མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་རང་དབང་གི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

པུཎྱི་བྷ་དྲ། བསོད་ནམས་བཟང་པོས་བསྒྱུར།

བོད་ཀྱི་སྐད་ཡིག་རང་དབང་དང་སྲུང་སྐྱོབ་ཆེད་གཅེས་པའི་ལུས་སྲོག་ལེགས་སྐྱེས་སུ་ཕུལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་དུ་རྩོམ་བསྒྱུར་ཞུས།

(ཕྱི་ཟླ་གཉིས་པའི་ཚེས་ ༢༡ ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཡིན་པས་འཛམ་གླིང་ས་ཁུལ་གང་སར་སྐད་ཡིག་གི་རང་དབང་དང་། སྐད་ཡིག་བཀོད་སྤྱོད་སོགས་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། ཕྱི་ལོ་ ༡༩༩༩ ཟླ་༡༡ ཚེས་ ༡༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་རིག་གནས་ཚན་པས་ལོ་རེའི་ཕྱི་ཟླ་གཉིས་པའི་ཚེས་ ༢༡  དེ་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་ངོས་འཛིན་བྱེད་པའི་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཀྱང་སྐད་ཡིག་གི་ཉིན་མོ་སྲུང་གཙི་བྱ་རྒྱུར་ངོས་ལེན་དང་། ཕྱི་ལོ་ ༢༠༠༨ ནི་རྒྱལ་སྤྱིའི་སྐད་ཡིག་གི་ལོར་སྲུང་གཙི་བྱ་རྒྱུའི་གྲོས་ཆོད་བཞག

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི་ “སྐད་ཡིག་རང་དབང་གི་ལས་འགུལ་”ལས་འཕྲོས་ཤིང་། དེ་ནི་པངྒལ་དེཤ་ནང་ཕྱི་ལོ་ ༡༩༥༢ ཟླ་ ༢ ཚེས་ ༢༡ ཉིན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བངྒལ་སྐད་ཡིག་རང་དབང་ལས་འགུལ་སྤེལ་བ་ལས་འགོ་ཚུགས།) བངྒལ་སྐད་ཡིག་རང་དབང་གི་ལས་འགུལ་ལ་ཡོང་གྲགས་སུ་ “སྐད་ཡིག་ལས་འགུལ་”བངྒལ་སྐད་དུ་ ༼  བྷཱཥཱ་ཨཱནྡོ་ལན་(ভাষা আন্দোলন)༽ ཞེས་འབོད་ཅིང་། དེ་ནི་བངྒལ་དེཤ་(ཤར་པཱཀིསྟན་) རྒྱལ་ཁབ་ཀྱིས་པཱཀིསྟན་ལ་བངྒལ་སྐད་ཡིག་དེ་བཞིན་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་དགོས་པར་དགོས་འདུན་བཏོན་པའི་ཆབ་སྲིད་དང་རིག་གནས་ཀྱི་ལས་འགུལ་གལ་ཆེན་ཞིག་ཡིན།

