སྲས་ལྡན་མ་རྩེ་མང་།
སྔོན་གླེང་།
(བཀའ་ཡིག་འདི་༸གོང་ས་བཅུ་གསུམ་པ་མཆོག་རྒྱ་གར་ལ་ཡུལ་བྱོལ་དུ་ཕེབས་པ་དང་། ལུའུ་ཅུན་དམག་ལྷ་ས་ནས་ཕྱིར་བསྐྲོད་བྱས་པ་ལ་ཆབ་སྲིད་ཀྱི་རྣམ་པ་མེད་པ་དང་། བོད་རྒྱ་བར་སྔ་མའི་སྲོལ་རྒྱུན་འབྲེལ་བ་ལས་གསར་སྤྲོས་རིགས་དང་ལེན་མི་བྱེད་པའི་བརྡ་ལན་དང་། བོད་ནང་ལེགས་བཅོས་དང་འཛུགས་སྐྲུན་སྐོར་གྱི་རྩ་འཛིན་ཡིག་ཆ་ཞིག་ཡིན་མོད། བར་ལམ་ཞིག་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་དང་མི་སྒེར་རེ་ཟུང་གིས་བསྒྲགས་གཏམ་འདི་ལ་ཆབ་སྲིད་ཀྱི་དོན་སྙིང་རླབས་ཆེན་ཡོད་པ་དང་། འདི་ནི་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ་མཐར་ཐུག་དང་། བོད་རང་བཙན་རྩོད་ལེན་བྱེད་པའི་སྤོབས་པ་དང་སྙིང་སྟོབས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་དྲིལ་བསྒྲགས་དང་གླེང་ཕྱོགས་སྤེལ་དང་སྤེལ་མུས་རེད།
སྔ་མོའི་དུས་སུ་བོད་འདི་ལོ་རྒྱུས་དང་ཁྲིམས་དོན་གཉིས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ་དང་དཔང་རྟགས་ཧ་ཅང་མང་བ་དག་བསྡུ་སྒྲིག་དྲིལ་བསྒྲགས་བྱས་ན། བོད་དང་བདེན་དོན་ལ་དགའ་མཁན་ཡོད་དོ་ཅོག་གི་བསྟོད་བསྔགས་དང་དགའ་མགུའི་གནས་སུ་ངེས་པ་སྨོས་མ་དགོས་མོད། འོན་ཀྱང་མིག་སྔའི་གླེང་ཕྱོགས་འདི་དག་གིས་གཅིག་ནས་ཆུ་གླང་རྩ་ཚིག་གི་ནང་དོན་དང་དེའི་ལོ་རྒྱུས་ཀྱི་གོ་བབ་དངོས་དང་མི་མཐུན་པའི་ཧར་སྒྲོག་དང་འུར་གླེང་ཆེན་པོ་ཞིག་བྱེད་བཞིན་པ་དང་། གཉིས་ནས་ཆུ་གླང་རྩ་ཚིག་དང་རྒྱལ་མཆོག་བཅུ་གསུམ་པའི་མཛད་རྗེས་དང་དགོངས་དོན་གླེང་ཁུལ་གྱིས་རྒྱལ་མཆོག་བཅུ་བཞི་བའི་དགོངས་པ་དང་མཛད་རྗེས་ལ་བསྙོན་འཛུགས་དང་ལོག་འགྲེལ་ཆེན་པོ་བྱེད་བཞིན་འདུག ལོ་རྒྱུས་ནི་དུས་ནམ་ཡང་ལོ་རྒྱུས་ཀྱི་བདེན་པའི་རྨང་གཞིའི་སྟེང་ནས་གླེང་དགོས་པ་ནི་ཧ་ཅང་གལ་ཆེ་བས་ན་ངས་འདི་ནས་ཆུ་གླང་རྩ་ཚིག་གི་ནང་དོན་དང་། དེའི་ལོ་རྒྱུས་ཀྱི་གོ་བབ་ངོ་མ་རགས་ཙམ་གླེང་རྒྱུ་ཡིན།)
དང་པོ། ཆུ་གླང་རྩ་ཚིག་རིན་པོ་ཆེའི་གླེང་གཞི་དང་རྩ་ཚིག་དངོས།
བཀའ་ཡིག་དེར་རྩ་བའི་ཆ་ནས་གླེང་བརྗོད་དང་རྩ་ཚིག་དངོས་ཀྱི་དོན་ཚན་བྱེ་བྲག་པ་ལྔ་རུ་ཕྱེས་ཏེ་བཀྲམ་ཡོད། རྩ་ཚིག་གི་ནང་དོན་དངོས་བོད་ལྗོངས་སེར་སྐྱ་ཡོངས་ཀྱི་བླང་དོར་བྱེད་སྒོའི་སྐོར་ཡིན།
རྩ་ཚིག་གི་གླེང་གཞིའི་ནང་། ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་པ་དང་བོད་བར་གྱི་འབྲེལ་བ། ཡོན་དང་མིང་རྒྱལ་རབས་ནས་བོད་ཀྱི་བླ་དཔོན་འབྲེལ་བ། མན་ཇུའི་རྒྱལ་རབས་དང་དགའ་ལྡན་ཕོ་བྲང་བར་གྱི་ཕན་ཚུན་སྐྱོང་རེས་ཀྱི་འབྲེལ་བ། ཁོང་རྒྱ་གར་དུ་ཡུལ་བྱོལ་ལ་ཕེབས་དགོས་པའི་རྒྱབ་ལྗོངས། ལུའུ་ཅུན་དམག་ལྷ་ས་ནས་ཕྱིར་སྤྲོད་བཏང་དོན། རྒྱ་བོད་བར་སྔ་མའི་འབྲེལ་བ་ལས་བྲན་གཡོག་ཏུ་བཀོལ་རྒྱུའི་བསམ་སྦྱོར་ངན་པར་ཕམ་ཉེས་བྱུང་ཡོད་ལུགས་བཅས་ཡིན།
རྩ་ཚིག་དོན་ཚན་དང་པོ། རིས་མེད་དགོན་སྡེ་མཆིས་སོ་ཅོག་ཚང་མའི་མཆོད་རྒྱུན་དང་། འཛིན་སྤྲས་ལ་དོ་དམ་ལྷོད་མེད་དགོས་པའི་སྐོར། གཉིས་པ། རིས་མེད་དགོན་སྡེ་ཁག་གི་མཁན་སློབ་དགེ་འདུན་རྣམས་ནས་རིང་ལུགས་མདོ་སྔགས་གསར་རྙིང་གི་དམ་པའི་ཕྱག་བཞེས་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཐོག