ཆིན་ནུབ་ཀྱི་མེ་འཁོར་འབབ་ཚུགས་ནས་ཀོས་ཡཱང་དུ་བསྐྱོད་པའི་ K488 རྟགས་ཅན་གྱི་མེ་འཁོར་ཞིག་ལམ་བར་ནས་ཕྱིར་ལོག་དགོས་བྱུང་ཡོད་པ་དང་། མེ་འཁོར་གྱི་མགོ་བོ་དང་འགྲུལ་པའི་བར་འཁྲིག་རྩོད་ཤོར་ཏེ་མི་སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག
ཀོས་ཡཱང་དང་ཙོན་ཡུས་བར་གྱི་ལྕགས་ལམ་བརྒྱུད་དེ་བསྐྱོད་དགོས་པའི་མེ་འཁོར་ ༣༠ ལྷག་འགྲོ་སྐྱོད་མ་ཐུབ་པར་འགག་ཡོད་པ་དང་། འགྲུལ་པ་མི་གྲངས་ཁྲི་ ༥ ལྷག་གི་འགྲུལ་བཞུད་ལ་བར་ཆད་བཟོས་ཡོད་ལ། མེ་འཁོར་འབབ་ཚུགས་མང་པོར་འགྲུལ་བསྐྱོད་མ་ཐུབ་པའི་འགྲུལ་པ་མང་པོའི་ཁེངས་ཡོད་པ་མ་ཟད། མེ་འཁོར་འབབ་ཚུགས་ཁག་ཏུ་རྩོད་རྙོག་ཀྱང་བྱུང་བཞིན་ཡོད་འདུག ལྕགས་ལམ་གཏོར་སྐྱོན་གྱི་དོན་རྐྱེན་དེ་ནི་མི་ཞིག་གིས་ཆེད་དུ་འགལ་རྫས་བཞག་སྟེ་གཏོར་བ་ཞིག་ཡིན་སྐོར་ས་གནས་མང་ཚོགས་ཁྲོད་ཁྱབ་ཡོད་ཀྱང་། རྒྱ་གཞུང་གིས་ད་ལྟའི་ཆར་དེའི་ཐད་གསལ་བཤད་གང་ཡང་བྱས་མེད་པ་རེད།
ཀོས་ཡཱང་མེ་འཁོར་འབབ་ཚུགས་ཀྱི་ལས་བཟོ་བ་ཞིག་གིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཙོང་ཡུས་ནས་ཀོས་ཡཱང་བར་གྱི་ལྕགས་ལམ་འགག་སྟེ་འགྲུལ་སྐྱེལ་མེ་འཁོར་རྣམས་འགག་ཡོད་ལ། མེ་འཁོར་ལམ་ཐིག་དེ་བརྒྱུད་ནས་བསྐྱོད་དགོས་པའི་ཁྲུང་ཆིན་དང་ཁྲིན་ཏུའུ་སོགས་ཀྱི་མེ་འཁོར་མང་པོ་ཞིག་ལམ་ཁ་གཞན་སྐོར་ནས་བསྐྱོད་དགོས་ཆགས་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་ལྕགས་ལམ་བསྐྱར་གསོ་ཐུབ་ཡོད་ལུགས་བརྗོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ཡ་ད་འཇམ་པོ་དབུ་མའི་ལམ་ལྟ་བུ་རྒྱ་དམར་ལ་མཁོ་མེད་པ་བརྟེན་མཐོ་བརྗིད་ལྡན་པའི་ལྕགས་ལམ་གས་གཏོར་ཡོང་བ་ཆོས་ཉིད་རེད། རྒྱ་དམར་གྱི་སྡུག་སྦྱོང་མྱོང་མཁན་ནི་བོད་པ་ཙམ་མ་ཡིན་པ་གྲངས་ཉུང་མི་རིགས་ཧ་ཅང་མང་པོ་ཡོད་རེད། ངས་ཚོད་དཔག་བྱས་ཚེ་ད་ལས་འདི་རིགས་ནང་ཁུལ་འཐབ་རྩོད་ཁྲོད་ནས་ཡོང་གཞི་ཆེན་པོ་རེད་ལ་ཁོ་ཚོར་གས་གཏོར་རྫས་ཀྱང་ལས་སླ་པོའི་ངང་རག་ལེ་རེད། ད་ལྕགས་ལམ་རིང་པོ་གས་གཏོར་གྱིས་སྲུང་སྐྱོབ་འགྲོ་སོང་། ཆུ་མཛོད་ཆེན་པོ་གས་གཏོར་གྱི་འགྲོ་སོང་། གློག་ཁང་ཆེན་པོ་གས་གཏོར་གྱི་འགྲོ་སོང་། གཞན་ཡང་་་་་་་བོད་ནས་རིན་ཆེན་གཏེར་ཁ་ག་ཚོད་ཕྱིར་བཙོང་ཡང་ལས་འབྲས་དེ་དེ་ག་རང་དུ་འཁོར་ནས་ས་ཆུ་ས་ལ་སིམ་སིམ་མེར་གནས་རྒྱུ་རེད། ཧ་ཧ་ཧ་སྐྱིད་པ་ལ། བོད་དཔའ་མཛངས་བདེན་དོན་རྒྱལ་གྱུར་ཅིག།