ཕྱི་ལོ་ ༡༩༤༧ ལོར་པཱཀི་སི་ཐན་རྒྱལ་ཁབ་དངོས་སུ་དབུ་བརྙེས་སྐབས་རིག་གནས་དང་ས་ཁམས། སྐད་ཡིག་བཅས་ཀྱི་དབྱེ་མཚམས་ཀྱིས་ཤར་པཱཀི་སྟན་(བངྒལ་དེཤེ)དང་ནུབ་པཱཀི་སྟན་གཉིས་ལོགས་སུ་གྱེས། ཕྱི་ལོ་ ༡༩༤༨ ལོར་པཱཀི་སྟན་སྲིད་གཞུང་གིས་གཞུང་འབྲེལ་གྱི་སྐད་ཡིག་ལ་ཨུར་ཏུའི་སྐད་ཡིག་ཁོ་ན་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་སྟབས། བངྒལ་སྐད་ཡིག་བཀོད་སྤྱོད་རྒྱ་ཁབ་ཏུ་བྱེད་ཀྱིན་པའི་ཤར་པཱཀི་སྟན་གྱི་མི་མང་ཚོར་མཐོང་ཆུང་དང་བརྙས་བཅོས་ཀྱི་ཚོར་སྣང་ཆེན་པོ་བྱུང་སྟེ་ཡར་ལངས་བྱས། མང་ཚོགས་ཀྱིས་ཁྲིམས་གསར་པ་དེར་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པ་དང་། གང་སར་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བས། སྲིད་གཞུང་གིས་མི་མང་འདུ་འཛོམས་དང་ངོ་རྒོལ་གྱི་ལས་འགུལ་དེ་རིགས་ལ་བཀག་འགོག་དོ་ནན་བྱས། ཕྱི་ལོ་ ༡༩༥༢ ཟླ་ ༢ པའི་ཚེས་ ༢༡ ཉིན་དྷ་ཀ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང་སྲིད་དོན་ལས་འགུལ་བས་ཁྲིམས་ལུགས་གསར་པ་དེར་ངོས་ལེན་མི་བྱེད་པའི་ལས་འགུལ་རྒྱ་ཆེར་སྤེལ། སྐབས་དེར་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་གྱི་མི་ཚོགས་ཁྲོད་དུ་མེ་མདའ་བརྒྱབ་སྟེ་སློབ་ཕྲུག་དམར་གསོད་བཏང་བས། ཡར་ལངས་དེ་ཧ་ཅང་ཛ་དྲག་དང་རྣོ་ངར་ཅན་ཞིག་ཏུ་གྱུར། སློབ་ཕྲུག་རྐྱེན་འདས་སུ་སོང་བའི་གནས་ཚུལ་དེས་བངྒལ་མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་བས། ‘ཨ་བ་མི་ཁ་ཆེའི་ཕྱོགས་ཁག་’ གི་སྣེ་འཁྲིད་འོག་ཡར་ལངས་རྒྱུན་མཐུད་བྱས། ལོ་ཤས་རིང་སྐད་ཡིག་རང་དབང་གི་ལས་འགུལ་མཚམས་འཇོག་མ་བྱས་པར་མཇུག་སྐྱོང་བྱས་པས། ཕྱི་ལོ་ ༡༩༥༦ ལོར་པཱཀི་སྟན་སྲིད་གཞུང་གིས་བངྒལ་སྐད་ཡིག་ལ་གཞུང་འབྲེལ་སྐད་ཡིག་གི་གོ་ཐོབ་མ་སྤྲད་ཐབས་མེད་དུ་གྱུར། ཕྱི་ལོ་ ༢༠༠༠ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཕྱི་ཟླ་ ༢ པའི་ཚེས་ ༢༡ གི་ཉིན་མོ་དེ་རྒྱལ་སྤྱིའི་མ་སྐད་ཉིན་མོར་གཏན་འཁེལ་དང་། རྒྱལ་ཁབ་སོ་སོས་འཛམ་གླིང་གི་སྐད་ཡིག་ཐམས་ཅད་ལ་རང་དབང་དང་གུས་བརྩི་བྱ་ཕྱིར་ཉིན་མོ་འདི་སྲུང་གཙི་བྱ་དགོས་པའི་བཀོད་ཁྱབ་བཏང་། ལོ་ལྟར་བངྒལ་དེཤ་ནང་ཕྱི་ཟླ་གཉིས་པའི་ཚེས་ ༢༡ ཉིན་གཞུང་འབྲེལ་གུང་གསེང་གིས་སྐད་ཡིག་རང་དབང་གི་ལས་འགུལ་ཉིན་མོར་སྲུང་གཙི་བྱེད་ཀྱིན་ཡོད་ལ། སྐུ་ཞབས་ཤཱ་ཧྀད་མྀ་ནཱར་གྱི་སྐུ་འདྲ་ཞིག་དྷ་ཀ་སྨན་རྩིས་མཐོ་སློབ་ཀྱི་འགྲམ་དུ་བཞེངས་ཏེ། སྐད་ཡིག་རང་དབང་གི་ལས་འགུལ་ལ་རྗེས་དྲན་དང་། ལས་འགུལ་དེའི་ཁྲོད་ཚེ་སྲོག་ཤོར་བའི་རྒྱལ་གཅེས་པ་རྣམས་ལ་གུས་བརྩི་མཚོན་པར་བྱེད་དོ།།