འཆད་ཉན་དང་། ཐོས་བསམ་སྒོམ་གསུམ་ལ་བརྩོན་ཞིང་། སོ་སོའི་བཅའ་ཡིག་གི་འབྲུ་དོན་སོགས་ལ་སྲུང་བརྩི་ཚུལ་བཞིན་དགོས་པའི་སྐོར། གསུམ་པ། སྣེ་མོ་ལས་འཛིན་མཆིས་སོ་ཅོག་ནས་ཁྲལ་བསྡུ། ཁྲིམས་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་བསྲང་གིས་གཞུང་འབབ་གཉིས་སྨན་གྱི་ཐབས་ཚུལ་ལྷོད་མེད་དགོས་རྒྱུ་སོགས་ཀྱི་སྐོར། བཞི་པ། ཞི་དྲག་ལས་དོན་གང་ཅིར་དོ་དམ་ཆེར་བསྐྱེད་དགོས་རྒྱུ་མ་ཟད། སྟོད་སྨད་ལྷོ་བྱང་གི་ས་མཚམས་ཁག་ལ་སོ་སྲུང་ལྷོད་མེད་ཀྱིས་ཕྱི་མིའི་སོ་ཉུལ་ནང་ལྷགས་མི་འབྱུང་བའི་དམ་པོས་དམ་བཅིངས་དགོས་རྒྱུ་སོགས་ཀྱི་སྐོར། ལྔ་པ། སྤྱི་ས་རི་ཀླུང་བེད་མེད་སྟོང་ལུས་ཇི་ཡོད་ལ་ཁྱིམ་པ་ཉམས་ཅན་རྩོལ་ལྡན་ནས་ས་ཞིང་འདུལ་བ་དང་། སྦྱར་ལྕང་སྐྱེ་ཚེར་ཡན་གྱི་ཕན་བདེ་སྤེལ་བའི་འདེབས་ལས་འཁོལ་གང་ཐུབ་བྱེད་པར་གཞུང་སྒེར་ཆོས་བཅས་སུས་ཀྱང་བཀག་འགོག་ནམ་ཡང་མི་ཆོག་ཅིང་། དེ་དག་དགེ་བེད་ལོ་གསུམ་ཁྲལ་མེད་དུ་སྤྱད་རྗེས་རྒྱ་ཁྱོན་དང་དགེ་བེད་ལ་གཞིགས་པའི་ཁྲལ་བོགས་གཉིས་ལོ་འགེལ་གང་འོས་ཐོགའཛིན་བདག་གཏན་འཇགས་སུ་སྤྲད་རྒྱུའི་སྐོར་བཅས།
རྩ་ཚིག་གི་མཚན་བྱང་ལ། བོད་ལྗོངས་སེར་སྐྱ་ཡོངས་ཀྱི་བླང་དོར་བྱེད་སྒོ་ཞེས་པ་ལས་ཆབ་སྲིད་ཀྱི་བསྒྲགས་གཏམ་ལྟ་བུར་བཏགས་མེད་པ་དང་། བཀའ་ལུང་གནང་མཁན་གྱི་ཆ་ནས་ཀྱང་། འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་། རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་འབོད་པའི་གཏམ། ཞེས་ཆོས་ལུགས་ཀྱི་བརྡ་ཆད་ལས་ཆབ་སྲིད་ཀྱི་ཐ་སྙད་བོད་རྒྱལ་ཁབ་ཀྱི་༸གོང་མའམ་རྒྱལ་པོ་ལྟ་བུའི་ཚིག་བེད་སྤྱོད་གནང་མེད་པར་མ་ཟད། སྔར་གྱི་མན་ཇུའི་༸གོང་མ་རིམ་པ་ནས་གནང་བའི་མཚན་གནས་ཏཱ་ལའི་བླ་མའི་དོན་རྒྱ་མཚོའི་བླ་མ་ཞེས་པ་རང་འཇགས་སུ་བེད་སྤྱོད་མཛད་ཡོད།
གཉིས་པ། སྦུག་དམ་རྩ་ཚིག་ཏུ་མན་ཇུ་དང་བོད་ཀྱི་འབྲེལ་བ་དང་། བོད་སྡོད་ཨམ་བན་གྱི་སྲོལ་རྒྱུན་ལ་མི་འདོད་པའི་རྣམ་འགྱུར་དང་ཁ་རྡུང་བཏང་མེད་པ།
བཀའ་ཡིག་དེར་སྔར་ཡོན་གོང་མའི་སྐབས་བོད་དུ་འཇའ་མོ་བཙུགས་པ་དང་། ས་མི་ཞིབ་དཔྱོད་བྱས་པ། ཧོར་ཆས་དང་གོང་མའི་ཆོ་ལོ་སྤྲད་དེ་དཔོན་ཆེན་བསྐོ་འཇོག་གི་ལམ་སྲོལ་དང་། མིང་རྒྱལ་རབས་སྐབས་སྡེ་དཔོན་ལ་ཝང་གི་ཆོ་ལོ་སྤྲད་སྲོལ། མན་ཇུའི་སྐབས་བོད་དུ་དམག་དཔུང་བཏང་བ་དང་། ཨམ་བན་གཏན་སྡོད་བྱས་པ། ཁྲིམས་ཡིག་དོན་ཚན་བཅུ་གསུམ་ཅན་དང་། ཉེར་དགུ་ཅན་གསར་བཟོ། གསེར་བུམ་དཀྲུག་འདོན་ལམ་སྲོལ་བཙུགས་པ། བོད་ཀྱི་ཕྱི་འབྲེལ་དང་དམག་དོན་དབང་ཆ་སོགས་མན་ཆིང་གཞུང་ནས་སྒེར་འཛིན་བྱས་པ་སོགས་ཀྱི་ཐད་མི་འདོད་པ་དང་ངོས་ལེན་མེད་པའི་རྣམ་འགྱུར་གང་ཡང་བཟུང་མེད་ཐོག ཕན་ཚུན་སྐྱོང་རེས་ཀྱི་གནས་ཡིན་ཞེས་གདེང་འཇོག་མཐོན་པོ་བྱས་པའི་སྐོར།
རྩ་ཚིག་དེར། ” སྔར་ཇིང་གི་སི་ཁཱང་དང་། ཨལ་ཐན་རྒྱལ་པོ་སོགས་སོག་དུས་དང་། མིང་སོགས་རྒྱ་རྒྱལ་རིམ་བྱོན། སྔར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དུས་མན་ཇུ་༸གོང་མ་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་གནས་བཅས་དེ་ལྟར་ཡིན“ཞེས་སྤོབས་པ་ཆེན་པོའི་ཚད་འཛིན་དང་དཔེ་མཚོན་དུ་འཇོག་གནང་མཛད་ཐོག་བསྐྱར་ནན་དུ་བརྗོད་ཡོད།
གནད་དོན་འདིས་གསལ་བཤད་ཐུབ་པ་ནི།༸གོང་ས་ཐུབ་བསྟན་རྒྱ་མཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེས་མན་ཆིང་དང་བོད་བར་ཀྱི་སྔ་མའི་འབྲེལ་བ་རྒྱུན་གནས་ལས་འཕོ་འགྱུར་ཕྱིན་མེད་པ་ར་སྤྲོད་ཐུབ་པ་ཞིག་རེད་ལ། དེ་བཞིན་དུ་ཚད་ངེས་ཅན་ཞིག་གི་ཐོག་ནས་གསལ་པོ་ཆགས་ཡོད་པ་ནི་ཁོང་གི་སྲིད་དོན་རྣམ་འགྱུར་ཐད་སྔ་མའི་འབྲེལ་ལམ་རྒྱུན་མཐུད་ལས་གསར་སྤྲོས་དང་དྲག་དམག་གཏོང་རྒྱུ་དང་ལེན་བྱེད་མི་ཐུབ་པའི་བརྡ་སྟོན་ཐབས་ཀྱང་གནང་འདུག
ལྷག་པར་དུ་རྒྱ་བོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་དང་དྲན་སྐུལ་གནང་སྐབས་སྔར་གྱི་ཇིང་གི་སི་ཁཱང་ནས་མན་ཇུའི་༸གོང་མ་རིམ་བྱོན་གྱི་སྐབས་ལས་བོད་བཙན་པོའི་རྒྱལ་རབས་ནས་གླེང་མེད་པ་དང་། ད་དུང་ཕན་ཚུན་སྐྱོང་རེས་ཞེས་པའི་ཚིག་གསར་པ་ཞིག་བེད་སྤྱོད་གནང་ཡོད་པ་འདིས། རྒྱལ་ཁོངས་སོ་སོ་བ་ཞིག་ཡིན་པའི་རྣམ་པ་མེད་པར་བཟོས་འདུག
གསུམ་པ། རྩ་ཚིག་ནང་ཐེར་འདོན་བྱེད་ཡུལ་ནི་ལུའུ་ཅུན་དྲག་དམག་དང་། ལྐོག་ཟ་རུལ་སུངས་མཁན་གྱི་བློན་ཆེན་འགའ་ཞིག་ལས་རྒྱ་བོད་ཀྱི་ཆ་ཤས་དང་ཁོངས་གཏོགས་ལོ་རྒྱུས་ཀྱི་རྩོད་རྙོག་གནད་དོན་མིན་པ།
