ཉེ་ལམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟེར་བས་གསལ་བསྒྲགས་ཤིག་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་རིགས་ལ་སྟངས་འཛིན་དོ་དམ་བྱ་རྒྱུ་ཡིན་སྐོར་བཀོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་ནས་བཟུང་བརྙན་འཕྲིན་དང་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་འཕྲུལ་ཆས་རིགས་གཞུང་གི་ཆོག་མཆན་མེད་པར་གང་འདོད་དུ་འཚོང་འགྲེམས་དང་སྒྲིག་སྦྱོར། བེད་སྤྱོད་སོགས་བྱེད་མི་ཆོག་ཅིང་། དེ་སྔོན་བེད་སྤྱོད་གཏོང་བཞིན་པ་དག་གཞུང་ལ་རྩིས་སྤྲོད་བྱེད་དགོས་པ། གལ་སྲིད་ལྐོག་ནས་བེད་སྤྱོད་གཏོང་བ་དང་། སྒྲིག་ཁྲིམས་དེ་ལག་བསྟར་བྱེད་མཁན་ལ་བཀག་འགོག་དང་བར་ཆད་བཟོ་མཁན་རིགས་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་སོགས་བཀོད་འདུག
གསལ་བསྒྲགས་དེའི་ནང་གི་སྒྲིག་གཞི་ཁག་༼རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང་ ༡༣༩ པ།༽ དང་། ༼འཁོར་སྐར་གྱི་བརྙན་འཕྲིན་དང་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་བྱེད་པའི་སྒྲིག་ཆས་དོ་དམ་བྱེད་ཕྱོགས་ཀྱི་བཀའ་ཁྱབ་ཨང་ ༡༡ པ།༽བཅས་ཀྱི་དགོངས་དོན་ལྟར་གཏན་འབེབས་བྱས་ཡོད་སྐོར་བཀོད་འདུག་ལ། བརྡ་ཁྱབ་དེ་ཕྱི་བསྒྲགས་བྱས་པའི་ཉི་མ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་རིམ་པའི་རླུང་འཕྲིན་དང་བརྙན་འཕྲིན་དོ་དམ་ལས་ཁུངས་ཁག་གིས་སོ་སོའི་ཁྱབ་ཁོངས་ཡོངས་ལ་སྒྲིག་གཞི་དེ་ལག་བསྟར་བྱེད་དགོས་ཚུལ་སོགས་བཀོད་འདུག བརྡ་ཁྱབ་དེར་དོན་ཚན་ ༨ ཡོད་དག་གཤམ་དུ་བཀོད་ཡོད།
དང་པོ། བརྡ་ཁྱབ་འདི་བཏང་བའི་ཉིན་ནས་བཟུང་། རང་རེའི་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཁྲིམས་དང་འགལ་ནས་ཕྱིར་ཚོང་དང་སྒྲིག་སྦྱོར། བཀོལ་སྤྱོད་བཅས་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་ཁྲིམས་དང་འགལ་ནས་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་དང་སྒྲིག་སྦྱོར་བཀོལ་སྤྱོད་མཚམས་འཇོག་དགོས།
གཉིས་པ། རྫོང་རིམ་པའི་ཡན་ཆད་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་རྒྱང་བསྒྲགས་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་དང་སྒྲིག་སྦྱོར། བཀོལ་སྤྱོད་བཅས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་འགན་ཁུར་དགོས། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་དང་སྒྲིག་སྦྱོར། བཀོལ་སྤྱོད་བཅས་བྱེད་པར་ཁྲིམས་ལྟར་ཆོག་འཐུས་ལག་ཁྱེར་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་ཁག་གིས་ཆོག་མཆན་མ་བཀོད་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་ཡང་ཕྱིར་ཚོང་དང་སྒྲིག་སྦྱོར། བཀོལ་སྤྱོད་བཅས་བྱ་མི་ཆོག་ལ། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཁྲིམས་འགལ་ནས་ཚོང་རར་འཁོར་རྒྱུག་བྱེད་པ་གཏན་འགོག་བྱེད་དགོས།