རྒྱབ་ལྗོངས།

དེང་སྐབས་ཀྱི་པཱཀིསྟན་དང་བངྒལ་དེཤ་རྒྱལ་ཁབ་གཉིས་ནི་སྔར་དབྱིན་ཇིའི་དབང་བསྒྱུར་ཁྱབ་ཁོངས་སུ་ཚུད་པའི་རྒྱ་གར་གྱི་མངའ་ཁོངས་སྙོན་མེད་ཅིག་ཡིན། དུས་རབས་ ༡༩ པའི་དཀྱིལ་དུ་སྐུ་ཞབས་ཁ་བ་ཇཱ་སཱ་ལི་མུལླཱ་དང་སྱདེ་ཨཱམེད་ཁཱན་སོགས་སྲིད་དོན་དང་ཆོས་ལུགས་མགོ་ཁྲིད་ཀྱི་སྣེ་འཁྲིད་འོག་རྒྱ་གར་གྱི་ཁ་ཆེ་བ་ཚོས་ཨུར་ཏུའི་སྐད་ཡིག་གི་དྲིལ་བསྒྲགས་དང་། སློབ་གསོ་རྒྱ་ཆེར་སྤེལ། ཨུར་ཏུའི་སྐད་ཡིག་ནི་དིལླི་ཁ་ཆེའི་རྒྱལ་རབས་དང་མཱུ་གྷལ་རྒྱལ་རབས་དུས་སུ་ལྷོ་ཨེ་ཤི་ཡ་དང་རྒྱ་གར་སོགས་ནང་དར་ཁྱབ་ཆེན་པོ་བྱུང་བའི་སྐད་ཡིག་ཅིག་ཡིན། རྒྱ་གར་གྱི་ཁ་ཆེ་བ་ཚོས་ཨུར་ཏུའི་སྐད་ཡིག་ནི་ཁ་ཆེའི་རིག་གནས་ཐམས་ཅད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། རྒྱ་གར་ནུབ་ཕྱོགས་ཁུལ་དུ་ཨུར་ཏུའི་སྐད་ཡིག་བཀོལ་སྤྱོད་རྒྱ་ཆེར་བྱས་ཡོད། དེ་ལྟར་ནའང་། བངྒལ་གྱི་ཁ་ཆེ་བ་ཚོས་བངྒལའི་སྐད་ཡིག་སྤྱོད་པ་ལས་ཨུར་ཏུ་བེད་སྤྱོད་བྱེད་ཀྱི་མེད། བངྒལའི་སྐད་ཡིག་ནི་རྒྱ་གར་ཤར་ཕྱོགས་ཀྱི་ཨརྱན་སྐད་ཡིག་ཅིག་ཡིན་པ་དང་། བངྒལ་རིག་གནས་བསྐྱར་དར་སྐབས་འཕེལ་རྒྱས་ཆེན་པོ་ཕྱིན་པའི་སྐད་ཡིག་ཅིག་ཡིན། དུས་རབས་ ༡༩ པའི་ནང་བངྒལའི་སྐད་ཡིག་བཀོལ་སྤྱོད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། སྐད་ཡིག་དེ་ཉིད་ཐོག་རྩོམ་བྲིས་བྱེད་མཁན་ཆར་ཤོད་ཀྱི་མེ་ཏོག་བཞིན་རྒྱས་པར་བྱས། རྒྱ་གར་དང་པཱཀིསྟན་ཤར་ནུབ་གཉིས་ཁ་མ་བྲལ་གོང་བངྒལ་སྐད་ཡིག་བེད་སྤྱོད་བྱེད་མཁན་ཚོས་ཨུར་ཏུའི་སྐད་ཡིག་ལ་འགོག་རྒོལ་བྱས་པ་མ་ཟད། ཕྱི་ལོ་ ༡༩༣༧ ལོར་ལག་ནཱའོ་ཚོགས་འདུའི་སྐབས་ཁ་ཆེའི་ཕྱོགས་ཁག་གིས་ཨུར་ཏུའི་སྐད་ཡིག་དེ་བཞིན་ཁ་ཆེའི་གཅིག་བསྡུས་སྐད་ཡིག་ལ་ངོས་འཛིན་དགོས་པའི་གྲོས་མགོ་བཏོན་པར། བངྒལ་སྐུ་ཚབ་ཚོས་གྲོས་གཞི་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས། ཁ་ཆེའི་ཕྱོགས་ཁག་ནི་རྒྱ་གར་དབྱིན་གཞུང་གི་སྲིད་དོན་ཚོགས་པ་གལ་ཆེན་ཞིག་ཡིན་ལ། པཱཀིསྟན་རྒྱ་གར་ལས་ལོགས་སུ་གྱེས་ནས་ཁ་ཆེའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བར་དགོས་འདུན་བཏོན་མཁན་གཏེ་བོ་དེ་ཡིན།

ལས་འགུལ་མགོ་ཚུགས་སྐབས།

ཕྱི་ལོ་ ༡༩༤༧ དང་ ༡༩༤༨ ལོར་དབྱིན་ཇིའི་མངའ་འོག་གི་རྒྱལ་ཁབ་བཞི་ལ་རང་བཙན་སྤྲད་ཡོད། རྒྱལ་ཁབ་དེ་དག་ནི་རྒྱ་གར་དང་འབར་མ་(དེང་སྐབས་མྱན་མར།) སེ་ལོན།(དེང་སྐབས་ཤྲྀ་ལངྒ་) པཱཀི་སྟན་(ཤར་པཱཀི་སྟན་ནམ་དེང་སྐབས་ཀྱི་བངྒལ་དེཤ་ཡང་ཚུད་ཡོད།) བཅས་ཡིན།