བཀའ་ཤོག་དེར་གནད་དོན་གཙོ་བོ་ཞིག་ནི། དབྱིན་བོད་དམག་འཁྲུག་གཉིས་པ་དང་ཤིག་འབྲུག་གྲོས་ཆིངས་རྗེས་ཀྱི་ལོ་ངོ་དྲུག་ལྷག་ཙམ་ནང་གི་ལྷ་ས་དང་ཁམས་ཁུལ་དུ་དཀའ་ངལ་དང་གཏོར་སྐྱོན་བྱུང་རིགས་ལ་དགག་རྒྱག་དང་། ལྷག་པར་དུ་ལུའུ་ཅུན་དམག་དང་སྒྲོ་འུར་ཕཱེང་གི་ནག་ཉེས་འཐེར་འདོན་བྱས་ཡོད་པ་མ་ཟད། ཁོང་ཚོ་བོད་དབུས་ནས་ཕྱིར་སྐྲོད་བྱེད་དགོས་པ་དང་༸གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་གནང་བར་རྒྱུ་མཚན་འདང་ངེས་ཤིག་བགྲངས་ཡོད།
དེ་དོན་རྩ་ཚིག་ཏུ། ”བར་ལམ་ཟི་ཁྲོན་དང་། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ས་ཟ་སེམས་ཀྱིས་དབང་ཤུགས་བརྡབས་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་ལྷ་ལྡན་དུ་འབྱོར་བྱུང་བ་བཅས་ལ་བརྟེན“ཞེས་འཁོད་པ་དང་། ཡང་དེར། “ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམག་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་བ་དང་།” ཡང་། “རྒྱ་གར་དུ་འབྱོར་མཚམས་རྒྱ་ཕྱོགས་སུ་ལྕགས་འཕྲིན་ཐོག་ནས་གནས་ལུགས་སྔ་རྗེས་ཇི་ལྟར་ཞུས་ཀྱང་གནད་ཡོད་བློན་ཆེན་འགའ་ཤས་རྒྱུ་རྔན་གྱི་རྗེས་སུ་འབྲངས་ཏེ་འདི་བྱེད་གནས་ལུགས་སྣེ་གཅིག་མེད་མུར།“ཅེས་འཁོད་ཡོད།
དེ་དོན་ལ་གཞིགས་ན་སྐབས་དེར་གནས་ཚུལ་དངོས་ཀྱི་བྱུང་རིམ་ཐོག་ནས་༸གོང་ས་བཅུ་གསུམ་པ་མཆོག་གིས་ཐུགས་དགོངས་བཞེས་ཕྱོགས་དང་རྒྱ་བོད་འབྲེལ་ལམ་འཛིན་ཕྱོགས་ལ་གནོད་སྐྱོན་གང་ཡང་བཏང་མེད་པ་དང་། ལྷག་པར་དུ་རྒྱ་ནག་ཕྱོགས་སུ་ཆབ་སྲིད་ཀྱི་ཚོར་ཤུགས་ཆེ་བའི་གནད་དོན་གང་ཡང་གླེང་སློང་བྱས་མེད་པར་མ་ཟད། བར་ལམ་ཟི་ཁྲོན་དང་ཡུ་ནན་གྱི་རྒྱ་རིགས་ལས་བྱེད་པ་འགའ་ཞིག་ཟེར་བ་དང་། བློན་ཆེན་ཁ་ཤས་རྒྱུ་རྔན་གྱི་རྗེས་སུ་འབྲངས་ཏེ་ཞེས་སྐྱོན་བརྗོད་དང་རྒོལ་གཏམ་གཏོང་ཡུལ་གྱི་དབྱེ་མཚམས་དང་དུས་མཚམས་གསལ་པོ་བཟོས་པ་རེད།
མདོར་བསྡུས་ནས་བཤད་ན། ཁོང་ཡུལ་བྱོལ་གནང་བ་དང་ལུའུ་ཅིན་དམག་ལྷ་ས་ནས་ཡུལ་བསྐྲོད་བྱས་པའི་ཐད་ཆབ་སྲིད་ཀྱི་ནང་དོན་མེད་པའི་གོ་བའང་གསལ་བོ་བཟོས་ཡོད།
བཞི་པ། ཆུ་གླང་རྩ་ཚིག་གནང་བཞིན་པའི་སྔ་རྗེས་སུ་བོད་གཞུང་གི་ངོས་ནས། ཕྱི་ཚུལ་དུ་རུས་ཚོ་ལྔ་གཅིག་གྱུར་དང་མཐུན་འགྲིག་གྲོས་གཞིའི་ཐོག་གྲོས་མོལ་གྱི་མི་སྣ་གཏོང་བཞིན་པ།
སྐབས་དེར་བོད་གཞུང་ཕྱོགས་ནས། དམག་དོན་ནུས་པ་དང་ཕྱིའི་རུ་དབྱིན་གྱི་རྒྱབ་སྐྱོར་ངེས་གཏན་ཞིག་མ་ཐོབ་པར་བརྟེན་རང་སྐྱོང་གི་གནས་བབས་བརྟན་པོ་ཞིག་ཡོང་རྒྱུར་ཐག་གཅོད་བྱས་ཡོད་པ་དང་། རྒྱ་ནག་གི་མི་སེར་རྒྱལ་ཁབ་ལའང་མཐུན་ལམ་དང་གུ་ཡངས་ཀྱི་སྲིད་བྱུས་བསྟན་ཡོད་པ་མ་ཟད། སྔར་གྱི་ལུའུ་ཅུན་དམག་གི་བྱས་ཉེས་ལ་ཁོང་ཁྲོའི་རྣམ་འགྱུར་མུ་འཐུད་དུ་བཟུང་ཡོད།
དེ་དོན་ཆུ་གླང་རྩ་ཚིག་མ་གནང་གོང་གི་ཟླ་བ་གསུམ་གྱི་སྔོན་དེར་རྒྱ་ནག་གི་སྲིད་འཛིན་ལ་གནང་བའི་༸གོང་ས་མཆོག་གི་བཀའ་ཡིག་ཏུ།“མི་སེར་རྒྱལ་ཁབ་ད་ལྟ་ཚུགས་ཙམ་ཡིན་པ་དང་། རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་ཚུགས་ཐུབ་མེད་པར་བརྟེན། སྲིད་འཛིན་གྱི་ནུས་ཤུགས་རྣམས་བདེ་འཇགས་ཡོང་ཐབས་སུ་བེད་སྤྱོད་གནང་གི་འདུག ང་ཚོ་བོད་ཀྱི་ཐད་བོད་མི་ཚོས་རང་ཉིད་ཀྱི་གནས་སྟངས་སྲུང་སྐྱོབ་ཐུབ་ངེས་ཡོད་པར་བརྟེན། སྲིད་འཛིན་ནས་ཐག་རིང་འདི་ཕྱོགས་བློ་གཡེང་སེམས་ཚབས་ནམ་ཡང་གནང་མི་དགོས། བོད་མི་ཚོས་དབུས་གཞུང་ལ་དགའ་མོས་མི་བྱེད་པའི་རྒྱུ་མཚན་ནི་རྒྱ་མིའི་དམག་མི་ཚོས་ཁོང་ཚོར་སྡུག་སྦྱོང་ཚད་མེད་བཏང་བར་བརྟེན་ཁོང་ཚོའི་ཁོང་ཁྲོའི་མེ་ལྕེ་ཆེས་ཆར་འབར་བ་རེད། དཔེ་མཚོན་དུ་བྱས་ན་རྒྱ་མིའི་དམག་དཔུང་གིས་བོད་ནང་དགོན་སྡེ་དང་། ལྷ་ཁང་ཇི་ཙམ་མེར་བསྲེགས་དང་གཏོར་བཤིག་བཏང་རུང་། སྐབས་དེར་རྒྱ་ནག་གི་འགོ་ཁྲིད་ཚོས་གང་ཡང་བྱེད་ཐུབ་མེད། དེས་ན་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་མི་བྱེད་པ་ཅི་ལ་སྲིད།”༡༽ ཅེས་གསུངས་ཡོད།