གསུམ་པ། རང་ཞིང་གི་ཁྱབ་ཁོངས་ཀྱི་སྐུད་ཡོད་དང་ཡང་ན་སྐུད་མེད་བརྙན་འཕྲིན་བརྡ་རྟགས་ཀྱིས་ཁེབས་པའི་ས་ཁུལ་ཡོད་ཚད་དུ། གཏན་འབེབས་དང་འགལ་ནས་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་བཀོལ་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གང་ཡིན་གྱིས་བརྡ་ཁྱབ་འདི་སྒྲོག་སྤེལ་བྱས་པའི་ཉིན་ནས་བཟུང་སྟེ། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་འཕྲལ་དུ་གཙང་བཤེར་དང་མེད་པར་གཏོང་དགོས་ལ། སྐུད་ཡོད་དང་ཡང་ན་སྐུད་མེད་བརྙན་འཕྲིན་བརྡ་རྟགས་ཐོན་མེད་པའི་ས་ཁུལ་དུ་བཀོལ་སྤྱོད་བྱེད་བཞིན་པའི་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཡོད་ཚད་གཙང་བཤེར་དང་། མེད་པར་གཏོང་བ། རྩིས་ལེན་བཅས་བྱས་ཏེ། “གྲོང་ཚོ་ཀུན་ཁྱབ་” དང་ “ཁྱིམ་ཚང་ཀུན་ཁྱབ” ཅེས་པའི་སྒྲིག་ཆས་ཀྱིས་བརྗེ་པོ་བྱེད་དགོས།
བཞི་པ། ཞིང་ཆེན་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་མ་བཀོད་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་གྱིས་རང་འདོད་ལྟར་རྒྱལ་ཁབ་ཕྱི་རོལ་གྱི་བརྙན་འཕྲིན་ལེ་ཚན་གྱི་བརྡ་རྟགས་བསྡུ་ལེན་བྱས་མི་ཆོག
ལྔ་པ། རང་འདོད་ལྟར་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་བྱེད་མཁན་ལ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་དེའི་འཁོར་སྐར་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་གཞུང་བཞེས་བྱེད་རྒྱུ་མ་ཟད། འབྲེལ་ཡོད་གཏན་འཁེལ་ལྟར་ཆད་པ་གཅོད་དགོས།
དྲུག་པ། རང་འདོད་ལྟར་འཁོར་སྐར་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱེད་མཁན། རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་སྒྲིག་སྦྱོར་བཀོལ་སྤྱོད་བྱེད་བཞིན་པའི་འཁོར་སྐར་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་གཞུང་བཞེས་བྱེད་པ་མ་ཟད། ད་དུང་མི་སྒེར་ཡིན་ན་སྒོར་ ༥༠༠༠ མན་གྱི་དངུལ་ཆད་བཅད་ཆོག་པ་དང་། ལས་ཁུངས་ཡིན་ན་སྒོར་ ༥༠༠༠༠ ཡན་གྱི་དངུལ་ཆད་བཅད་ཆོག
བདུན་པ། དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ལ་དོ་དམ་བྱེད་སྐབས། བཀག་འགོག་དང་བར་ཆད་གཏོང་མཁན། སྤྱི་བདེ་སྡེ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཉེས་གཅོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་དང་། གནད་དོན་ཚབས་ཆེ་ཞིང་ཉེས་ཚད་ལོན་པ་ཡིན་ན། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་དོ་བདག་གི་ཉེས་དོན་འགན་འཁྲི་རྩད་གཅོད་རྒྱུ་ཡིན།
བརྒྱད་པ། བརྡ་ཁྱབ་འདི་སྒྲོག་སྤེལ་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན། ཅེས་སོགས་བཀོད་འདུག
གསར་འགོད་པ། དོན་གོ