ཕྱི་ལོ་༡༩༤༧ ལོར་རྒྱ་གར་དང་པཱཀི་སྟན་ལོགས་སུ་གྱེས་སྐབས་པཱཀི་སྟན་མངའ་ཁོངས་སུ་མི་འབོར་ས་ཡ་ ༦༩ ཡོད་པ་ལས། ས་ཡ་ ༤༤ ནི་བངྒལ་སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་ཤར་པཱཀི་སྟན་གྱི་མི་ཡིན། འོན་ཀྱང་སྲིད་གཞུང་དང་། དམག་དོན། གཞུང་ཞབས་སོགས་ལ་ནུབ་པཱཀི་སྟན་གྱིས་བདག་དབང་བཟུང་ཡོད། ཕྱི་ལོ་ ༡༩༤༧ ལོར་ཀཱ་ར་ཆི་མངའ་ཁུལ་དུ་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་གཏན་འབེབས་བྱེད་སྐབས་ཨུར་ཏུའི་སྐད་ཡིག་ཁོ་ན་གཞུང་འབྲེལ་སྐད་ཡིག་ལ་སྤྱོད་རྒྱུའི་གྲོས་ཐག་བཅད་པས། དེ་མ་ཉིད་དུ་བངྒལ་མི་མང་གིས་ངོ་རྒོལ་བྱེད་པའི་ལས་འགུལ་མགོ་བརྩམས། བངྒལ་ཁ་ཆེའི་རིག་གཞུང་གཅེས་སྐྱོང་ཁང་གི་དྲུང་ཆེ་ཨ་བུལ་ཀཱ་ཤེམ་གྱི་སྣེ་འཁྲིད་འོག་དྷ་ཀ་མཐོ་སློབ་ཀྱི་སློབ་ཕྲུག་ཚོས་ཀྱང་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་བངྒལ་སྐད་ཡིག་གཞུང་འབྲེལ་སྐད་ཡིག་ཅིག་ཏུ་ངོས་འཛིན་བྱ་རྒྱུ་དང་། ཤར་པཱཀི་སྟན་གྱི་སློབ་འཁྲིད་བརྒྱུད་ལམ་བངྒལ་སྐད་ཡིག་ཐོག་དགོས་པའི་དགོས་འདུན་བཏོན། འོན་ཀྱང་པཱཀི་སྟན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་བངྒལ་སྐད་ཡིག་ནས་ཐོན་པའི་སློབ་ཐོན་ལག་འཁྱེར་ལ་ངོས་ལེན་མ་བྱས་པ་མ་ཟད། རྒྱལ་དངུལ་དང་སྦྲགས་རྟགས་སོགས་ཀྱི་ཐོག་བངྒལ་སྐད་ཡིག་འགོད་རྒྱུ་མཚམས་འཇོག་བྱས། དབུས་གཞུང་ཤེས་རིག་བློན་ཆེན་ཧྥ་ཛུ་ལུར་ཪཱ་མན་གྱིས་ཀྱང་ཨུར་ཏུའི་སྐད་ཡིག་ཁོ་ན་གཞུང་འབྲེལ་སྐད་ཡིག་ལ་སྤྱོད་རྒྱུར་ཐབས་ཤེས་ལན་བརྒྱར་བྱས། རྒྱུ་མཚན་དེའི་དབང་གིས་ངོ་རྒོལ་བྱེད་ཤུགས་ཆེ་རུ་སོང་ནས། བངྒལ་སློབ་ཕྲུག་གིས་ ༡༩༤༧ ཟླ་ ༡༢ ཚེས་ ༨ ཉིན་གཞི་རྒྱ་ཆེ་བའི་འདུ་འཛོམས་དང་ཡར་ལངས་ཤུགས་ཆེན་བྱས། བངྒལ་གྱི་མཁས་པ་དང་དགེ་རྒན། རྩོམ་པ་པོ་སོགས་ཀྱིས་ཀྱང་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཤིང་། “ཨུར་ཏུ་ནི་ང་ཚོའི་ཕ་སྐད་མིན། འོན་ཀྱང་སྲིད་གཞུང་གིས་སྐད་ཡིག་གཉིས་པ་ཞིག་དགོས་པར་སྲིད་ཇུས་འདོན་ན་ཨུར་ཏུ་སྐད་ཡིག་གཉིས་པར་བཞག་ཀྱང་མ་འགྲིག་པ་མེད།”ཅེས་གུ་ཡངས་ཀྱི་བསམ་ཚུལ་བཏོན། ཟླ་ ༡༢ པའི་ཟླ་མཇུག་ཏུ་རྒྱལ་ཡོངས་སྐད་ཡིག་སྲུང་སྐྱོབ་ཚོགས་པ་ཞེས་པ་གསར་འཛུགས་བྱས་ནས་བངྒལ་སྐད་ཡིག་ལ་གཞུང་འབྲེལ་སྐད་ཡིག་གི་ངོས་འཛིན་ཐོབ་ཐབས་བྱས།