བཀའ་ཡིག་དེའི་ནང་ནས་ཤེས་ཐུབ་པ་ནི། རྒྱ་ནག་མི་སེར་རྒྱལ་ཁབ་ལ་དབུས་གཞུང་ཞེས་པའི་ཚིག་བེད་སྤྱོད་བཏང་ཡོད་པ་དང་། རྒྱ་ནག་གཞུང་གསར་ཚུགས་ཡིན་པའི་རྒྱུ་མཚན་འོག་འདི་ཕྱོགས་སུ་བློ་གཡེང་སེམས་ཚབས་གནང་མི་དགོས་ཞེས་པ་ལས། ད་ལྟ་རང་བཙན་གྱི་རྒྱལ་ཁབ་སོ་སོ་བ་གཉིས་ཡིན་པ་དང་། ཡང་ན། བོད་དེ་ལོ་རྒྱུས་ནང་རང་བཙན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་ལ་བོད་ཕྱོགས་སུ་ཐོབ་ཐང་མེད་པའི་ཐ་ཚིག་བསྒྲགས་པ་སོགས་གང་ཡང་བྱས་མི་འདུག
ཡང་། Secret correspondence of the Thirtennth Dalai Lama to AgvanDorzhievཞེས་པའི་ནང་། ཕྱི་ལོ་ 1913 ལོའི་ནང་དུ་བོད་ནས་རུ་སུར་བཏང་བའི་གྱི་གསང་བའི་ཡིག་འཕྲིན་ཨང་རྟགས་ OF 18579 ཅན་དུ།“དེང་སྐབས་རྒྱ་ཡུལ་གོང་མ་རྟཱ་ཙུང་ཡོན་ནས།༸གོང་ས་༸སྐྱབས་མགོན་ཆེན་པོར་རུས་ཚོ་ལྔ་བོ་གཅིག་གྱུར་གྱིས་རྒྱ་བོད་དམག་ཟིང་མེད་པའི་མཐུན་འགྲིག་དགོས་ལུགས་དང་། སི་ཁྲོན་ཡུལ་ནའི་རྒྱ་དམག་བོད་གཏོང་མི་ཆོག་པའི་བཀོད་ཁྱབ་ཟིན་དོན་ཞིབ་འཕྲོས་བྱེད་པོ་ཆབ་མདོར་གཏོང་དགོས་གློག་སྐུད་ཐེང་མང་ཕུལ་འབྱོར་ལ་ཆབ་མདོར་ཞི་ཕྲོས་བྱས་ཚེ་ས་གནས་གལ་ཆེར་བརྟེན་སླད་ས་མཚམས་སུ་ངོས་འཛིན་དང་རྐུན་ཇག་ཡོད་མུས་ནས་ཧང་བཤེད་བྱེད་གཞི་སོགས་སྐྱོན་ཚོགས་ཆེ་གཤིས་རྒྱ་གར་རྡོ་གླིང་རང་དུ་དཔོན་རིགས་འཕྲལ་གཏོང་ཡོད་པ་ཞེས་གློག་སྐུད་ཡང་ནན་སྩལ་མུས་ཡིན་པ་དང་”༢༽ ཞེས་བཀོད་ཡོད།
བརྗོད་ཚིག་དེ་དག་ལས་སྐབས་དེར་མི་སེར་རྒྱལ་ཁབ་ནས་རུས་ཚོ་ལྔ་བོ་གཅིག་དང་མཐུན་འགྲིག་དགོས་ལུགས་དང་། རྒྱ་དམག་བོད་དུ་མི་གཏོང་རྒྱུའི་བཀོད་ཁྱབ་ཟིན་པ། ཞིབ་ཕྲའི་གནད་དོན་གྲོས་མོལ་བྱེད་དུ་ཆབ་མདོར་ཡོང་དགོས་པ་ཐེངས་མང་གློག་འཕྲིན་བཏང་ཡོད་པ་དང་། བོད་གཞུང་ཕྱོགས་ནས་དེ་དག་ཐོག་གྲོས་མོལ་བྱེད་མཁན་རྡོ་གླིང་དུ་གཏོང་རྒྱུར་ནན་ཏན་བྱེད་བཞིན་པ་ལས་བོད་རང་བཙན་དང་ཡང་ན་རྒྱ་ནག་གི་རུས་ཚོ་ལྔ་གཅིག་གྱུར་གྱི་གྲོས་གཞི་དེར་མི་འདོན་པའི་སྐོར་གང་འཁོད་མེད་པ་རེད།
ཡང་། Secret correspondence of the Thirtennth Dalai Lama to AgvanDorzhievཞེས་པའི་ནང་། ཕྱི་ལོ་ 1913 ལོའི་ནང་དུ་རུ་སུར་བཏང་བའི་གསང་བའི་ཡིག་འཕྲིན་ཨང་རྟགས་ OF 18579 ཅན་དུ།” རྟཱ་ཙུང་ཐུང་ལ་བབས་ལྷིངས་གང་ཆེའི་ལན་འབུལ་མུས་དེ་ནས་ཀྱང་གོང་བཞིན་དོན་སོན་ཡོང་ཐབས་ཐོག་སླད་བོད་དུ་རྒྱ་མིས་ནང་དོན་ཐེ་བྱུས་གཏན་ནས་མི་ཆོག་པ་དང་རྒྱ་དམག་བཏང་མི་ཆོག་པའི་ཕྱི་རྒྱལ་ཁག་ལ་ཐབས་ཤེས་སོགས་རིམ་བཞིན་འཕྲོས་མོལ་དང་འབྲེལ་བས་དབྱིན་ཇི་ནས་བོད་དུ་སྐབས་སྦྱར་གྱི་རོགས་ཕན་ཤུགས་སྐྱེད་བྱེད་བདེ་ཡོང་བའི་རུ་སུ་རྒྱལ་ཁང་སོགས་ལ་གསུང་མོལ་ཟབ་བཅགས་ཀྱིས་འདིར་མུན་ནག་འདོམས་འཇལ་མི་དགོས་པར་རྒྱ་དབྱིན་ལ་འཕྲོས་གཏམ་ལྷུས་མཐིང་བྱེད་ལམ་བདེ་བའི་གནས་ཚུལ་ཞིབ་གསལ་ཡང་ཡོད་པར་འཚལ།” ༣༽ཞེས་འཁོད།
ཞིབ་ཏུ་བལྟས་ན་མཚན་ཞབས་རྡོ་རྗེ་ཡིབ་ལ་བཏང་བའི་གསང་འཕྲིན་འདི་ལས། སྐབས་དེར་བོད་ཀྱི་ཆབ་སྲིད་རྣམ་འགྱུར་ཐད་ཧ་ཅང་གཟབ་ནན་བྱེད་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ལའང་བབས་ལྷིང་གང་ཆེའི་གློག་ལན་འབུལ་མུས་ཐོག རུ་སུ་གཞུང་ནས་བོད་ལ་དབྱིན་གཞུང་གིས་རོགས་ཕན་བྱེད་པ་ལ་འགོག་རྐྱེན་མི་བཟོ་རྒྱུ་དང་། བོད་གཞུང་ནས་རེ་བ་གཙོ་བོ་གཉིས་བཟུང་ཡོད་པ་ལས། དང་པོ། རྒྱ་མིས་བོད་ཀྱི་ནང་དོན་(ནང་སྲིད)་ལ་ཐེ་བྱུས་གཏན་ནས་བྱེད་མི་ཆོག་པ་དང་། གཉིས་པ། བོད་ནང་རྒྱ་དམག་གཏང་མི་ཆོག་པ་ཞིག་བཟོ་རྒྱུ་དེ་ཙམ་ཞིག་རེད།
ལྔ་པ། རྩ་ཚིག་ནང་བོད་ལྗོངས་གནས་བབས་ཀྱི་སྐོར་ལ་རང་བཙན་གྱི་ཚིག་གཅིག་ཀྱང་བེད་སྤྱོད་གནང་མེད་པ་དང་། ཆུ་གླང་བཀའ་ཡིག་དེ་རང་བཙན་གསལ་བསྒྲགས་དང་ཐད་ཀར་འབྲེལ་བ་མེད་པ།