༡༩༤༨ ལོའི་དོན་རྐྱེན།

ཕྱི་ལོ་ ༡༩༤༨ ཟླ་ ༣ པའི་ཚེས་ ༡༡ ཉིན་དྷ་ཀ་གཙུག་ལག་སློབ་གྲྭ་དང་སློབ་གྲྭ་ཆེན་མོ་གཞན་དག་གི་སློབ་ཕྲུག་མང་པོ་མཉམ་འཛོམས་བྱས་ཏེ། བངྒལ་སྐད་ཡིག་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་དགོས་པའི་དགོས་འདུན་བཏོན། རྔམ་སྟོན་ཁྲོམ་སྐོར་དེའི་ནང་ཆབ་སྲིད་དབུ་འཁྲིད་མང་པོ་མཉམ་ཞུགས་བྱས་ཡོད་ཅིང་། ཤམ་སུལ་ཧུ་དང་ཤཱ་ཀད་ཨ་ལི་སོགས་འཛིན་བཟུང་བཀག་ཉར་བྱས་པ་དང་། མོཧ་མྨད་ཏོཧ་ལ་རྨས་སྐྱོན་ཕོག་པར་བརྟེན། སློབ་ཕྲུག་མང་པོས་ཟས་བཅད་ངོ་རྒོལ་བྱས། ཕྱི་ཚེས་ ༡༢ ནས་ ༡༥ བར་མངའ་སྡེའི་བློན་ཆེན་ཁ་བ་ཇཱའི་ཁང་པའི་ཉེ་འགྲམ་དུ་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེ་བྱེད་སྐད་ཉེན་རྟོག་པས་སློབ་ཕྲུག་རྣམས་ལ་དྲག་ཐབས་སྣ་ཚོགས་ཀྱིས་འགོག་རྒོལ་བྱས་པས་གདོང་ཐུག་དེ་བས་ཛ་དྲག་ཏུ་སོང་། དེ་རྗེས་བློན་ཆེན་ཁ་བ་ཇཱས་མགྱོགས་མྱུར་དོན་ཚན་འགའ་ཤས་ལ་བསྐྱར་ཞིབ་བྱ་རྒྱུའི་ཁས་ལེན།

ཕྱི་ལོ་ ༡༩༤༨ ཟླ་ ༣ ཚེས་ ༡༩ ཉིན་པཱཀི་སྟན་གྱི་སྤྱི་ཁྱབ་བློན་ཆེན་ཨ་ལི་ཇི་ན་དྷ་ཀ་རུ་བསླེབས་ཏེ་སྐད་ཡིག་གི་གནད་དོན་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་བྱས་ཀྱང་། ཁོ་པས་ཨུར་ཏུ་ཁོ་ནའི་སྲིད་ཇུས་རྒྱུན་སྐྱོང་བྱས་པ་དང་མངའ་འོག་བློན་ཆེན་དང་འབྲེལ་ཡོད་ལས་བྱེད་རྣམས་ལའང་དེ་ལྟར་བཀོད་ཁྱབ་བཏང་།  དེ་འཕྲལ་བངྒལ་སྲིད་གཞུང་གིས་ཤར་བངྒལ་སྐད་ཡིག་ཚོགས་ཆུང་ཟེར་བ་བཙུགས་ཏེ། སྐད་ཡིག་གནད་དོན་གྱི་དཀའ་རྙོག་སེལ་ཐབས་ལ་ཞིབ་འཇུག་བྱེད་དུ་བཅུག ཕྱི་ལོ་ ༡༩༥༠ ཟླ་ ༡༢ ཚེས་ ༦ ཉིན་སྐད་ཡིག་ཚོགས་ཆུང་གིས་སྙན་ཐོ་གྲ་སྒྲིག་བྱས་ཟིན་ནའང་། སྙན་ཐོ་དེ་ ༡༩༥༨ བར་པར་སྐྲུན་བྱས་མེད། སྙན་ཐོ་དེའི་ནང་སྐད་ཡིག་གི་དཀའ་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་ནི་བངྒལ་གྱི་སྐད་ཡིག་ཨ་རབ་ཡིག་གཟུགས་ཐོག་འབྲི་རྒྱུ་དེ་ཡིན་ཞེས་བཀོད་ཡོད།