དེང་སྐབས་ན་གཞོན་འགའ་ཞིག་ནས་ཆུ་གླང་རྩ་ཚིག་དེ་བོད་རང་བཙན་གྱི་གསལ་བསྒྲགས་ཡིན་ཟེར་བ་དང་། ཡང་རེ་ཟུང་ནས་ཧ་ཅང་ཤེས་མདོག་གིས་རང་བཙན་བསྐྱར་ནན་གསལ་བསྒྲགས་ཡིན་ཞེས་མགོ་བོ་མཐོན་པོར་འཛིན་པ་དང་མིག་གིས་རྒྱང་ལ་ལྟ་ཁུལ་བྱེད་པའི་རྣམ་འགྱུར་སྟོན། འོན་ཀྱང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཡིན་ན། དེའི་ནང་མགོ་མཇུག་བར་གསུམ་དུ་རང་བཙན་གྱི་ཚིག་གཅིག་ཀྱང་མེད་པ་གང་ཡིན་ནམ། ལྷག་ཏུ་ཆུ་གླང་ལོའི་ལོ་རྗེས་མ་ཤིང་སྟག་ལོར་སིམ་ལར་ཇི་ལྟར་བྱས་ཏེ་བོད་གཞུང་སྐུ་ཚབ་ནས་མིང་ཙམ་གྱི་རྒྱ་མིའི་མངའ་ཁོངས་ཡིན་པ་ཁས་ལེན་དང་། བོད་ཕྱི་ནང་གཉིས་བཟོས་བ་ལ་མིང་རྟགས་དང་ཐམ་ཀ་ཕབ་དགོས་དོན་གང་ཡིན་ནམ།
ལྷག་པར་དུ་སིམ་ལའི་ཆིངས་འཇོག་སྐུ་ཚབ་གཙོ་བོ་བཀའ་བློན་བཤད་སྒྲ་བ་རྒྱ་གར་ནས་ཕྱིར་འཁོར་མཚམས། རྩེ་ནས་ཕྱག་དབང་ཇ་གྲལ་དང་། བཀའ་མཆིད་ཞིབ་ལྷུགས། དངུལ་དངོས་ཀྱི་ལེགས་སྐྱེས་བཅས་དགྱེས་བརྩེ་ཆེན་པོས་བསྩལ་བ། བཤད་སྒྲའི་སྲས་ཕུན་ཚོགས་སྟོབས་རྒྱལ་ལ་མདའ་དཔོན་གྱི་གོ་གནས་སྤྲད་པ། བོད་ཀྱི་སྐྱབས་མགོན་ཐུབ་བསྟན་རྒྱ་མཚོ་སྐུ་དངོས་ཀྱིས་བཤད་སྒྲས་གསོལ་བ་བཏབ་པ་བཞིན་རིགས་གསུམ་ལྷ་ཁང་དུ་དམ་ཅན་ཆོས་རྒྱལ་གྱི་སྣང་བརྙན་གསར་བཞེངས་ལ་གཟུངས་འབུལ་དང་རབ་གནས་མཛད་པ་སོགས་ངོ་སོ་ཆེ་མཐོང་འདི་ལྟར་སྤྲད་དགོས་པའི་རྒྱབ་ལྗོངས་ནི། སྐབས་དེར་སིམ་ལའི་ཆིངས་དོན་ལ་༸གོང་ས་མཆོག་དང་བཀའ་ཤག་ནས་བོད་གཞུང་གི་གཞི་རྩའི་རྩ་དོན་དང་ལངས་ཕྱོགས་ཐད་ཁེ་ཕན་ཆེན་པོ་ཐོབ་ཡོད་པར་ངོས་འཛིན་གྱི་རྣམ་འགྱུར་གསལ་སྟོན་བྱས་པ་ཞིག་ལས། བོད་མིང་ཙམ་གྱི་རྒྱ་ཁོངས་སུ་ཁས་ལེན་དང་ཨམ་བན་ལྷ་སར་སྡོད་རྒྱུ། བོད་ས་དུམ་གཅོད་བྱས་པ་སོགས་ཀྱི་ཕམ་ཉེས་ཆེན་པོ་ཞིག་བྱུང་བར་བློ་ཕམ་དང་སྐྱོ་གདུང་གི་རྣམ་འགྱུར་གང་ཡང་བསྟན་མེད་པ་འདིས། སྐབས་དེར་བོད་ལ་བསྐྱར་དུ་རང་བཙན་གྱི་གནས་བབས་ཤིག་དོན་དམ་དུ་རྩོད་རྒྱུའི་སེམས་ཤུགས་མེད་པ་དང་། བོད་ཀྱི་མངའ་ཁོངས་ཆ་ཚང་བ་གཅིག་སྒྲིལ་ཡོང་ཐབས་ལ་ནན་ཏན་གཏན་ནས་བྱེད་ཀྱི་མེད་པའི་ཁུངས་བརྟོལ་ཡོད།
གཞན་ད་དུང་། རང་བཙན་བསྒྲགས་གཏམ་ནང་དུ་རང་བཙན་ཟེར་བ་དང་། བོད་རྒྱལ་ཁབ་ཟེར་བ། བོད་རྒྱལ་ཁང་གི་༸གོང་མའམ་རྒྱལ་པོ། ཡང་ན་སྲིད་འཛིན་གྱི་མིང་གང་ཡང་བེད་སྤྱོད་བཏང་མེད་པ། རྩ་ཚིག་ཁོ་རང་མགོ་ནས་མཇུག་བར་ཆབ་སྲིད་དང་ཁ་བྲལ་ནས་བོད་ནང་གི་གཙུག་ལག་ཁང་དང་དགོན་སྡེ། འཛུགས་སྐྲུན་རྐྱང་པའི་སྐོར་གླེང་དགོས་དོན་གང་ཡིན་ནམ། གནད་དོན་དེས་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཤིག་མ་ཡིན་པར་མ་ཟད། རང་བཙན་དང་འབྲེལ་བ་མེད་པ་གསལ་བཤད་བྱས་པ་རེད།
གཞན་དུ་བོད་རང་བཙན་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་རྩིས་དཔོན་ཞྭ་སྒབ་པས་ཀྱང་རྩ་ཚིག་དེ་ཐད་ཀར་དུ་རང་བཙན་གསལ་བསྒྲགས་ཤིག་ཏུ་ངོས་ལེན་གནང་མེད་པར། “ལྷ་སར་ཕྱིར་ཕེབས་གྲུབ་འཕྲལ་བོད་ལྗོངས་ཡོངས་ཀྱི་མི་དམངས་སེར་སྐྱ་ཚང་མར་སྤང་བླངས་བྱེད་སྒོའི་སྦུག་དམ་རྩ་ཚིག་ཅིག་ཡོངས་གྲགས་གནང་འདུག བོད་མི་རྣམས་ཀྱིས་རྩ་ཚིག་འདི་དང་། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཡོན་ཤི་ཁས་ནས་མཚན་གནས་ཕུལ་བ་མ་བཞེས་པ་དེ་གཉིས་ཀྱིས་བོད་རང་བཙན་ཡིན་པའི་གཞུང་ཐོག་ནས་དམིགས་བསལ་དྲིལ་བསྒྲགས་གནང་བར་ཆ་འཇོག་བྱེད་ཀྱི་ཡོད་པ་རེད།” ༤༽ ཅེས་དངོས་སུ་མ་ཡིན་པར་བརྒྱུད་པའི་སྒོ་ནས་ཆ་འཇོག་ཟེར་བའི་ཚིག་ཉམས་ཆུང་དང་ལྷོད་པོ་ཞིག་བེད་སྤྱོད་ཀྱི་ཐབས་ལམ་ལ་ཨུ་ཚུགས་བྱེད་དགོས་ཆགས་ཡོད།
དྲུག་པ། རྒྱལ་བ་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་མན་ཇུ་གོང་མའི་བར་གྱི་འབྲེལ་ལམ།