༡༩༥༢ ལོའི་དོན་རྐྱེན།

ཨ་ལི་ཇི་ནའི་ཨུར་ཏུ་རྐྱང་པའི་སྲིད་ཇུས་དེ་བློན་ཆེན་ན་ཛི་མུདྡིན་གྱིས་རྗེས་སྐྱོང་བྱས་པས་ཨུར་ཏུ་དང་བངྒལ་སྐད་ཡིག་གི་འགྲན་རྩོད་དེ་སྔར་བས་སྡུག་ཏུ་སོང་། ཕྱི་ལོ་ ༡༩༥༢ ཟླ་ ༡ ཚེས་ ༣༡ ཉིན་”དབུས་སྐད་ཡིག་ལས་འགུལ་ལྷན་ཚོགས་”ཞེས་པ་གསར་འཛུགས་བྱས་ནས་བངྒལ་སྐད་ཡིག་ཨ་རབ་ཡིག་གཟུགས་ཐོག་འབྲི་རྒྱུར་ངོ་རྒོལ་དང་། ཕྱི་ཟླ་ ༢ ཚེས་ ༢༡ ཉིན་རྒྱལ་ཡོངས་ལ་རྔམ་སྟོན་ཁྲོམ་སྐོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས། ངོ་རྒོལ་གྱི་གྲ་སྒྲིག་བྱེད་སྐབས་སྲིད་གཞུང་གིས་ཁྲིམས་ལུགས་དོན་ཚན་ ༡༤༤ པ་ལག་བསྟར་བྱས་ཏེ་དྷ་ཀ་གྲོང་འཁྱེར་ནང་མི་བཞི་ལས་མང་བ་འདུ་འཛོམས་བྱ་མི་ཆོག་པའི་བཀའ་རྒྱ་བསྒྲགས།

ཕྱི་ཟླ་ ༢ ཚེས་ ༢༡ སྔ་དྲོའི་ཆུ་ཚོད་ ༩ ཐོག་དྷ་ཀ་སློབ་ཆེན་གྱི་སློབ་ཕྲུག་ཚོས་སྲིད་གཞུང་གི་བཀའ་རྒྱར་རྩིས་མེད་ཀྱིས་འདུ་འཛོམས་བྱས། སྐབས་དེར་སློབ་གྲྭའི་མཐའ་ཡོངས་སུ་མེ་འདའ་བཟུང་བའི་ཉེན་རྟོག་པས་བསྐོར་ཡོད། ཆུ་ཚོད་ ༡༡ དང་སྐར་མ་ ༡༥ ཐོག་སློབ་ཕྲུག་ཚོས་རྒྱལ་སྒོ་ནས་ཐོན་ཏེ་ཉེན་རྟོག་པ་དང་གདོང་ཐུག་བྱས་པས་དེ་འཕྲལ་ཉེན་རྟོག་པས་དུག་རླངས་བཏང་ནས་འགོག་རྒོལ་བྱས། སློབ་ཕྲུག་ཁག་ཅིག་གིས་རྒྱལ་སྒོ་ནས་ཉེན་རྟོག་པར་གདོང་གཏུགས་བྱེད་སྐབས། སློབ་ཕྲུག་ཚོགས་པ་ཞིག་གིས་དྷ་ཀ་སྨན་རྩིས་མཐོ་སློབ་ཁུལ་དུ་ཁྲོམ་སྐོར་བྱས། མཐོ་སློབ་ཀྱི་དབུ་འཛིན་སྐུ་གཞོན་གྱིས་ཉེན་རྟོག་པར་སློབ་ཕྲུག་དང་གདོང་གཏུགས་མི་བྱེད་པའི་རེ་སྐུལ་ཞུས་ཀྱང་། ཁྲིམས་ལུགས་དོན་ཚན་ ༡༤༤ དང་འགལ་འཛོལ་བྱས་པའི་ཉེས་མིང་བཀལ་ཏེ་སློབ་མ་མང་པོ་འཛིན་བཟུང་བྱས། འཛིན་བཟུང་བྱས་རྗེས་གནས་ཚུལ་དེ་བས་ཛ་དྲག་ཏུ་སོང་སྟེ་སློབ་ཕྲུང་མང་པོ་ཤར་བངྒལ་གྲོས་ཚོགས་ཁང་དུ་ཤར་སྐྱོད་བྱས་ཏེ་གྲོས་ཚོགས་འཐུས་མིར་ངོ་རྒོལ་བྱས་པ་དང་།  ཁོང་ཚོ་གྲོས་ཚོགས་ཁང་དུ་འཛུལ་འགྲོ་སྐབས་ཉེན་རྟོག་པས་དེ་མ་ཉིད་དུ་མེ་འདའ་རྒྱག་མགོ་བཙུགས་ཏེ་སློབ་ཕྲུག་མང་པོ་དམར་གསོད་བཏང་། སློབ་ཕྲུག་དམར་གསོད་བཏང་བའི་གནས་ཚུལ་གང་སར་ཁྱབ་སྐབས། ཚོང་ཁང་དང་ལས་ཁུངས་སོགས་སྒོ་བརྒྱབ་ནས་གཞི་རྒྱ་ཆེ་བའི་ལས་འགུལ་མགོ་བརྩམས། མཱ་ནོ་རན་ཇན་སོགས་གྲོས་ཚོགས་འཐུས་མི་དྲུག་ནས་མངའ་སྡེའི་བློན་ཆེན་ནུ་རུལ་ཨ་མིན་གྱིས་སློབ་ཕྲུག་འདས་པོ་ཚོའི་ཁྱིམ་དུ་སེམས་གསོ་གཏོང་བར་འགྲོ་དགོས་པའི་རེ་སྐུལ་ཞུས་པ་དང་། གྲོས་ཚོགས་ནས་མྱ་ངན་གུས་འདུད་ཞུ་དགོས་པའི་དགོས་འདུན་བཏོན། འོན་ཀྱང་ནུ་རུལ་ཨ་མིན་གྱི་རེ་སྐུལ་དེར་ངོས་ལེན་བྱས་མེད།

ཕྱི་ཚེས་ ༢༢ ཉིན་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་མུ་མཐུད་བྱས་པ་དང་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་སླར་ཡང་མི་བཞི་དམར་གསོད་བཏང་། གཞུང་འབྲེལ་མིན་པའི་ཚོགས་པ་དང་མཐོ་སློབ་སོགས་སྒོ་བརྒྱབ་ནས་ངོ་རྒོལ་ནང་ཞུགས་པ་མ་ཟད། སྲིད་གཞུང་གི་ཕྱོགས་གཏོགས་གསར་འགོད་ལས་ཁུངས་གཉིས་མེར་བསྲེགས། དོན་རྐྱེན་དེའི་སྐབས་རྐྱེན་འདས་སོང་བའི་འདས་པོ་རྣམས་ལ་མྱ་ངན་གུས་འདུད་ཞུ་ཕྱིར་མི་ཧ་ཅང་མང་པོ་འདུ་འཛོམས་བྱས་པས་ཉེན་རྟོག་པས་སླར་ཡང་ཁོང་ཚོར་མེ་མདའ་བརྒྱབ་སྟེ་མི་དགུ་དེ་མུར་དམར་གསོད་བཏང་། དེའི་ནང་ལོ་དགུ་ལ་སོན་པའི་བུ་ཨུ་ཡུ་ལཱ་ཡང་རྐྱེན་ལམ་དུ་ཤོར་ཡོད།

༡༩༥༢ ལོའི་རྗེས་ཀྱི་དོན་རྐྱེན།

དེ་ནས་དུས་ཡུན་རིང་པོར་རྒྱལ་ཁབ་ནང་དུས་བདེ་ལྷིང་འཇགས་མེད་པར་ངོ་རྒོལ་མུ་མཐུད་བྱས་པ་དང་། ༡༩༥༣ དང་ ༡༩༥༤ ལོ་ཁག་སོ་སོའི་ཟླ་ ༢ ཚེས་ ༢༡ ཉིན་དར་ཆ་ནག་པོ་བསྒྲེངས་ཏེ་མྱ་ངན་གུས་འདུད་དང་།  རྔམ་སྟོན་ཁྲོམ་སྐོར་བྱས།

ཕྱི་ལོ་ ༡༩༥༤ ལོར་ཤར་བངྒལ་ནང་མངའ་སྡེའི་འོས་འདེམས་བྱས་ཏེ་ “འཐབ་ཕྱོགས་གཅིག་འགྱུར”ལ་རྒྱལ་ཁ་ཆེན་པོ་ཐོབ་པས་བངྒལ་སྐད་ཡིག་དང་རྩོམ་རིག རིག་གཞུང་སོགས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་ཆོག་པའི་དབང་ཆ་སྤྲད། ཕྱི་ལོ་ ༡༩༥༤ ཟླ་ ༥ ཚེས་ ༧ ཉིན་མངའ་སྡེའི་གྲོས་ཚོགས་ཚོགས་སྐབས་བངྒལ་སྐད་ཡིག་ལ་གཞུང་འབྲེལ་སྐད་ཡིག་གི་གོ་ཐོབ་སྤྲོད་རྒྱུའི་གྲོས་ཆོད་བཞག་པ་དང་། ཕྱི་ལོ་ ༡༩༥༦ ཟླ་ ༢ ཚེས་ ༢༩ ཉིན་པཱཀི་སྟན་སྲིད་གཞུང་གིས་བངྒལ་སྐད་ཡིག་དེ་བཞིན་གཞུང་འབྲེལ་སྐད་ཡིག་གཉིས་པར་འཇོག་རྒྱུའི་གྲོས་ཆོད་བཞག་སྟེ། རྩ་ཁྲིམས་ཨང་ ༢༡༤(༡) ནང་ “པཱཀི་སྟན་གྱི་གཞུང་འབྲེལ་སྐད་ཡིག་ནི་ཨུར་ཏུ་དང་བངྒལ་སྐད་ཡིག་གཉིས་ཡིན།”ཞེས་བཀོད།