བོད་རྒྱའི་གནའ་རབས་ཀྱི་མཐུན་ལམ་བསྐྱར་གསོ་དང་ཛ་དྲག་གི་དཀའ་རྙོག་དང་དམག་འཁྲུག་སེལ་སླད་དུ་༸རྒྱལ་དབང་བཅུ་གསུམ་པ་མཆོག་ནི་མན་ཇུའི་༸གོང་མ་དང་ཐད་ཀར་འབྲེལ་ལམ་འཛུགས་པ་དང་། དངོས་མཇལ་བྱེད་པ། གནད་དོན་མང་པོ་གཏུག་བཤེར་དང་། རྒྱ་ནག་ཏུ་དོན་གཅོད་འཛུགས་པ། སྐུ་དངོས་ཀྱིས་གློག་འཕྲིན་བཏང་བ་ཆེས་མང་ཤོས་ཀྱི་བོད་ཀྱི་ལོ་རྒྱུས་མི་སྣ་ཞིག་ཡིན།
འདིར་དཔེར་མཚོན་ཙམ་བཀོད་ན། ཁོང་གི་སྐད་གྲགས་ཆེ་བའི་ཆུ་སྤྲེལ་ཞལ་གདམསས་སུ།“རང་ལོ་བཅོ་བརྒྱད་ལ་བབས་མཚམས། སྔར་སྲོལ་ལ་བསྙད་པའི་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་ཁུར་ཐོག་ཏུ་བབས་པ་ན། རང་ལ་ཆོས་སྲིད་གང་ཐད་ནས་མྱོང་གོམས་ཤེས་ཡོན་དམན་ཡང་། ལྷ་སྡེ་མི་སྡེས་སྤྱི་ཞུས་དང་། གནམ་བསྐོས༸གོང་མ་ཆེན་པོའི་བཀའ་ལུང་སྤྱི་བར་ནོད་པས་ཁུར་བླངས་ཏེ།” ༥༽ཞེས་དང་། ཡང་དེར། ”ངལ་བ་ཁྱད་གསད་ཀྱིས་བྱང་འགྲིམ་རྒྱ་སོག་ཡུལ་གྲུ་བརྒྱུད་པེ་ཅིང་གསེར་གྱི་རྒྱལ་ཁབ་ཆེན་པོར་༸གོང་མ་ཡུམ་སྲས་མཇལ་འཕྲད་བཀུ་གཟོས་བདག་རྐྱེན་ཚད་མེད་གནང་ཡང་།” ༦༽ཞེས་འཁོད།
རྣམ་ཐར་ཆེན་མོ་གླེགས་བམ་སྟོད་ཆ་རུ། ”༸གོང་ས་མཆོག་ཕྱོགས་དེར་མཆོད་འོས་གཅིག་པུར་བཟུང་སྟེ་མཆོག་དམན་མཐའ་དག་གིས་སྲིད་ཞུ་ལྷུར་ལེན་པ་དང་། གདམས་ངག་དང་། རྗེས་བསྟན་ཞུ་བ་སོགས་མཛད་འཕྲིན་དང་། སྙན་གྲགས་ཕྱོགས་ཀུན་ཏུ་རྒྱས་པ་ལ་རྗེ་བཙུན་དམ་པ་ཧོ་ཐོག་ཐུ་ནས་སྙིགས་དུས་ཀྱི་སྐྱེས་བུ་ཕལ་བའི་ངང་ཚུལ་དང་བསྟུན་ཏེ་ཅུང་མ་རངས་པའི་རྣམ་པ་དང་། ཐ་དད་འགྱུར་བའི་ཚུལ་གྱིས་བཞུགས་ཁྲི་སྟོར་བཤིག་དང་། སྐུ་མདུན་དུའང་ཐ་མ་ཁ་བཞེས་པ་སོགས་ལུགས་གཉིས་དང་མི་མཐུན་པའི་གྲུབ་སྤྱོད་ཡ་མ་ཟུང་སྣ་ཚོགས་ཀྱིས་ས་གསུམ་རྣམ་འདྲེན་དམ་པ་ཙུ་ཏའི་ཡུལ་གྱི་རྐང་གཉིས་ལྟར་རས་བོར་བརྙས་མཛད་པར་བརྟེན། ཆིན་ཁྲལ་ཨམ་བན་ བརྒྱུད་གནམ་བསྐོས་བདག་པོ་ཆེན་པོར་སྙན་སྒྲོན་དང་། འབྲེལ་རྩ་འཛིན་མཇུག་གནོན་གནང་ཉེའི་མཚམས་ཁལ་ཁ་རྒྱལ་ཁག་བཞི་དང་། ཞབས་གྲས་རྣམས་ནས་རང་ཉེས་ངོས་བླངས་དགོངས་སེལ་རིམ་ཞུས་མཐར།”༧ ༽ ཞེས་དང་། རྣམ་ཐར་ཆེན་མོ་གླེགས་བམ་སྨད་ཆ་རུ།” ད་ནས་བཟུང་བོད་དོན་གལ་ཆེའི་རིགས་ཏཱ་ལའི་བླ་མ་ཉིད་རང་ནས་གསེར་སྙན་སྒྲོན་ཆོག་པ་དང་། དེ་མིན་བོད་བཞུགས་ཨམ་བན་དང་། བོད་ཕྱོགས་མཉམ་སྦྲེལ་གྱིས་གསེར་སྙན་ཕུལ་ཆོག་པ།” ༨༽ཞེས་འཁོད།
ཡང་ལྕགས་ཕག་ཕྱི་ལོ་ ༡༩༡༡་ལོར་ལོའོ་རྡོ་ཐལ་ལ་བསྩལ་བའི་སྦུག་དམ་བཀའ་ཡིག་ཏུ། ” ཤིང་འབྲུག་བོད་ཕྱི་འཁྲུག་སྐབས་ཀྱང་༸རྒྱལ་ཁབ་གཞན་ལ་རེ་ལྟོས་མ་བགྱིས་པར་པི་ཅིང་དུ་ཞུ་དོན་ལ་བསྐྱོད་དེ་༸གོང་མ་ཡུམ་སྲས་མཇལ་འཛོམས་ཐོག་ལུགས་མཐུན་གང་ཡོང་ཞུས་པར་གཟིགས་བསྐྱངས་བཀའ་བཞེས་བཟང་ཞིང་“ཞེས་དང་། ཡང་། ”བོད་མིས་༸གོང་མ་ཆེན་པོར་རྒྱབ་གཏོད་ཞུ་སེམས་དངོས་གནས་ཡོད་ཚེ་སྐབས་དེར་ཨམ་བན་དཔོན་འཁོར་ཉུང་བསྡུས་མི་ཐུབ་པ་ཅི་ཡོད་མེད་ཚང་མས་ཤེས་གསལ་དེ་ལྟར་རུང་། ཕྱི་ཆར་སྲུང་བཀག་ཙམ་ལས། ནང་དོན་༸གོང་མ་ཆེན་པོ་དགོངས་འགལ་གྱུར་དོགས་སྲིད་བློན་ལས་བྱེད་རྣམས་ནས་ཐལ་ཆ་མི་ཆོག་པའི་བཀའ་མངགས་ཐོག ”ཅེས་དང་། ཡང་དེར། “ངོས་ནག་ཆུར་འབྱོར་པ་ནས་བཟུངས་ཨམ་བན་ལ་རྒྱ་བོད་ཁྱིམ་གཅིག་ལྟ་བུའི་གནས་སུ་གསར་སྤྲོས་རིགས་མ་དགོས་པའི་དགེ་སྐྱོན་གསེར་སྙན་སྒྲོན་འབུལ་དགོས་པའི་ཝང་ཤུ་དམ་འབྱར་ཁ་ཤས་བཏང་རུང་།” ༩༽ཞེས་འཁོད།
ཡང་དེར།“སྔོན་ཀ་ལ་ཀ་ཏར་པེ་ཅིང་ཝལ་ཝུ་པུར་ལྕགས་སྐུད་བརྒྱུད་ནས་བོད་དུ་གསར་སྤྲོས་དམག་དཔུང་གཏོང་གནང་མ་དགོས་པའི་སྐོར་ཐེངས་བདུན་ཞུས་ཀྱང་འབྱོར་ལན་ཙམ་མེད་པའི་བདག་མེད་འལ་འོལ་བཅས་” ༡༠༽ཞེས་འཁོད།
དཔེ་མཚོན་འདི་དག་ལས་ང་ཚོས་སྐབས་དེ་དག་གི་གནས་ཚུལ་ཁ་ཤས་བསྔོག་འདོན་མ་དགོས་ན་ཁེ་ཕན་ཆེ་བ་ཡོད་པ་གོ་ན་སྤྱང་གྲུང་ཅན་གྱི་རྣམ་འགྱུར་མ་ཤོར་ཙམ་ཡོང་ཐུབ།
མཇུག་གཏམ།
བོད་དེ་གཞི་རྩའི་ཆ་ནས་ལོ་རྒྱུས་ནང་རང་བཙན་གྱི་རྒྱལ་ཁབ་བསྙོན་མེད་ཅིག་ཡིན་པ་ནི་དངོས་ཡོད་ཅིག་རེད། ཡང་དུས་རབས་བཅོ་བརྒྱད་པའི་མཇུག་ནས་བོད་ཀྱི་ལོ་རྒྱུས་ལ་གཡོ་འགུལ་ཚབས་ཆེན་ཐེབ་མྱོང་བ་དང་། རང་བཙན་གྱི་གནས་བབས་དེ་སྐབས་རེ་མི་གསལ་བའི་རྣམ་པར་སྦས་པ་དང་། ཡང་སྐབས་རེ་རྙོག་འཛིང་གི་ངོ་བོར་གྱུར་པ་སོགས། དུས་རབས་མི་འདྲ་བའི་ནང་འགྱུར་ལྡོག་སྣ་མང་གི་གོ་རིམ་བརྒྱུད་དགོས་བྱུང་ཡོད་ཀྱང་། བོད་དེ་རུ་ དབྱིན་དང་རྒྱ་དཀར་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན་པའི་ཐད་ཁུངས་ལུང་ཚད་ཐུབ་ཀྱི་ལོ་རྒྱུས་ཡིག་ཚགས་དང་རྒྱུ་ཆ་ཧ་ཅང་ཕྱུག་པོ་རེད།
འོན་ཀྱང་ལོ་རྒྱུས་ཀྱི་ཤེས་རབ་དང་དང་མི་ལྡན་མཁན་ཚོས་རྫུན་དང་འུད་བརྗོད་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱུང་བ་གླེང་བ་ནི། བོད་ཀྱི་ལོ་རྒྱུས་ལ་ཁུངས་ལུང་དང་རྩ་འཛིན་གྱི་གཞི་རྟེན་མེད་པའི་སྒྲུབ་བྱེད་ཀྱི་ལག་ཆར་འགྱུར་ངེས་པ་མ་ཟད། དངོས་ཡོད་ལོ་རྒྱུས་དང་ཡིག་ཚགས་གལ་ཆེན་ཁག་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་རྒྱུའི་ཉེན་ཁ་བཟོ་བཞིན་པ། དེ་བཞིན་ལོ་རྒྱུས་མཁས་དབང་མི་སྣ་ཆེ་ཁག་(མཁར་རྨེའུ་བསམ་གཏན་རྒྱ་མཚོ་དང་། ཆོས་རྒྱལ་ནམ་མཁའི་ནོར་བུ་ལ་སོགས་པ་ལྟ་བུ།)མང་པོ་ཞིག་ཡོད་བཞིན་པའི་གོ་སྐབས་བཟང་པོ་དེ་འཕྲོ་བརླག་ཏུ་གཏོང་རྒྱུའི་ཉེན་ཁ་བཅས་ལ་བསམ་གཞིགས་བྱེད་ཐུབ་དགོས།
ལྷག་པར་དུ་མི་སྣ་མང་པོ་ཞིག་(འཇམ་ནོར་དང་ཀླུ་བྱམས་ལྟ་བུ)ལོ་རྒྱུས་ཀྱི་ཤེས་ཡོན་ཅན་མ་ཡིན་པར་ཆབ་སྲིད་ལས་འགུལ་བ་ཡིན་པ་དང་། ཁྱེད་ཚོའི་དམིགས་དོན་ལོ་རྒྱུས་གནད་དོན་རྟོག་ཞིབ་བྱེད་རྒྱུ་མ་ཡིན་པར་གསར་འགྱུར་གྱི་དར་ཆ་སྣ་ཚོགས་བཟུང་སྟེ་ཚོགས་ཁག་གཞན་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་རྒྱུའི་གོ་སྐབས་རྩོད་བཞིན་པའི་བྲེལ་ཟིང་དུ་ལྷུང་ཡོད་པ་དེ་བདེན་པ་དང་མི་ཆོས་གཉིས་ཐད་ནས་ཚུལ་ལྡན་ཞིག་མ་རེད།
མདོར་བསྡུས་ནས་བཤད་ན། བོད་དེ་ལོ་རྒྱུས་སྟེང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ་དང་ར་སྤྲོད་ཆ་ཚང་བ་དང་གོ་རིམ་ལྡན་པ་ཞིག་མི་བྱེད་པར། ལེ་ལོ་དང་ཉི་ཚེའི་ཅོལ་གཏམ་ཁོ་ན་བརྟེན་ནས་འཁང་ར་བྱེད་པ་དང་། ལོ་རྒྱུས་ཀྱི་ཆ་ཤས་དང་ཟུར་སྣེ་ཧ་ཅང་གི་ཆུང་ངུ་རེར་འུད་བརྗོད་དང་སྒྲོ་འདོགས་ཀྱི་ཁ་ཆེ་བ་དང་ཁ་མང་བའི་རྣམ་འགྱུར་གྱིས་ང་རྒྱལ་ལྷོད་སྡོད་ཀྱི་དུས་ཚོད་སྐྱེལ་ཐབས་ཁོ་ན་ལ་གཡེང་བ་འདིས། མཐར་གཏུགས་ན། ལོ་རྒྱུས་ཡིག་ཚགས་དང་རྒྱུ་ཆ་ཡག་པོ་ཡོད་པའི་སྐབས་དང་། ལོ་རྒྱུས་མཁས་དབང་མི་སྣ་མང་པོ་ཞིག་དངོས་བཞུགས་ཡོད་པའི་སྐབས། ལོ་རྒྱུས་ཀྱི་གལ་ཆེའི་གནད་དོན་མང་པོ་ཞིག་གསེལ་དཀྲོལ་བྱེད་དགོས་པའི་སྐབས་འདིར། རྩོད་ཀ་ནང་དུ་གཏད་པ་དང་ཞིབ་འཇུག་དང་ཤེས་ཡོན་ཅན་མཐོང་མེད་དུ་བཞག་སྟེ་སྐད་ཅོར་ཁོ་ནས་གོ་ཆོད་པར་བྱས་ཏེ་སྒྱིད་ལུག་བྱེད་པ་ལ། བདག་གློ་བ་མ་དགའ་བ་དང་ལོ་རྒྱུས་ཀྱི་རྒྱུ་མཚན་མང་པོ་ཞིག་སྣང་མེད་གཡུག་པ་དང་། ལོ་རྒྱུས་ལ་ཆབ་སྲིད་ཚོགས་ཁག་གི་རང་འདོད་འོག་བཟོ་བཅོས་དང་འགྲེལ་ལོག་བྱེད་པ་འདིས་ཕྲན་ལ་ཚོར་སྣང་མ་བདེ་བ་བྱུང་བས། ཁྱེད་ཚོར་ལོ་རྒྱུས་ཐོག་རང་བཙན་སྒྲུབ་ན་ངེས་པར་དུ་ལོ་རྒྱུས་མཁས་པར་བརྟེན་དགོས་པ་དང་། འགྲོ་སོང་ས་ཡ་མང་པོ་གཏོང་ཐུབ་པར་བྱས་ཏེ་དངོས་ཡོད་ལོ་རྒྱུས་འཚོལ་ཞིབ་དང་ཁས་ལེན་གྱི་ཐག་གཅོད་དང་བློས་གཏོང་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་ཙམ་དུ་ཤར་མར་དུ་བྲིས། ཡུལ་གངས་ཅན་པའི་སྲས་ལྡན་མ་རྩེ་མང་དུ་འབོད་པ་ནས་གཟའ་ཕུར་བུའི་ཉིན་རྒྱབ་ཏུ་སྤེལ་བ་ཛ་ཡནྟུ།།
ཟུར་མཆན།
༡༽ བོད་ཀྱི་གནས་བབས།བོད་གཞུང་ཤེས་རིག་ལས་ཁུངས་ནས་རྩོམ་བསྒྱུར་དང་། ཕྱི་ལོ་ ༡༩༨༩ ལོར་བོད་གཞུང་བཀའ་ཤག་ནས་འགྲེམས་སྤེལ་བྱས། ཤོག་ངོས-81
༢༽ From Tibet Confidentilly Library Of TIBETAN Works And Archives 212 PP-107
༣༽ From Tibet Confidentilly Library Of TIBETAN Works And Archives 212 PP-107
༤ ༽ BOD KYI SRID DON RGYAL RABS AND ADVANCED POLITICAL HISTORY OF TIBET BY TSEPON W.D. SHAKABPA VOLUME II-pp-219
༥ ༽ བརྟན་བཞུགས་བསྟར་འབུལ་ཞུས་པའི་བྱུང་རིམ་སྙིང་བསྡུས། གཞུང་ཞབས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་། ཕྱི་ལོ་ ༢༠༡༡ ལོར་འགྲེམས་སྤེལ་བྱས།ཤོག་ངོས-116-117
༦ ༽ བརྟན་བཞུགས་བསྟར་འབུལ་ཞུས་པའི་བྱུང་རིམ་སྙིང་བསྡུས། གཞུང་ཞབས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་། ཕྱི་ལོ་ ༢༠༡༡ ལོར་འགྲེམས་སྤེལ་བྱས།ཤོག་ངོས-117
༧ ༽ རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་དྲུག་པ། རྣམ་ཐར་ཆེན་མོ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་གླེགས་བམ་སྟོད་ཆ། རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་མཛད། ཞོལ་པར་ཁང་ནས་པར་དུ་བསྐྲུན། ཤོག་ངོས– 412-413
༨ ༽ རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་བདུན་པ། རྣམ་ཐར་ཆེན་མོ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་གླེགས་བམ་སྨད་ཆ། རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་མཛད། ཞོལ་པར་ཁང་ནས་པར་དུ་བསྐྲུན། ཤོག་ངོས– 60-61
༩ ༽ རྩིས་དཔོན་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་གླེགས་བམ་སྨད་ཆ། པར་ཐེངས་གསུམ་པ།ཤོག་གྲངས-186-187
༡༠ ༽རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་བདུན་པ། རྣམ་ཐར་ཆེན་མོ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་གླེགས་བམ་སྨད་ཆ། རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་མཛད། ཞོལ་པར་ཁང་ནས་པར་དུ་བསྐྲུན། ཤོག་ངོས-93
༡༣ ། ༢ ། ༢༠༡༣
ལོ་རྒྱུས་ཀྱི་གནས་ཚུལ་གལ་ཆེན་ཞིག་ལོ་རྒྱུས་ཀྱི་ཤེས་བྱེད་ལྡན་པའི་འགྲེལ་བརྗོད་གནང་བ་དུས་ཐོག་ཆར་བ་རེད་་་་་་།
ད་འདི་ལ་ཡ་ལན་ཡག་པོ་རེ་མ་བྱུང་ཚེ་་་ཁྱབ་བསྒྲགས་ཤར་བསྒྲགས་ནུབ་བསྒྲགས་བྱེད་མཁན་ཚོའི་རང་གི་རྐང་བ་འཛུགས་ས་དེ་ཤོར་འདུག་་་་་
རང་བཙན་རྩོད་པ་ལ་ནི་སུ་ཞིག་གིས་རྒོལ་ཡང་་་་རྩོད་སྟངས་དེ་དུས་ནམ་ཡང་མིག་རྒྱང་ཐུང་བ་དང་་་་་དམིགས་འབེན་ནོར་བ་་་་་་བྱེད་དགོས་པ་ཞིག་མི་བྱེད་ཅིང་་་་བྱ་མི་དགོས་པ་ཞིག་རྟག་ཏུ་བྱེད་མཁན་དག་གི་རྫུན་ཁུངས་དང་ལབ་རྐུབ་མ་བརྟོལ་ཚེ་་་་་་་དེ་ནི་ཁོང་ཚོ་ལ་བསམ་ཤེས་བྱས་པ་ཞིག་ཏུ་མི་འགྱུར་བར་་་ལོ་རྒྱུས་དང་སྤྱི་ཚོགས་ལ་འགན་མ་ཁུར་བ་ཞིག་ཏུ་འགྱུར་ཉེན་ཆེ་བའི་སྐབས་འདིར་་་་སྐུ་ཉིད་ཀྱི་ཆེད་རྩོམ་ལ་མངོན་བསྟོད་ཡང་ཡང་ཞུ་འདུན་བྱུང་་་་་།
དཔེ་ཡག་པོ་གསུངས་འདུག་བརྒྱ་ཆ་བརྒྱ་ནས་ཉིང་བརྒྱ་ཐམ་པ་རྒྱབ་སྐྱོར་གཙང་མ་ཡོད།
རྒྱབ་སྐྱོར་ཡོད་ལགས།
ཡང་གླེང་རྙོག་མེད་ས་ཞིག་ནས་གླེང་རྙོག་བཟོ་དགོས་པའི་རྒྱུ་མཚན་ཞིག་གསུངས་རོགས།
རྡོག་རྡོག་བཤད་ན་བོད་རང་བཙན་ཟེར་བའི་ཚིག་འདི་བསྡུ་གསོག་རྒྱགས་དགོས་པ་ཞིག་བཤད་ཀྱི་ཡོད་པ་རེད་པཱ།
དུས་རབས་འདིར་རང་གི་ལྟ་བ་དང་ལངས་ཕྱོགས་བཤད་མི་ཆོག་པའི་རྒྱུ་མཚན་ཅི་རེད།
རང་ཉིད་གཅིག་པུ་མ་གཏོག་བོད་ཀྱི་་ལོ་རྒྱུས་ལ་བརྒྱུས་མངའ་མེད་མདོག་གིས་ལྟ་བ་ནམ་མཁར་ལྡིང་བསྐོར་རྒྱགས་པའི་ལམ་ལུགས་འདི་ཡག་རྟགས་ཅིག་མ་རེད།
འོ་ན་མཁར་རྨེའུ་ཡི་ཁ་དེ་རང་དབང་ལ་གཏད་ཡོད་པ་རེད་ཡང་ན་བཙན་དབང་ལ་གཏད་ཡོད་པ་རེད། ནམ་མཁའི་ནོར་བུའི་ཀླད་པ་དེ་ལྷ་ཆོས་རིང་ལུགས་ཀྱི་ཀླད་ནད་ཀྱིས་ཟིན་ཡོད་པ་རེད་ཡང་ན་ཟིན་མེད་པ་རེད། བྱས་ཙང་གང་ཟག་འདི་གཉིས་ཆབ་སྲིད་ཀྱི་མི་སྣ་རེད་ཡང་ན་ཆོས་ལུགས་ཀྱི་མི་སྣ་ཞིག་རེད། ཡང་བོད་ཀྱི་གདོད་མའི་ས་ཐོག་གི་ལོ་རྒྱུས་དེ་ལྷ་སྒྲུང་ལ་བསྒྱུར་རྩིས་མ་རེད་ད།