བངྒལ་དེཤ་པཱཀི་སྟན་རྒྱལ་ཁབ་ལས་ལོགས་སུ་རང་བཙན་རྒྱལ་ཁབ་ཆགས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ལ་ལོ་རེའི་ཟླ་ ༢ པའིཚེས་ ༢༡ དེ་བཞིན་ “རྒྱལ་སྤྱིའི་ཕ་སྐད་ཉིན་མོར་”སྲུང་བརྩི་དགོས་པའི་དགོས་འདུན་བཏོན་པས། རྒྱལ་ཚོགས་སློབ་གསོ་དང་རིག་གནས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་གྲོས་མགོ་དེར་ངོས་ལེན་དང་ཡོང་ཁྱབ་གསལ་བསྒྲགས་བསྐྱངས་སོ།། །།

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 3

  1. བསྟན་འཛིན་བསོད་ནམས། says:
    ལོ་ 12 སྔོན།

    བསྒྱུར་རྩོམ་འདོད་པ་ཁེངས་ཐག་ཆོད་ཅིག་རེད། ཐུགས་རྗེ་ཆེ། རྩོམ་ཡིག་འདི་ཀློག་ཡོང་ན་གནས་ཚུལ་མང་པོ་ཞིག་ཧ་གོ་ཡོང་གི་འདུག ལེགས་ཆ་མང་པོ་ཞིག་ལེན་ཡ་འདུག དེ་ནས་བསྒྱུར་མཁན་གྱི་སྐད་ཡིག་གཉིས་ཀྱི་གནས་ཚད་དང་། ལྷག་པར་དུ་བསྒྱུར་གྱི་བྱང་ཚད་མཐོ་བོ་ཡོད་པ་ཞིག་ཏུ་མཐོང་སོང་། ཡིན་ནའང་ཚིག་རེ་ཟུང་ཡོངས་གྲགས་མ་ཡིན་པ་དེ་འདྲ་འདུག དཔེར་ན་པ་ཀི་སི་ཐན་ལྟ་བུ་ལ་’པཱཀིསྟན’འདི་འདྲི་བྲིས་འདུག ཡིན་ནའང་བསྒྱུར་བ་བོ་ཁོ་རང་ལ་རྒྱུ་མཚན་བཤད་ཡ་ཡོད་རྒྱུ་རེད་སྙམ། ང་རང་བསམ་པར་རྩོམ་ཡིག་ནང་ཚིག་ལྷག་མེད་པ་དང་དོན་དག་ཁ་གསལ་བོ་ཡིན་པ་བཅས་ཀྱིས་ཧ་ཅང་བསྒྱུར་ཡག་པོ་ཞིག་ལ་ངོས་འཛིན་བྱས་དགོས་པ་ཞིག་རེད་དྲན་ཡོད།

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    བོད་བསྒྱུར་བྱེད་ཚེ་བོད་ཡིག་རྐྱང་བའི་ནང་བསྒྱུར་ཐུབ་ན་ལེགས་པོ་འདུག དེ་མིན་བོད་ཀྱི་བརྡ་སྤྲོད་དང་འགལ་བའི་”པཱཀི”དང་།”མོཧ་མྨད་ཏོཧ” ལྟ་བུ་རྩོམ་འདིར་མང་དག་ཅིག་འབྱུང་བ་རྣམས་ནི་གཞུང་ལས་”མིང་གཞི་གཉིས་སམ་་གསུམ་སྦྲེལ་ལམ་དེ་ལ་དབྱངས་སོགས་གང་སྦྱར་ཡང་གང་དུ་འཇུག་པ་མེད་ཅིང་སྦྱོར་བའང་མེད་”ཅེས་པ་དང་ཡོངས་སུ་འགལ་འདུག་པས་བོད་ཡིག་ལ་གཏོར་བཤིག་རང་རེད་འདུག
    གལ་སྲིད། འདི་ལྟ་བུ་ཀློག་མི་ཐུབ་པའི་གད་སྙིགས་སྤུངས་པ་ལས་དབྱིན་ཡིག་གམ་རྒྱ་ཡིག་སོགས་རྩོམ་ཨ་མ་ལས་བྱུང་བའི་ཡི་གེ་དེ་རང་འཇགས་བཞག་ན་ལེགས་པོ་འདུག གོང་དུ་དཔེར་མཚོན་དུ་བཀོད་པ་འདི་དག་ནི་བོད་ཡིག་མིན་པའང་མཁྱེན་པར་མཛོད་ཅིག

    Reply
  3. སྒྲོལ་མ་མེ་ཏོག says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་ཕ་སྐད་ཉི་མོར་སྲུང་བརྩི་ཞུ་རྒྱུ་དང་། འདིའི་སྐོར་གྱི་རྩོམ་སྤེལ་བར་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese